པོ་ལི་ཝེ་ཡ་རྒྱལ་ཁབ་ནི་གླིང་ཆེན་མེ་གླིང་ལྷོ་མའི་སྐམ་སའི་དབུས་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། དེའི་བྱང་རྒྱུད་དང་བྱང་ཤར་རྒྱུད་གཉིས་པར་ཙིར་དང་འབྲེལ་ཡོད་པ་དང་། ཤར་ལྷོའི་རྒྱུད་ནི་ཕ་ར་ཀུའེ་དང་ཁྱིམ་མཚེས་ཡིན། ལྷོ་རྒྱུད་ནི་ཨ་ཀེན་ཐིན་བར་འབྲེལ་ཡོད། ལྷོ་ནུབ་རྒྱུད་དང་ནུབ་བརྒྱུད་ནི་ཆི་ལི་དང་ཕེ་རུ་ལ་འབྲེལ་ཡོད་ལ། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1098581ཡོད་པ་དང་། ཕལ་ཆེར་རང་རྒྱལ་གྱི་ཐའེ་ཝན་ཞིང་ཆེན་གྱི་ལྡབ་30ཙམ་ཡིན་པར་མ་ཟད། པར་ཙིལ་དང་ཕེ་རུ། ཀྲི་ལི། ཨ་ཀེན་ཐིན། ཕ་ར་ཀུའེ་སོགས་དང་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཁྲིམས་བཅད་རྒྱལ་ས་ནི་སུ་ཁེ་རུ་ཡིན་ལ། དོན་དངོས་སུ་སྲིད་གཞུང་གི་གནས་ཡུལ་ནི་ལ་པ་སི་ཡིན། ལ་པ་སི་ནི་པོ་ལི་ཝེ་ཡའི་ས་མཐོའི་ཤར་རྒྱུད་ལ་པ་སིའི་ལུང་ཤུར་དུ་གནས་པ་དང་། ནུབ་ཏུ་ཕེ་རུ་དང་ཆི་ལིའི་འབྲེལ་མཚམས་སུ་ཡོད་ལ། ལྷོ་ནུབ་ནི་མཐོ་སྒང་ཡིན་པ་དང་། ཤར་ལྷོའི་རྒྱུད་ནི་རི་ཁུལ་ཡིན། ཤར་རྒྱུད་ནི་ཚ་ཁུལ་གྱི་ལུང་ཤུར་ཡིན་ལ། བྱང་རྒྱུད་ནི་ཡ་མ་སུན་གཙང་པོའི་འབབ་རྒྱུད་ཀྱི་མཐའ་ཁུལ་དུ་གནས་པའི་ནགས་ཚལ་ཁུལ་ཡིན་ཞིང་། མཚོ་ངོས་ལས་མཐོ་ཚད་སྨི3600ཟིན་པས་འཛམ་གླིང་སྟེང་ཆེས་མཐོ་བའི་རྒྱལ་ས་ཡིན། རྒྱལ་ཁབ་འདིའི་ནམ་ཟླ་ནི་གཙོ་བོ་ཚ་ཁུལ་ཕལ་བའི་ཆར་ནགས་ནམ་ཟླ་ཡིན་ལ། སྤྱི་དམངས90%ཙམ་ནི་གནམ་བདག་ཆོས་ལུགས་ལ་དད་པ་དང་། སི་ཕེན་གྱི་སྐད་བཤད་ཀྱིན་ཡོད།
དུས་རབས18པའི་དུས་དཀྱིལ་དུ། ལ་ཏིང་མེ་གླིང་གི་རང་བཙན་དམག་འཁྲུག་ཁྲོད་དུ་པོ་ལི་ཝེ་ཡའི་རྒྱལ་ཁབ་དེ་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ལ་ཅ་ལ་སི་ནས་འོང་བའི་མི་རིགས་དཔའ་རྒོད་པོ་ལི་ཝ་ཨར་གྱིས་ཉེན་ཁ་ལས་བསྐྱབས་ཏེ་རང་བཙན་ཐོབ། དེ་བས་རྒྱལ་ཁབ་ཀྱི་མིང་ལ་དཔའ་རྒོད་དེའི་མིང་བཏགས་པ་ཡིན་ལ། སྤྱི་ལོ1825ལོར་དངོས་སུ་སི་ཕེན་ནས་རང་བཙན་བྱུང་། རང་བཙན་བྱས་རྗེས་ཀྱི་པོ་ལི་ཝེ་ཡ་རྒྱུན་དུ་མཐའ་འཁོར་གྱི་རྒྱལ་ཁབ་དང་དམག་འཁྲུག་བྱུང་བའི་དབང་གིས།ས་ཆ་མང་པོ་གཞན་ལག་ཏུ་ཤོར་ཞིང་། དེང་སང་གི་ཀྲི་ལི་བྱང་ཕྱོགས་ཀྱི་ཨན་ཏི་སི་རི་རྒྱུད་དང་མཚོ་རྒྱུད་ས་ཁུལ། པར་ཙིལ་གྱི་ལྷོ་ཕྱོགས། ཕ་ར་ཀུའེ་ཡི་བྱང་ཕྱོགས་བཅས་ཡིན། ལྷག་པར་དུ་སྤྱི་ལོ1879ལོ་དང་སྤྱི་ལོ1883ལོའི་ཆའོ་ཧྲི་དམག་འཁྲུག་ཁྲོད་དུ། པོ་ལི་ཝེ་ཡའི་མཚོ་འགྲམ་གྱི་ཞིང་ཆེན་དང་གྲུ་ཁ་གཙོ་བོ་ཨན་ཐུའོ་ཧྥ་ཅ་སིའང་གཞན་ལག་ཏུ་ཤོར་བས་པོ་ལི་ཝེ་ཡ་ནི་སྐམ་སའི་དཀྱིལ་དབུས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་སོང་བ་རེད།
པོ་ལི་ཝེ་ཡ་རུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་ཏེ། གཙོ་བོ་གཤའ།ཝུའུ། ཏི་ཚ། ཞ་ཉེ། ལྕགས། ཟངས། གསེར་སོགས་ཡོད། གཤའ་གཏེར་གྱི་གསོག་ཚད་ཏུན་ཁྲི115ཡོད་པ་དང་འཛམ་གླིང་གི་ཨང་གཉིས་པ་ཟིན། ལྕགས་གཏེར་གྱི་གསོག་ཚད་ཧ་ལམ་ཏུན་དུང་ཕྱུར450ཟིན། ལིས་གསོག་ཚད་ཏུན་དུང་ཕྱུར1ཟིན་པ་དང་འཛམ་གླིང་གི་ཨང་དང་པོར་སླེབས། རང་བྱུང་སོལ་རླངས་དབྱིན་ཁྲེ་གྲུ་བཞི་ལྷམ་པ་དུང་ཕྱུར་ཁྲི52ཡོད་ལ། ནགས་ཚལ་ཁེབས་ཚད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི50དང་། དེས་རྒྱལ་ཁབ་མངའ་ཁོངས་ཀྱི48%ཟིན་ཡོད། ཡིན་ནའང་རྒྱལ་ཁབ་འདིའི་བཟོ་ལས་དང་ཞིང་ལས་ཅུང་རྗེས་ལུས་ཡིན། བཟོ་ལས་ལ་གཙོ་བོ་བཟོ་ལས་ཆུང་བ་དང་བཟའ་ཆས། འཁེལ་འཐག ཀོ་ཆས། ཆང་སྙལ་བ། བསྒྲིལ་ཐ་སོགས་ལས་སྣོན་བཟོ་ལས་གཙོ་བོ་ཡིན་པ་རེད། ཞིང་ལས་ཐད་རྒྱལ་ཡོངས་ལ་རྨོ་ཞིང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.4ཡོད་པ་དེས་ཧ་ལམ་རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་པོའི3%ཟིན་ཡོད། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་ས་ཞིང་འདེབས་འཛུགས་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི188ཡོད། འབྲུ་རིགས་ཐོན་སྐྱེད་ཀྱིས་རྒྱལ་ནང་གི34%ཡི་དགོས་མཁོ་མ་གཏོགས་སྐོང་མི་ཐུབ་ལ་གཞན་དག་ཡོད་ཚད་ནང་འདྲེན་ལ་བརྟེན་དགོས་ཀྱིན་ཡོད་ལ། ཞིང་ཕྱུགས་ལས་ཐོན་རྫས་གཙོ་བོ་མ་རྨོས་ལོ་ཏོག །ཆུ་འབྲས། གྲོ །ཞོག་ཁོག་གི་རིགས་སོགས་ཡིན་པ་རེད།
པོ་ལི་ཝེ་ཡའི་མི་གྲངས་ཀྱི70%ཧ་ལམ་མཐོ་སྒང་ས་རྒྱུད་དུ་འདུས་སྡོད་བྱས་ཡོད་ལ་གྲོང་ཁྱེར་མང་པོའང་མཐོ་སྒང་དུ་ཆགས་ཡོད། མཐོ་སྒང་གི་ཤར་ཕྱོགས་སུ་ཤར་ཁོ་ཏི་ལེ་ལ་རི་རྒྱུད་ཡོད་པ་དང་། རི་རྒྱུད་གཙོ་བོའི་བྱང་ཤར་གྱེན་མ་གསེག་ཏུ་ནགས་ཚལ་སྟུག་པོ་ཡིན་ལ། ཆུ་རྒྱུན་མང་པོས་བདས་བསགས་ཐེབས་པ་ལས་གྲུབ་པའི་ས་རྒྱུ་གཤིན་པོའི་ལུང་ཁུག་གྲུབ་ཡོད། དྲོད་ཚད་མཐོ་ཞིང་བརླན་གཤེར་ཆེ་བའི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཁ་ཧྥེ་དང་མངར་ཆ། སླན་ཁོ་ཁ། གཞན་ཚ་ཁུལ་གྱི་སིལ་ཏོག་སོགས་འབོར་ཆེན་ཐོན་བཞིན་ཡོད། ཡིན་ནའང་། ས་ཁུལ་འདི་ནས་ལ་པ་སི་གྲོང་ཁྱེར་སོགས་མཛད་སྤྱོད་ལྟེ་གནས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་ཧ་ཅང་སྟབས་མི་བདེ་བ་དང་ཉག་ཁའི་གཞུང་ལམ་གྱི་རྒྱུད་ནི་གཡང་གཟར་ཡིན་པས་ཉེན་ཁ་ཆེ་བ་རེད། པོ་ལི་ཝེ་ཡ་མཐོ་སྒང་གི་ཆེས་བྱང་ཕྱོགས་སུ་ཏི་ཏི་ཁ་ཁ་མཚེའུ་ཆགས་ཡོད། མཚེའུ་དེའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་8965དང་མཚོ་ངོས་ལས་མཐོ་ཚད་སྨི3810ཟིན། འཛམ་གླིང་ཐོག་མཚོ་གྲུ་ཤར་གཏོང་ཆོག་པའི་ཆེས་མཐོ་བའི་ཆུ་ཁོངས་ཡིན། ཏི་ཏི་ཁ་ཁ་མཚེའུ་ནི་གླིང་ཆེན་མེ་གླིང་ལྷོ་མའི་དབྱིན་ཏི་ཨན་པའི་རིག་གནས་འབྱུང་ཁུངས་ཀྱི་གྲས་ཡིན་ལ། དབྱིན་ཏི་ཨན་པས་འདི་ལ“ལྷ་མཚོ”ཞེས་འབོད་པ་ཡིན། མཚེའུ་ནང་དུ་གླིང་ཕྲན41ཡོད་པ་དང་། དེ་ལས་པོ་ལི་ཝེ་ཡའི་མངའ་ཁོངས་སུ་ཡོད་པའི་ཉི་མ་གླིང་ཕྲན་དང་ཟླ་བ་གླིང་ཕྲན་གཉིས་ནི་མུ་ཏིག་རྡོག་པོ་གཉིས་དང་འདྲ་བར་མཚེའུ་མངོན་པར་སྤྲས་ཡོད་དེ། གླིང་ཕྲན་གཉིས་ཀྱི་བྲག་རྡོའི་ཁ་དོག་རྫ་མདོག་དང་རྒྱ་སྨུག་ཡིན་པས་མཚེའུ་ཡི་འོད་དང་གླིང་ཕྲན་གྱི་ཁ་དོག་ལྷན་དུ་འདུས་པ་ལས་འཕྲོས་པའི་འོད་སྣང་དེ་ལྷག་པར་དུ་མཛེས་ཤིང་ཡིད་དུ་འོང་བའི་ལྗོངས་རྣམ་ཞིག་ཏུ་གྱུར་ཡོད་པ་རེད།
པོ་ལེ་ཝེ་ཡ་ཡི་ལྗོངས་སྐོར་ས་གནས་གྲགས་ཅན་ལ་ནི་ཝུའུ་ཡིའུ་ཉི་ཚྭ་འདམ(Uyuni Salt Flat)དང་ཁི་ལོ་ལ་ཏཱ་མཚེའུ། མེ་ཏོག་དབང་ལག་གླིང་ཕྲན་སོགས་ཡོད་ལ།དེ་ལས་ཝུའུ་ཡིའུ་ཉི་ཚྭ་འདམ་ནི་པོ་ལི་ཝེ་ཡའི་ལྷོ་ནུབ་ཀྱི་ཝུའུ་ཡིའུ་ཉི་གྲོང་བརྡལ་གྱི་ཉེ་འཁོར་དུ་ཡོད། འཛམ་གླིང་ཐོག་ཆེས་ཆེ་བའི་ཚྭ་འདམ་ཡིན་ལ། ཤར་ནུབ་ཀྱི་རིང་ཐུང་ལ་ཧ་ལམ་སྟོང་སྨི250དང་། ལྷོ་བྱང་གི་ཞེང་ལ་ཧ་ལམ་སྟོང་སྨི100ལྷག་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ10582ཡོད། གཏེར་ཚྭ་དང་ཅུ་གང་འབོར་ཆེན་ཐོན་བཞིན་ཡོད། རྒྱ་ཁྱོན་ཆེ་བ་དང་ཕྱི་ངོས་དཀར་ཞིང་འཇམ་པ། འོད་ལྡོག་འཕྲོའི་ཚད་མཐོ་བ། ཆུ་སྲབ་མོས་ཁེབས་པ། མཐོ་འཕགས་ཀྱི་ཧེ་བག་ཆུང་བས། འདི་ལ་ད་དུང་བར་སྣང་གི་མེ་ལོང་ཞེས་པའི་མཚན་སྙན་ཡང་ཡོད་པ་རེད། ཁི་ལོ་ལ་ཏ་མཚེའུ་ལ་ཡང་“མཚེའུ་དམར་པོ་”ཞེས་འབོད་བཞིན་ཡོད་ལ། མཚེའུ་ཡི་ནང་དུ་ཚ་ལ་དཀར་པོའི་གླིང་ཕྲན་མང་པོ་ཡོད། གླིང་ཕྲན་འདི་དག་གི་ཁ་དོག་དཀར་པོ་དང་མཚེའུ་དམར་པོ་གཉིས་མཉམ་དུ་འདྲེས་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་གྲུབ་ཡོད་ལ། ཁ་དོག་དཀར་དམར་གཉིས་མཉམ་ཏུ་འདྲེས་པ་ལས་མཚོ་ངོས་ནི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བས།ལོ་རེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་རྒྱུན་ཆད་ཀྱིན་མེད། མེ་ཏོག་དབང་ལག་གླིང་ཕྲན་ནི་གླིང་ཕྲན་དེའི་སྟེང་དུ་མེ་ཏོག་དབང་ལག་མང་པོ་སྐྱེས་ཡོད་པས་མིང་དེ་ལྟར་བཏགས་པ་རེད། འོན་ཀྱང་སི་ཕེན་གྱི་ཡི་གེའི་མིང་གི་གོ་དོན་ནི་ཉ་ཡི་གླིང་ཕྲན་ཡིན་ཞིང་། རྒྱུ་མཚན་ནི་རྒྱང་རིང་ནས་བལྟས་པ་ན་མེ་ཏོག་དབང་ལག་གི་གཟུགས་ནི་ཉ་ཞིག་དང་འདྲ་བས་དེ་ལྟར་བརྗོད་པ་རེད།
པོ་ལེ་ཝེ་ཡ་ཡི་གཉེན་སྲོལ་གྱི་སྐོར་ལ་ནི་གཙོ་བོ་ཚོ་དཔོན་ལམ་ལུགས་ཀྱི་དབྱིན་ཏི་ཨན་པའི་གཉེན་སྟོན་ལ་མངོན་པར་གསལ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན།གཉེན་སྟོན་གྱི་ས་གནས་མང་ཆེ་བ་དབྱིན་ཏི་ཨན་པ་འདུས་སྡོད་ཁུལ་གྱི་ཐུན་མོང་གི་འཛུགས་སྐྲུན་སོགས་གདམ་སྟེ་གཉེན་སྟོན་སྤེལ་བ་ཡིན། སྤྱིར་བཏང་དུ་གཞི་ཁྱོན་ཅུང་ཆེ་བའི་ཤིང་ཁང་ཡིན། གཉེན་སྟོན་གྱི་མཛད་སྒོའི་སྟེང་དུ་ཐག་ཉེ་རིང་གི་མཛའ་བཤེས་དང་ཁྱིམ་མཚེས་གཡས་གཡོན། སྡེ་མི་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཤིང་ཁང་དུ་ཐོན་ཏེ་ཕན་ཚུན་ལ་འཚམ་འདྲི་བྱས་ཏེ་ཐང་ལ་སྡོད་པ་ཡིན། ཕོ་མོ་རྒན་གཞོན་ཡོངས་ཀྱིས་ལུས་སུ་མི་རིགས་ཀྱི་ཆས་གོས་གྱོན་པ་དེ་དག་བཟོ་དབྱིབས་གསར་བ་དང་ཁ་དོག་མིག་ལ་མཛེས་པ་ཡིན། སྤྱིར་དབྱིན་ཏི་ཨན་པའི་མི་ནི་ལབ་གླེང་ལ་ཧ་ཅང་སྤྲོ་མོད། གཉེན་སྟོན་ཐོག་ཏུ་ཧ་ཅང་ལྷིང་འཇགས་ཡིན་ལ། ཕན་ཚུན་བར་ཁ་བརྡ་གླེང་མོ་བྱེད་ནའང་སྐད་མགོ་ཧ་ཅང་དམའ་མོ་ཡིན་པ་རེད།
དེ་མིན་པོ་ལི་ཝེ་ཡ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། དེའི་ཁོངས་སུ་གཙོ་བོ་མི་རབས་ནས་མི་རིགས་བར་འཚོ་སྡོད་བྱས་པའི་ས་གནས་རང་གི་ཡུལ་མི་ཡོད་ལ། དེའི་ཁོངས་སུ་རིགས་སོ་སོའི་དབྱིན་ཏི་ཨན་མི་དང་། མེ་སི་ཏི་སུའོ་ཡི་མི་སྟེ་ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁའི་གནས་སྤོས་ཡུལ་མི་དང་ཁྲག་རྒྱུད་འདྲེས་མའི་མི་སོགས་ཧ་ལམ་པོ་ལི་ཝེ་ཡའི་མི་འབོར་གྱི་30%ཡས་མས་ཟིན་ཡོད་པ་དང་། ཡོ་རོབ་དང་ཨ་ཧྥེ་རི་ཁའི་གནས་སྤོས་ཡུལ་མི་ཡིས་སྤྱིའི་མི་འབོར་གྱི་15%ཡས་མས་ཟིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། པོ་ལི་ཝེ་ཡའི་མངའ་ཁོངས་ནང་ས་གནས་རང་གི་མི་རིགས་ཚོགས་པ་37ཡོད་པ་དང་། ཁེ་ཆིའུ་ཡ་མི་དང་ཨ་དབྱི་མཱ་ལ་མིའི་ཟིན་ཚད་ཆེས་མང་བ་རེད། སོ་སོར་མི་ཁྲི་155.8དང་མི་ཁྲི་127.9ཡོད་པ་དང་། ཀྭ་ལ་ཉི་ཡི་མི་ཁྲི་7.8ཟིན་ཡོད་པ་རེད། །