རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ལེགས་པོ་བྱ་རྒྱུ་ནི་མི་རིགས་ཁག་གི་ཐུན་མོང་གི་འགན་འཁྲི་ཡིན།
པཱ་ཐེར་གྱིས་བརྩམས། ཚེ་བཟང་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ལེགས་པོ་བྱ་རྒྱུ་ནི་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་འགན་འཁྲི་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཡག་པོ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་སྤྱིའི་འདུ་ཤེས་བརྟན་པོར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ང་ཚོས་རང་འགུལ་ངང་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་པ་དང་། ཏང་གི་མི་རིགས་སྲིད་ཇུས་དང་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བློ་བརྟན་འགྱུར་མེད་ཀྱིས་ཁྱབ་གདལ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་བཞིན་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྒྲུབ”པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
གཅིག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་རང་རྒྱལ་མི་རིགས་ཁག་གིས་ཐུན་མོང་ཐོག་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས་པའི་རྒྱུ་ནོར་རྩ་ཆེན་ཡིན།
མར་ཁེ་སིས་ངོས་འཛིན་གནང་དོན། “སྐད་བརྡ་ཉིད་ནི་ཐུན་སྤྱི་ངེས་ཅན་ཞིག་གི་ཐོན་དངོས་ཡིན”ཞིང་།དེར་རང་ངོས་ནས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཡོད། དེ་དང་འདྲ་བར་ཕྱོགས་གཞན་ཞིག་ནས་བཤད་ན། “སྐད་བརྡ་ཉིད་ནི་ཐུན་སྤྱི་དེའི་གནས་པ་རང་རེད།”ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། ཀྲུང་ཧྭ་མི་རིགས་སྣེ་མང་གཞི་གཅིག་གི་གནས་བབ་གྲུབ་པ་དང་འཕེལ་རྒྱས་འགྲོ་བ། ཀྲུང་ཧྭ་མི་རིགས་ཐུན་སྤྱི་རང་དབང་ནས་རང་རྟོགས་ཀྱི་ཕྱོགས་སུ་བསྐྱོད་པ་ཚང་མ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་དང་ཁ་འབྲལ་ཐབས་མེད། ཀྲུང་གོའི་ལོ་རྒྱུས་འཕེལ་རིམ་ཁྲོད་ནས་རང་རྒྱལ་གྱི་མི་རིགས་ཁག་གི་སྐད་ཡིག་ནི་ས་ཁུལ་སོ་སོ་དང་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་བོར་ཕན་ཚུན་འབྲེལ་འདྲིས་བརྗེ་རེས་དང་མཉམ་འདྲེས་བྱས་པའི་འབྲས་བུ་ཡིན་ལ། མི་རིགས་ཁག་གི་སྐད་ཡིག་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་དང་།
ཕན་ཚུན་དཔྱད་གཞིར་བཟུང་བ་ནི་སྤྱི་སྤྱོད་སྐད་ཡིག་གྲུབ་པའི་ཆ་རྐྱེན་གལ་ཆེན་ཡིན། དེའི་ཁྲོད་ནས་རྒྱའི་སྐད་ཡིག་ནི་ཆིན་དང་ཧན་རྒྱལ་རབས་ནས་བཟུང་རིམ་བཞིན་རྒྱལ་རབས་རིམ་བྱུང་ཁག་གི་ཀྲུང་དབྱང་སྲིད་དབང་གི་བརྗེ་རེས་ཀྱི་སྐད་དང་ཡི་གེ་གཙོ་བོར་གྱུར། འདི་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཐུན་མོང་གི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན། རྒྱའི་ཆབ་སྲིད་པ་དང་།
ལོ་རྒྱུས་རིག་པ་བ། རྩོམ་རིག་མཁས་ཅན་བཅས་ཀྱིས་རྒྱའི་སྐད་ཡིག་ཐོག་ནས་འོད་སྟོང་བསྐལ་བརྒྱར་ཐོན་པའི་གོང་མའི་གསུང་རྩོམ་ཆེན་པོ་གསར་རྩོམ་བྱས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་པ་དང་། ལོ་རྒྱུས་རིག་པ་བ། རྩོམ་རིག་མཁས་ཅན་མང་པོ་ཞིག་གིས་ཀྱང་རྒྱ་ཡིག་གི་ལམ་ནས་མཐོང་བ་ཀུན་མོས་ཀྱི་ཕུལ་བྱུང་བརྩམས་ཆོས་མང་པོ་ཞིག་ཁྱབ་གདལ་བཏང་བས་ཀྲུང་ཧྭའི་ཤེས་རིག་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་མི་རིགས་ས་ཁུལ་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྒྱའི་སྐད་ཡིག་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་སྤྱོད་པའི་སྤེལ་རེས་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད། སྔོན་དཔག་བྱེད་ཐུབ་པ་ཞིག་ལ། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཐུན་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྐྱེད་དུ་སོང་བ་དང་བསྟུན་ནས། མི་རིགས་ཁག་ཚང་མ་རང་རྟོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱུན་འཛིན་དང་། བེད་སྤྱོད། གོང་སྤེལ་བྱེད་པའི་ལས་དོན་ཁྲོད་ཞུགས་ངེས་ཡིན་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་སོང་བ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་ཀྱང་ཁོངས་ཡངས་རང་བཞིན་དེ་བས་ཆེ་བ་དང་གོང་བུར་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་འབྲེལ་གྱི་ཐུན་སྤྱིའི་ཕྱོགས་སུ་སྐྱོད་ངེས་རེད། འདི་ནི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཡིན་པས་མིའི་འདོད་བློ་ལྟར་འགྱུར་ལྡོག་འགྲོ་མི་སྲིད།
གཉིས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་ཡག་པོ་བྱེད་རྒྱུ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་མི་རིགས་ཁག་གི་སྤྱི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།
མི་རིགས་མང་བའི་རྒྱལ་ཁབ་ཅིག་ལ་མཚོན་ན། གཅིག་གྱུར་གྱི་ཡི་གེ་ནི་རྒྱལ་ཁབ་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན། ཆིན་དང་ཧན་རྒྱལ་རབས་གཉིས་ཀྱི་ཚུན་ལ།“དཔེ་དེབ་དང་ཡི་གེ་གཅིག་མཚུངས”ཡོད་པའི་དབང་གིས་ད་གཟོད་ཡིག་ཐོག་གི་བཀའ་ཁྲིམས་གཞིར་བཟུང་ནས་ས་གནས་གཅིག་གྱུར་གྱིས་བདག་སྐྱོང་བྱས་ཏེ།“གཅིག་གྱུར་ཆེན་པོ”མངོན་དུ་འགྱུར་བ་བྱུང་ཡོད། ཀྲུང་ཧྭའི་ཤེས་རིག་དེ་འཛམ་གླིང་ཐོག་རྒྱུན་ཆད་མ་མྱོང་བའི་གནའ་བོའི་ཤེས་རིག་ཁོ་ན་དང་། རང་རྒྱལ་འདི་ཉིད་གཞི་ཁྱོན་ཆེ་བའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་དོན་ནི་མི་རིགས་ཁག་གིས་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་བྱེད་ཐུབ་པས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ་ལས་བྱུང་བ་ཞིག་རེད། འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ནའང་དེ་ལྟར་ཡིན་ཏེ། རོ་མ་བཙན་རྒྱལ་ནས་རིག་རྩལ་བསྐྱར་དར་རྗེས་ཀྱི་དབྱིན་ཇི་དང་། ཧྥ་རན་སེ་སོགས་ཚང་མས་སྐད་ཡིག་དེ་རྒྱལ་ཁབ་ཀྱིས་ཁས་ལེན་པའི་བྱེད་ཐབས་སུ་བཟུང་ནས། རྒྱལ་ཁབ་ཀྱི་འདོད་བློ་ལྟར་རྒྱལ་ཡོངས་སུ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་བཏང་། རང་རྒྱལ་གྱི་རྩ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང་གཏན་ལ་ཕབ་དོན།“རྒྱལ་ཁབ་ཀྱིས་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་སྤྱི་སྐད་ཁྱབ་གདལ་དུ་གཏོང་བ།”《རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས》དོན་ཚན་གསུམ་པར“རྒྱལ་ཁབ་ཀྱིས་སྤྱི་སྐད་ཁྱབ་གདལ་དུ་གཏོང་བ་དང་། ཚད་ལྡན་ཡི་གེ་ཁྱབ་སྤེལ་གཏོང་བ།”
ཞེས་གཏན་ལ་ཕབ་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་ནི་ཁྲིམས་སུ་བཀོད་པའི་རྒྱལ་ཁབ་ཀྱི་འགན་དབང་ཡིན་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཉེར་སྤྱོད་བྱེད་རྒྱུ་ནི་མི་རིགས་ཁག་གི་སྤྱི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རང་རྒྱལ་གྱི་གནའ་རབས་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་བསྡུར་ན། ང་ཚོའི་ཏང་གི་སྐད་ཡིག་སྲིད་ཇུས་ཀྱིས་གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་སྤེལ་དང་མི་རིགས་ཁག་གི་སྐད་ཡིག་རིག་གནས་སྲུང་སྐྱོབ་གཉིས་ཕན་ཚུན་སྐུལ་འདེད་བྱེད་པ་མངོན་འགྱུར་བྱུང་ཡོད་པས། རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ཕྱོགས་ནས་དགེ་མཚན་མངོན་གསལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ནན་བཤད་གནང་དོན།“མི་རིགས་ས་ཁུལ་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་ལེགས་པོར་བསྒྲུབ་དགོས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།”ཞེས་པར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་མགྲིན་གཅིག་ཏུ་ཡིད་འཐད་དང་རྒྱ་ཁྱབ་ཏུ་དང་ལེན་བྱས། མིག་སྔར། ཤིན་ཅང་དང་བོད་ལྗོངས་ཀྱིས2017ལོ་དང2018ལོ་ནས་བཟུང་རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་གཞི་བེད་སྤྱོད་བྱེད་ཀྱིན་ཡོད་ལ། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་སྔར་བས་གཅིག་གྱུར་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དགོས་ངེས་རང་བཞིན་དང་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་སྐད་ཡིག་ཁྱབ་གདལ་གཏོང་བའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཤུགས་ཆེར་གཏོང་དགོས།
གསུམ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་ལེགས་པོ་བྱ་རྒྱུ་ནི་མི་རིགས་ཁག་དེང་རབས་ཅན་དུ་སྐྱོད་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱངས་ན་ལས་ཞུགས་དང་དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱ་དང་ལེན། སྤྱི་ཚོགས་ནང་མཉམ་འདྲེས་ཡོང་རྒྱུ་བཅས་ལ་ཕན་ཐོགས་ཡོད།”ཅེས་བསྟན་ཡོད།ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ། རང་རྒྱལ་གྲངས་ཉུང་མི་རིགས་ལ་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་ཁག་ཅིག་བྱུང་ཡོད་དེ། དཔེར་ན། ཨའེ་སི་ཆི་དང་།ལི་སི་ཀོང་། ཞུས་རི་ཀན། ས་པུན་མའོ། རྡོ་རྗེ། ཝུའུ་ཧྲོའུ་ཨེར•སི་ལ་མུའུ་སོགས་ལྟ་བུ། ཁོ་ཚོ་ཚང་མ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་ནང་བྱན་ཆུབ་པས། རང་རྒྱལ་གྱི་ཚན་རིག་རིག་གནས་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལྷག་འཁོར་བ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་། ལྷག་པར་དུ་དབུས་ཤར་རྒྱུད་ཀྱི་ས་ཁུལ་དང་བསྡུར་ན་ད་དུང་ཧེ་བག་ཅུང་ཆེན་པོ་ཡོད། གྲངས་ཉུང་མི་རིགས་ཁ་ཤས་ཀྱི་མང་ཚོགས་ཀྱིས་ཚན་རྩལ་ཤེས་བྱར་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པར་བྱེད་པའི་ནུས་པ་ཅུང་ཞན་པ་དང་། ལས་ཞུགས་ཐབས་ལམ་གུ་དོག་པ་འདི་དག་ཚང་མ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་བཏང་བ་མི་འདང་བ་དང་འབྲེལ་བ་དམ་ཟབ་ཡོད། གལ་ཏེ་སྐད་བརྡ་མ་འཕྲོད་ཚེ་མི་རིགས་ས་ཁུལ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་འདྲེས་དཀའ་ལ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱང་མཐའ་མཚམས་ས་ཁུལ་དང་། ཞིང་འབྲོག་ས་ཁུལ་ནས་ཤར་རྒྱུད་ས་ཁུལ་དང་གྲོང་ཁྱེར་དུ་ཡོང་སྟེ་ལས་ཀ་རྙེད་དཀའ་ལ། ལས་ཞུགས་མངོན་འགྱུར་བྱེད་དཀའ་བ་རེད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་ན། མི་རིགས་ཁག་འགྲོས་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་ཕན་པ་གདོན་མི་ཟ། དེ་བས་ང་ཚོས་མི་རིགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས། རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་དེབ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་ཁྲིད་རྩ་གནད་ཀྱི་ལས་འགན་འཁུར་ཐུབ་པའི་དགེ་རྒན་དང་ལྷག་པར་དུ་སྐད་གཉིས་ཤེས་པའི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་དང་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བུ་བཅོལ་ཁང་དང་སློབ་ཆུང་གི་དུས་རིམ་གལ་ཆེན་འདི་གཉིས་དམ་འཛིན་དང་བེད་སྤྱོད་ལེགས་པོ་བྱས་ནས་མི་རིགས་ཁག་གི་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཡག་པོ་བྱེད་པ་དང་། དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་དང་ལེན་བྱེད་པར་རོགས་རམ་བྱས་ཏེ། མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་མངོན་དུ་འགྱུར་བ་བྱེད་དགོས།
བཞི། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐད་བརྡ་འཕྲོད་པ་ནི་མི་དང་མིའི་དབར་འབྲེལ་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། སྐད་བརྡ་མ་འཕྲོད་ཚེ་འབྲེལ་གཏུག་བྱེད་དཀའ་བ་དང་འབྲེལ་གཏུག་མ་བྱས་ཚེ་བསམ་ཤེས་བྱེད་དཀའ་བ་དང་ངོས་འཛིན་གཅིག་མཐུན་ཡོང་ཁག་པོ་རེད།”ཅེས་ནན་བཤད་གནང་ཡོད། ང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་སྤྱིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་ཁ་ཕྱོགས་སུ་བཟུང་ནས། མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་གཏོང་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། སྤྱི་སྐད་མི་ཤེས་པའི་ཕྱི་འགྲིམ་ངལ་རྩོལ་པ་དང་དབུལ་ཕོངས་མང་ཚོགས་སོགས་ཀྱི་ཚོགས་སྤྱི་བརྟོལ་སྒོ་རུ་བཟུང་ནས“ང་ལ་སློབ་ཏུ་བཅུག”ཅེས་པ་དེ“ངས་སློབ་རྒྱུ་ཡིན”ཞེས་པར་བསྒྱུར་ཏེ། སྤྱི་སྐད་ཤོད་པ་དང་ཚད་ལྡན་རྒྱ་ཡིག་སྤྱོད་པའི་གོམས་གཤིས་དང་དར་སྲོལ་ཞིག་ཆགས་པ་བྱེད་དགོས། མི་རིགས་ཁག་གི་ལས་བྱེད་པ་སྤྱི་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ལས་བྱེད་པའི་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པར་སྐུལ་ཁྲིད་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ངོས་འཛིན་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས།
མདོར་ན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་ན། བྱས་རྗེས་དེང་འདིར་བཞག ཕན་འབྲས་ཕུགས་སུ་འབྱུང་ཞེས་པ་བཞིན་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་དགོས་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་སྤྱིའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེར་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་ངང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་སྐྲུན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་པ་གཏོད་དགོས་སོ། །
(ཡོང་ཁུངས། 《ཀྲུང་གོའི་མི་རིགས་ཚགས་པར》2020ལོའི་ཟླ9ཚེས11ཉིན་གྱི་པར་ངོས་དང་པོ།)
* པཱ་ཐེར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རིན་ཡིན།
* ཚེ་བཟང་སྐྱིད། བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།