གཡོན་ལག་གིས་བསྐྲུན་པའི་ངོ་མཚར་གྱི་མི་ཚེ།

དོན་གྲུབ་ཆོས་སྒྲོན་གྱིས་བྲིས། གཡུང་དྲུང་སྒྲོལ་མས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


གཡུང་དྲུང་སྒྲོལ་མ་ནི་ཕ་ཡུལ་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་ནས་ཡིན་ཞིང་། ད་ལྟ་ལྷ་སར་གཞིས་ཆགས་ཡོད། ཁོ་མོ་ཆུང་དུས་ནས་རི་མོར་དགའ་ཞེན་ཤིན་ཏུ་ཆེ་ཞིང་དུས་རྒྱུན་རི་མོ་སྣ་ཚོགས་ལ་དཔེ་ལྟ་བྱས་ནས་རང་སྦྱོང་བྱེད་པར་སྤྲོ། ཡིན་ཡང་ལོ་10ཡི་སྟེང་དུ་སྟབས་མ་ལེགས་པར་ཆག་སྒོ་ཆེན་པོ་ཞིག་གིས་ལག་གཡས་པ་མེད་དུ་གྱུར། ཡིན་ཡང་མོས་བར་ཆད་ཀྱི་མདུན་ནས་མགོ་བོ་མ་སྒུར་བར་འཚོ་བ་གསར་པ་ཞིག་འཛུམ་གྱིས་བསུས་ཤིང་། རང་ཉིད་ཀྱི་དགའ་ཕྱོགས་ལ་རྒྱུན་འཁྱོངས་བྱས་ནས་མི་ཚེའི་བློ་སྤོབས་དང་ཡིད་ཆེས་རྙེད།


མོས་ང་རང་ནི་དཀའ་ངལ་ཇི་ལ་འཕྲད་ན་དེ་ལྟར་འབད་བརྩོན་བྱེད་པའི་བུ་མོ་ཞིག་ཡིན་ཟེར་བ་ལྟར། མོ་རང་སྨན་ཁང་ནས་སྒོར་ཐོན་མ་ཐག་མུ་མཐུད་དུ་སློབ་གཉེར་གྱི་ལམ་ལ་ཞུགས།

2016ལོའི་ཟླ་6པར་མོ་རང་གི་ཐང་ག་བརྩམས་ཆོས་《འཇམ་དབྱངས།》ཞེས་པ་དེ་ཧྲང་ཧའེ་གྲོང་ཁྱེར་ཁྲང་ནིན་ཁུལ་དཔེ་མཛོད་ཁང་གི་དངོས་མིན་རིག་གནས་ཤུལ་བཞག་ཟླ་བའི་“མཚར་སྡུག་གི་རི་ཀླུང་། མཛེས་སྡུག་གི་ཐང་ག"་ཞེས་པའི་འགྲེམ་སྟོན་སྟེང་དུ་ལྷ་རིས་ཆེད་མཁས་པ་མང་པོ་དང་འཛམ་གླིང་མཛེས་རིས་སྒྱུ་རྩལ་མཁན་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད་བསྟོད་བསྔགས་ཀྱི་མེ་ཏོག་གཏོར། ད་དུང་《ང་དང་ཁོ།》ཞེས་པའི་བརྩམས་ཆོས་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་སྟོན་ཁང་གིས་ཉར་ཚགས་བྱས། 2017ལོར་རྔ་བ་ཁུལ་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་སྟེང་ཨང་དང་པོའི་བྱ་དགའ་ཐོབ། སི་ཁྲོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་སྟེང་དུ་མཛེས་རྩལ་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ།

ང་ཚོས་གཡུང་དྲུང་སྒྲོལ་མའི་མི་ཚེའི་འགྲུལ་བཞུད་ལས་རྟོགས་ཐུབ་པ་ནི་འབད་བརྩོན་ཅན་གྱི་མི་ལ་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་ལ། ཁོང་གི་སྨྱུག་རྩེ་ནས་འཁྲུངས་པའི་རི་ཆུ་དང་མི་སྣའི་རི་མོ་དེ་དག་ལས་ང་ཚོས་མཐོང་ཐུབ་པ་ནི་འབད་བརྩོན་ཅན་གྱི་ཁྱིམ་གཞིས་དྲོན་མོ་དེ་ལགས། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་བརྩེ་བ་ཟབ་མོ་ཡོད་ན་ད་གཟོད་གཞན་ལས་ཁྱད་དུ་འཕགས་པའི་ལས་དོན་བསྒྲུབ་ཐུབ། མི་ཞིག་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ཐོབ་ཐང་དང་གོ་གནས་ནི་གལ་ཆེན་མ་ཡིན་པར་འགྱུར་མེད་ཀྱི་སྙིང་སྟོབས་ནི་གནད་ཀྱི་དམ་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1