སློབ་གྲྭ་ཆེན་མོའི་མཐར་ཕྱིན་དཔྱད་རྩོམ་གྱི་ཟུར་ལྟའི་ཡིག་ཆ་འགོད་སྲོལ་དང་ལུང་འདྲེན་ཚུལ་སྐོར་གླེང་བ།

སྒ་ལྷུན་གྲུབ་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


[གནད་བཏུས] སློབ་གྲྭ་ཆེན་མོའི་མཐར་ཕྱིན་དཔྱད་རྩོམ་གྱི་ཟུར་ལྟའི་ཡིག་ཆ་འགོད་སྲོལ་དང་ལུང་འདྲེན་ཚུལ་གྱི་ཐད་ནས་གཅིག་མཐུན་གྱི་འབྲི་སྲོལ་ཞིག་ད་དུང་ཆགས་མི་འདུག་པས། རྩོམ་འདིར་ཟུར་ལྟའི་ཡིག་ཆ་མི་འདྲ་བ་རྣམས་ཇི་ལྟར་འགོད་ཚུལ་དང་། ལུང་འདྲེན་ཚུལ་རིགས་མི་འདྲ་བ་གང་དག་ཡོད་ཚུལ་གསལ་པོར་བརྗོད་དེ། སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱིས་མཐར་ཕྱིན་དཔྱད་རྩོམ་གྱི་ཟུར་ལྟའི་ཡིག་ཆ་དང་ལུང་འདྲེན་ཚུལ་འདི་ལྟར་བེད་སྤྱོད་བཏང་ཚེ། རང་རྒྱལ་གྱི་ཚད་གཞི། ཆ་འཕྲིན་དང་ཡིག་ཆ། དཔྱད་གཞིའི་ཡིག་ཆ་ཐོ་འགོད་ཀྱི་ལམ་སྲོལ་དང་མཐུན་ཚུལ་བསྟན་འདུག

[གནད་ཚིག] སློབ་གྲྭ་ཆེན་མོ། མཐར་ཕྱིན་དཔྱད་རྩོམ། ཟུར་ལྟའི་ཡིག་ཆ། ལུང་འདྲེན་ཚུལ།

སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་དང་། བོད་རིག་པའི་སློབ་གླིང་། བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་རྣམས་སུ་ལོ་རེར་སློབ་མ་རྣམས་མཐར་ཕྱིན་ལ་ཉེ་བའི་སྐབས་སུ། བསླབ་གནས་ཀྱི་དཔྱད་རྩོམ་བྲི་དགོས་པ་དང་། རིག་གཞུང་གི་རྩོམ་ཡིག་འབྲི་བའི་དུས་སུ། ཟུར་ལྟའི་ཡིག་ཆ་འགོད་སྲོལ་དང་ལུང་འདྲེན་ཚུལ་ནི་མཐར་ཕྱིན་དཔྱད་རྩོམ་ལ་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྲུབ་འདུག རང་རྒྱལ་དུ་རྒྱ་ཡིག་གི་ལམ་ནས་ཟུར་ལྟའི་ཡིག་ཆ་འགོད་སྲོལ་སྔ་མོ་ནས་གཏན་ལ་ཕབ་འདུག་ནའང་། བོད་ཡིག་གི་ཟུར་ལྟའི་ཡིག་ཆ་འགོད་ཚུལ་དང་ལུང་འདྲེན་ཚུལ་གྱི་རྣམ་གཞག་གཅིག་གྱུར་ཞིག་མེད་པས་བོད་ཡིག་གི་ལམ་ནས་བྲིས་པའི་མཐར་ཕྱིན་དཔྱད་རྩོམ་རྣམས་ཀྱི་ཟུར་ལྟའི་ཡིག་ཆ་འགོད་སྲོལ་དང་ལུང་འདྲེན་གྱི་ཐད་ནས་རྣམ་པ་མི་འདྲ་བ་དུ་མ་ཡོད་པ་དང་། རྒྱ་ཡིག་དང་དབྱིན་ཇིའི་ཚད་ལྡན་གྱི་ཟུར་ལྟའི་ཡིག་ཆ་འགོད་ཚུལ་དང་ལུང་འདྲེན་ཚུལ་དང་མི་མཐུན་པའང་མཆིས་པས་འདིར་སྨྱུག་ཐོགས་པས་དབྱིན་ཇི་དང་རྒྱ་ཡིག་ལ་དཔེ་བལྟས་ཏེ། བོད་རང་གི་སྐད་དང་ཡི་གེ་དང་མཐུན་པའི་ཟུར་ལྟའི་ཡིག་ཆ་འགོད་ཚུལ་དང་ལུང་འདྲེན་ཚུལ་ཚད་ལྡན་དུ་འགྱུར་བའི་ཐད་ནས་བསམ་ཚུལ་ཐོར་བུ་ཞིག་བརྗོད་འདོད་དོ། ། དཔྱད་རྩོམ་འདི་ཉིད་ལེགས་པར་གྲུབ་པ་ན་སློབ་གྲྭ་ཆེན་མོ་དག་ཏུ་སློབ་གཉེར་བྱེད་བཞིན་པའི་དངོས་གཞིའི་སློབ་མ་དང་། རབ་འབྱམས་པའི་སློབ་མ། འབུམ་རམས་པའི་སློབ་མ་རྣམས་ཀྱིས་དཔྱད་རྩོམ་འདི་ལ་ཟུར་ལྟ་བྱས་ཏེ། རང་གི་མཐར་ཕྱིན་དཔྱད་རྩོམ་འབྲི་བ་དང་། དགེ་རྒན་རྣམ་པས་ཀྱང་སློབ་མ་རྣམས་ལ་མཛུབ་སྟོན་གནང་བའི་སྐབས་སུ། རྩོམ་ཡིག་འདིས་ཕན་པ་ཅུང་ཟད་རེ་ཐོགས་ན་སྙམ་པའི་ཀུན་སློང་དང་བཅས་མཚམས་སྦྱོར་བའི་དཔྱད་རྩོམ་འདི་ཉིད་འབྲི་ཁུལ་བགྱིས་པ་ལགས།

དང་པོ། ཟུར་ལྟའི་ཡིག་ཆ་འགོད་ཚུལ།

ཟུར་ལྟའི་ཡིག་ཆའི་རིགས་དང་རྣམ་པའི་མཚོན་རྟགས་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་གཞི། ཆ་འཕྲིན་དང་ཡིག་ཆ། དཔྱད་གཞིའི་ཡིག་ཆ་ཐོ་འགོད་ཀྱི་ལམ་སྲོལ། GB/T 7714-2015ལས་གཏན་ལ་ཕབ་པ་ལྟར་ན། དབྱིན་ཡིག་གི་གསལ་བྱེད་ཀྱི་ཡི་གེ་ཆེ་འབྲི་ཡིས་གཤམ་གསལ་གྱི་ཡིག་ཆའི་རིགས་དང་རྣམ་པ་མི་འདྲ་བ་རྣམས་མཚོན་པ་ཡིན་ཏེ། དཔེ་དེབ [M] དང་། ཚོགས་འདུའི་ཐོ་འགོད་ཀྱི་ཡིག་ཆ [C] དང་། ཕྱོགས་བསྒྲིགས [G] དང་། ཚགས་པར [N] དང་།དུས་དེབ་ཀྱི་རྩོམ [J] དང་། བསླབ་གནས་ཀྱི་དཔྱད་རྩོམ [D] དང་། སྙན་ཞུ [R] དང་། ཚད་གཞིའི་སྐོར [S] དང་།ཆེད་ཁེ [P] དང་། གཞི་གྲངས་ཀྱི་མཛོད [DB] དང་།རྩིས་འཁོར་གྱི་བྱ་རིམ [CP] དང་། གློག་རྡུལ་གྱི་སྤྱི་བསྒྲགས [EB] དང་། ཡིག་ཚགས [A] དང་། ས་བཀྲ [CM] དང་། གཞི་གྲངས་ཀྱི་ཕྱོགས་བསྒྲིགས [DS] དང་། གཞན་དག[Z]བཅས་ཀྱིས་མཚོན་དགོས་པར་བསྟན་འདུག །

དཔེ་སྐྲུན་གྱི་སྐོར་ལ་དཔེ་སྐྲུན་བྱེད་སའི་གནས་དང་།
པར་སྐྲུན་ཁང་། དཔེ་སྐྲུན་གྱི་ལོ་དང་དེབ་ཀྱི་ཨང་རིམ་སོགས་འདུས། པར་སྐྲུན་གྱི་ས་གནས་ཞེས་པ་ནི་པར་སྐྲུན་ཁང་ཆགས་ཡོད་པའི་གྲོང་ཁྱེར་གྱི་མིང་ལ་ཟེར་ཞིང་།མིང་འདྲ་ཞིང་ས་ཆ་མི་འདྲ་བ་དང་། མི་རྣམས་ཆ་རྒྱུས་མེད་པའི་གྲོང་ཁྱེར་ཞིག་ཡིན་ན། དེའི་སྔོན་དུ་ཞིང་ཆེན་གྱི་མིང་དང་ཁུལ་གྱི་མིང་། རྒྱལ་ཁབ་ཀྱི་མིང་སོགས་ཟུར་དུ་བསྣན་ཆོག པར་སྐྲུན་ཁང་གི་མིང་དུ་ས་མིང་འདུས་ཡོད་རུང་། པར་སྐྲུན་ཁང་གི་མིང་དངོས་སུ་འགོད་དགོས་པ་ལས་བསྡུས་མི་ཆོག པར་སྐྲུན་བྱེད་མཁན་ཡང་དཔེ་སྐྲུན་ཁང་ཡིན་ཞིང་། དཔེ་སྐྲུན་གྱི་ལོ་ནི་སྤྱི་ལོ་ཡིན་ལ། ཨ་རབ་ཀྱི་ཨང་ཀིས་མཚོན་པར་བྱ་དགོས།

ཟུར་ལྟའི་ཡིག་ཆའི་མགོ་ནས་མཇུག་གི་ཤོག་གྲངས་འགོད་ཚུལ་ནི། ཟུར་ལྟའི་ཡིག་ཆའི་ཆེས་མཇུག་གི་ཚན་པ་ནི་ཤོག་ངོས་ཀྱི་ཨང་གྲངས་ཡིན་ལ། དེ་ནི་དཔྱད་རྩོམ་གྱི་ནང་དུ་དྲངས་པའི་ལུང་ཚིག་རྣམས་ཟུར་ལྟའི་ཡིག་ཆའི་ཤོག་ངོས་གང་དུ་ཡོད་པ་གསལ་པོར་མཚོན་པར་བྱེད་པའི་ཨང་གྲངས་ཀྱང་ཡིན། ལུང་ཚིག་ཤོག་བུའི་ངོས་གཅིག་ཏུ་ཡོད་ན་ཐད་ཀར་ཤོག་ངོས་དེའི་ཨང་གྲངས་བྲིས་ཆོག་པ་དང་། ངོས་གཉིས་ཀྱི་བར་དུ་ཡོད་ཚེ་ཨང་གྲངས་གཉིས་ཀྱི་བར་དུ་རྟགས“-”ཡིས་སྦྲེལ་དགོས་ཏེ། དཔེར་ན། 19-20ཞེས་པ་ལྟ་བུ། གལ་ཏེ་དཔྱད་རྩོམ་གྱི་ནང་དུ་ཟུར་ལྟའི་ཡིག་ཆ་གཅིག་གི་གནས་མི་འདྲ་བར་ཡོད་པའི་ནང་དོན་རྣམས་ཐེངས་མང་པོར་ལུང་འདྲེན་དགོས་ཚེ། རྩོམ་གྱི་ནང་དུ་བྱུང་བའི་ལུང་ཚིག་གི་གོ་རིམ་ལྟར་ཤོག་ངོས་ཀྱི་ཨང་གྲངས་རྣམས་ཀྱང་རིམ་པ་བཞིན་འགོད་དགོས་པ་དང་།ཨང་གྲངས་དེ་དག་གི་བར་དུ་ཐེངས་རེ་རེའི་བར་དུ་རྟགས“,”བཀོད་ནས་སོ་སོར་དབྱེ་དགོས། དཔེར་ན། 2019: 32-33, 45, 107-108ཞེས་པ་ལྟ་བུ།གཤམ་དུ་རང་རྒྱལ་དུ་གཏན་ལ་ཕབ་པའི་དཔྱད་གཞིའི་ཡིག་ཆ་འགོད་ཚུལ་གྱི་སྒྲིག་སྲོལ་ལྟར་བོད་ཡིག་གི་དཔྱད་རྩོམ་གྱི་ཟུར་ལྟའི་ཡིག་ཆ་རྣམས་གཤམ་གསལ་ལྟར་འགོད་ན་ལེགས་སྙམ་སྟེ། དེ་རྣམས་གོ་རིམ་ལྟར་ཨང་གྲངས་བསྒྲིགས་པའི་ཐབས་ལམ་ལྟར་ན།

1. དཔེ་དེབ་ཀྱི་ཟུར་ལྟའི་ཡིག་ཆའི་རྣམ་པ།

རྩོམ་པ་པོ། (ཡང་ན་ཚོགས་པའི་མིང) དཔེ་ཆའི་མིང་། [M] པར་གཞི། དཔེ་སྐྲུན་གྱི་ས་གནས། པར་སྐྲུན་ཁང་། པར་སྐྲུན་གྱི་ལོ། ཤོག་གྲངས་བཅས་ཀྱི་གོ་རིམ་ལྟར་འགོད་དགོས་ཏེ། དཔེར་ན།

(1)འབྲུག་རྒྱལ་དབང་ཆོས་རྗེ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:35

(2)མཁས་དབང་དགེ་འདུན་ཆོས་འཕེལ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་དང་པོ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994: 42-70

(3)མཁར་རྨེའུ་བསམ་གཏན། མདའ་དང་འཕང་།
[M] པར་གཞི་གཉིས་པ། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010: 414-423

(4)ཚེ་རྒྱལ། ཚེ་རིང་འབུམ། དབང་གྲགས་རྡོ་རྗེ། བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005: 115-167

(5)བཤད་སྒྲུབ། སྲོང་བཙན་གྱི་དགུང་གྲངས་སོ་བཞིར་འདོད་པའི་དོགས་དཔྱོད། [A] ཀྲུང་གོའི་བོད་རིག་པ་རྩོམ་སྒྲིག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་ལོ་འཁོར20དཔྱད་རྩོམ་བདམས་བསྒྲིགས། [G] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008: 75-86

(6)བསེ་ངག་དབང་བཀྲ་ཤིས། ཚད་མའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམ་འགྲེལ་གྱི་དོན་གཅིག་ཏུ་དྲིལ་བ་བློ་རབ་འབྲིང་ཐ་མ་གསུམ་དུ་སྟོན་པ་ལེགས་བཤད་ཆེན་པོ་མཁས་པའི་མགུལ་རྒྱན་སྐལ་བཟང་རེ་བ་ཀུན་སྐོང་ཞེས་བྱ་བ་བཞུགས་སོ། ། སྐུ་འབུམ་བྱམས་པ་གླིང་གི་ཤིང་པར་མ། [M] [པར་དུ་བརྐོས་པའི་ལོ་མི་གསལ]ཞེས་པ་ལྟ་བུ་བྲིས་ཆོག

2.རིག་གཞུང་དུས་དེབ་ཀྱི་ཟུར་ལྟའི་ཡིག་ཆའི་རྣམ་པ།

རྩོམ་པ་པོ། རྩོམ་གྱི་ཁ་བྱང་། [J] དུས་དེབ་ཀྱི་མིང་།དཔེ་སྐྲུན་གྱི་ལོ། སྤྱིའི་དེབ་གྲངས། (ལོ་དེའི་དེབ་གྲངས)ཤོག་གྲངས་བཅས་ཀྱི་གོ་རིམ་ལྟར་འགོད་དགོས་ཏེ། དེ་ལ་འགོད་ཚུལ་རིགས་གསུམ་འདུག་པ་དཔེར་ན།
(1)ཤེས་རབ་བསྟན་དར། དགེ་ལུགས་པའི་སློབ་གཉེར་གྱི་བརྒྱུད་རིམ་བཤད་པ། [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012, 20(3): 88-99

(2)ཆབ་འགག་རྟ་མགྲིན། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་སྟངས་སྐོར་གྱི་བསམ་ཚུལ་འགའ། [J] ཀྲུང་གོའི་བོད་རིག་པ། 2012, 116: 119-127

(3)ཁྱུང་ཕྲུག་བློ་བཟང་དར་རྒྱས། དྲི་བ་ལྷག་བསམ་རབ་དཀར་རྗེ་ཙོང་ཁ་པ་ཆེན་མོའི་གསུང་རྩོམ་ཡིན་མིན་ལ་ཐོག་མར་དཔྱད་པ། [J] བོད་ལྗོངས་སློབ་ཆེན་གྱི་རིག་དེབ། 2012(3): 12-28

3.དཔྱད་རྩོམ་ཕྱོགས་བསྒྲིགས།

ཁོལ་དུ་ཕྱུང་བའི་ཡིག་ཆའི་འགན་ཁུར་བ་གཙོ་བོ། ཁོལ་དུ་ཕྱུང་བའི་ཡིག་ཆའི་མིང་། [A] ཕྱོགས་བསྒྲིགས་ཡིག་ཆའི་འགན་ཁུར་བ་གཙོ་བོ། ཕྱོགས་བསྒྲིགས་ཡིག་ཆའི་མིང་། ཡིག་ཆའི་ཁ་བྱང་གི་མིང་། [G] དཔེ་སྐྲུན་གྱི་ས་གནས། པར་སྐྲུན་ཁང་། པར་སྐྲུན་གྱི་ལོ། ཤོག་གྲངས་བཅས་ཀྱི་གོ་རིམ་ལྟར་འགོད་དགོས་ཏེ། དཔེར་ན། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས། རྗེ་ཙོང་ཁ་པའི་ལུང་རྟོགས་ཀྱི་གཟི་བྱིན་ལས་འཕྲོས་ཏེ་གསུང་གི་འཕྲིན་ལས་གླེང་བ། [A] མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས། རྗེ་ཙོང་ཁ་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་དཔྱད་རྩོམ་ཕྱོགས་བསྒྲིགས། [C] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016: 10-23

4.བསླབ་གནས་ཀྱི་དཔྱད་རྩོམ།

འགན་འཁུར་མཁན་གཙོ་བོ། ཡིག་ཆའི་ཁ་བྱང་གི་མིང་། [D] ཉར་ཚགས་བྱེད་སའི་གནས་ཀྱི་མིང་། ཉར་ཚགས་བྱེད་མཁན་གྱི་ལས་ཁུངས། ལོ། བཅས་ཀྱི་གོ་རིམ་ལྟར་འགོད་དགོས་ཏེ། དཔེར་ན།རྒྱ་ཡེ་བཀྲ་བྷོ། རྒྱ་གར་གྱི་རིག་གནས་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ། [D] ཞིབ་འཇུག་སློབ་མའི་སློབ་གླིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། 2008ལོ།

5. གཅིག་པུར་དབང་བའི་ཆེད་ཁེའི་ཡིག་ཆ།

ཆེད་ཁེའི་དབང་མཁན་གྱི་མིང་། ཆེད་ཁེའི་ཁ་བྱང་གི་མིང་། [P] ཆེད་ཁེའི་རྒྱལ་ཁབ། ཆེད་ཁེའི་ཨང་གྲངས། ཁྱབ་བསྒྲགས་བྱས་པའི་དུས་ཚོད། [བེད་སྤྱོད་བྱས་པའི་དུས་ཚོད] བཅས་ཀྱི་གོ་རིམ་ལྟར་འགོད་དགོས་ཏེ། དཔེར་ན།

བེ་ཧྲིན་ཐོད། (魏盛涛)བོད་ཡིག་གི་རྩིས་འཁོར་གཏག་ཐབས་དང་ཕབ་གཞུང་། [P] བོད་ལྗོངས། 98107176 1999-10-6[2001-3-18]

6. ཚགས་པར་གྱི་རྩོམ་ཡིག

འགན་ཁུར་པ་གཙོ་བོ། ཡིག་ཆའི་ཁ་བྱང་། [N] ཚགས་པར་གྱི་མིང་། པར་སྐྲུན་གྱི་དུས་ཚོད། (པར་ངོས་ཀྱི་ཨང་གྲངས) བཅས་ཀྱི་གོ་རིམ་ལྟར་འགོད་དགོས་ཏེ། དཔེར་ན།གཟུངས་སྐྱབས་རྒྱལ། བྱིས་པ་དཔེ་ཀློག་ལ་བཀྲི་བའི་ཐབས། [N] གངས་རྒྱན་ན་ཆུང་ཚགས་པར། 2019-11-1(2)
7.གློག་རྡུལ་གྱི་ཡིག་ཆ།

འགན་ཁུར་པ་གཙོ་བོ། གློག་རྡུལ་ཡིག་ཆའི་ཁ་བྱང་གི་མིང་། [ཡིག་ཆའི་རིགས] གློག་རྡུལ་ཡིག་ཆ་པར་དུ་བསྐྲུན་པ་དང་བླང་ཆོག་པའི་ས་གནས། སྤེལ་པ་དང་གསར་པར་བསྒྱུར་བའི་དུས་ཚོད། དྲངས་ནས་བེད་སྤྱོད་བཏང་བའི་དུས་ཚོད།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྒྱལ་རོང་བུ་མོའི་སྐྲ་ཤིང་བཅིངས་པའི་ལུགས་སྲོལ། [EB] ཟི་ལིང་།(2017-08-12)[2019-03-20] http://www.qhtb.cn/minsu/2019-03-20/1107709.htmlཞེས་པ་ལྟ་བུའོ། །

གཉིས་པ། ལུང་འདྲེན་ཚུལ།

རྒྱལ་ཁབ་ཀྱིས་ཚད་གཞི་གཏན་ལ་ཕབ་པའི་ཆ་འཕྲིན་དང་ཡིག་ཆ། ཟུར་ལྟའི་ཡིག་ཆ་འགོད་ཚུལ་གྱི་སྒྲིག་སྲོལ།(信息与文献参考文献著录规则GB/T 7714-2015)ལས་ཟུར་ལྟའི་ཡིག་ཆ་འགོད་ཚུལ་གྱི་ཐབས་ལམ་གཉིས་བསྟན་འདུག་པ་ནི། གོ་རིམ་ལྟར་ཨང་གྲངས་སྒྲིག་པའི་ཐབས་ལམ་དང་། རྩོམ་མཁན་ནས་དཔེ་སྐྲུན་གྱི་ལོ་ལྟར་སྒྲིག་པའི་ཐབས་ལམ་གཉིས་ཡིན་ལ། དཔྱད་རྩོམ་གྱི་ནང་དུ་མཁས་པ་དང་ཞིབ་འཇུག་པ་སྔ་མ་རྣམས་ཀྱིས་པར་དུ་བསྐྲུན་པ་དང་སྤེལ་ཟིན་པའི་དཔེ་ཆ་དང་དུས་དེབ་སོགས་ཀྱི་རྩོམ་པ་པོའི་ལྟ་ཚུལ་དང་སྐད་ཆ་སོགས་རང་ཉིད་ཀྱི་དཔྱད་རྩོམ་གྱི་ནང་དུ་དྲངས་པ་རྣམས་ལ་འདྲེན་རྟགས་གསལ་བོ་བཀོད་དེ། དཔྱད་རྩོམ་གྱི་མཇུག་ཏུ་ཟུར་ལྟའི་ཡིག་ཆ་དག་འགོད་དགོས། གཤམ་དུ་ཟུར་ལྟའི་ཡིག་ཆ་འགོད་ཚུལ་དེ་གཉིས་གཙོར་བཟུང་ནས་ངོ་སྤྲོད་མདོར་བསྡུས་ཤིག་བྱའོ། །

1.གོ་རིམ་ལྟར་ཨང་གྲངས་སྒྲིག་པའི་ཐབས་ལམ།

གོ་རིམ་ལྟར་ཨང་གྲངས་སྒྲིག་པའི་ཐབས་ལམ་ཞེས་པ་ནི་རྩོམ་པ་པོས་དཔྱད་རྩོམ་གྱི་ནང་དུ་དྲངས་པའི་ཟུར་ལྟའི་ཡིག་ཆའི་ལུང་རྣམས་རྩོམ་ཡིག་གི་ནང་དུ་བྱུང་བའི་སྔ་ཕྱིའི་གོ་རིམ་ལྟར་ཨ་རབ་ཀྱི་ཨང་ཀིར་གུག་རྟགས་ཕྲ་མོ[ ]བཀོད་ནས་བསྟུད་མར་ཨང་གྲངས་བསྒྲིགས་པ་དང་། གུག་རྟགས་ཕྲ་མོའི་ནང་དུ་བཀོད་པའི་ཨང་རིམ་དེ་ཅུང་ཟད་ཇེ་ཆུང་དུ་བཏང་ནས་ཐིག་ཕྲེང་གི་གོང་དུ་འགོད་དགོས་པར་མ་ཟད། དཔྱད་རྩོམ་རྗེས་ཀྱི་དཔྱད་གཞིའི་ཡིག་ཆ་རྣམས་ཀྱང་དཔྱད་རྩོམ་གྱི་ནང་དུ་བྱུང་བའི་ལུང་ཚིག་གི་ཨང་རྟགས་ཀྱི་གོ་རིམ་ལྟར་རེ་རེ་བཞིན་བསྒྲིག་དགོས། ཨང་རིམ་དེ་ཅུང་ཟད་ཇེ་ཆུང་དུ་བཏང་ནས་ཐིག་ཕྲེང་གི་གོང་དུ་འགོད་དགོས་པ་དཔེར་ན། དཔྱད་རྩོམ་གྱི་གཞུང་དངོས་སུ། ཐོན་མིའི་ཞལ་ལུང་ལས“གང་ལྟར་འདོད་པའི་ཡོན་ཏན་ལ་ཆོག་ཤེས་བསྟེན་དགོས་ཀྱི། ཐོས་པ་ལ་ཆོག་ཤེས་བསྟེན་པར་མི་རིགས་སོ། །”[1] ཞེས་པ་གསུངས་པ་ལྟར་ཞེས་པ་ལྟ་བུ་ལ་མཚོན་ན། ཤོག་ངོས་དེའི་ཞབས་མཆན་དང་ཡང་ན་དཔྱད་རྩོམ་གྱི་མཇུག་ཏུ་བཀོད་པའི་དཔྱད་གཞིའི་ཡིག་ཆ་རུ། [1] ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981: 240ཞེས་པ་ལྟ་བུའོ། །

2.རྩོམ་མཁན་ནས་དཔེ་སྐྲུན་གྱི་ལོ་ལྟར་སྒྲིག་པའི་ཐབས་ལམ།

རྩོམ་མཁན་ནས་དཔེ་སྐྲུན་གྱི་ལོ་ལྟར་སྒྲིག་པའི་ཐབས་ལམ་ནི། ཟུར་ལྟའི་དཔྱད་གཞིའི་ཡིག་ཆ་རྣམས་དཔྱད་རྩོམ་གྱི་མཇུག་ཏུ་རྩོམ་པ་པོའི་མིང་གི་ཐོག་མའི་ཡིག་འབྲུའི་གསལ་བྱེད་ཡི་གེའི་གོ་རིམ་ལྟར་བསྒྲིགས་པའམ་ཡང་ན་དཔེ་སྐྲུན་གྱི་ལོ་གསར་པ་ནས་རྙིང་བར་སྔ་ཕྱི་ལྟར་བསྒྲིག་དགོས་ཏེ། དཔེར་ན། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 1991ལོ། ཐུའུ་བཀྭན་གྲུབ་མཐའ། [M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 235-236ཅེས་པ་ལྟ་བུ་དང་། དཔྱད་རྩོམ་གྱི་གཞུང་དངོས་ཀྱི་ནང་དུ་དྲངས་པའི་ལུང་ཚིག་གི་མཇུག་ཏུ་གུག་རྟགས()བཀོད་ནས་དེའི་ནང་དུ་ཟུར་ལྟའི་ཡིག་ཆའི་རྩོམ་པ་པོའི་མིང་དང་པར་སྐྲུན་གྱི་ལོ་གཉིས་འགོད་པ་དང་། དེའི་ཡི་གེའི་ཆེ་ཆུང་ནི་གཞུང་དངོས་ཀྱི་ཡི་གེ་དང་གཅིག་འདྲ་ཡིན། དཔེར་ན།“དེ་ཡང་དགེ་ལུགས་པའམ་དགའ་ལྡན་པ་ཞེས་པ་ནི་གདན་སའི་མིང་གིས་བཏགས་པ་སྟེ། རྗེ་རིན་པོ་ཆེས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས་སྐུ་ཚེའི་སྨད་དུ་དེར་སྟན་ཆགས་པར་བཞུགས་པ་ལ་བརྟེན་ནས། རྗེའི་རིང་ལུགས་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་བྱུང་། དེ་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་ན་དགའ་ལུགས་པ་ཞེས་ཟེར་བ་མ་བདེ་བས། དགེ་ལུགས་པ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན་ནོ། །”(ཐུའུ་བཀྭན་ཆོས་ཀྱི་ཉི་མ། 1991)ཞེས་གསུངས་པ་ལྟར། དགེ་ལུགས་པ་ཞེས་པ་ནི་གནས་མཆོག་དམ་པ་དགའ་ལྡན་ཞེས་པའི་གནས་ཀྱི་མིང་དེ་རྗེའི་རིང་ལུགས་ཀྱི་གྲུབ་མཐའ་ལ་ཐོགས་པ་ཡིན་ཞིང་། ཞེས་པ་ལྟ་བུ།

རྩོམ་པ་པོ་གཅིག་གི་བརྩམས་ཆོས་ལས་ལུང་དུ་མ་འདྲེན་དགོས་པའི་སྐབས་སུ། གཞུང་དངོས་ཀྱི་གུག་རྟགས་ཀྱི་ནང་དུ་རྩོམ་པ་པོའི་མིང་དང་པར་སྐྲུན་གྱི་ལོ་བཀོད་རྗེས། གུག་རྟགས་ཀྱི་ཕྱི་རུ་ལུང་ཚིག་གི་ཤོག་ངོས་བྲི་དགོས་པ་དཔེར་ན།“དེ་བཞིན་དུ་སྙན་ངག་མེ་ལོང་ལས། རིགས་དང་བྱ་བ་ཡོན་ཏན་རྫས། ། ཞེས་པ་ལྟ་བུའང་ཆོས་དེ་རིགས་དང་། ཆོས་དེའི་བྱ་བ་བྱ་བ་དང་། ཆོས་དེའི་ཁྱད་ཆོས་ཡོན་ཏན་དང་། ཆོས་དེའི་རང་མཚན་ཐུན་མོང་མ་ཡིན་པ་རྫས་ལ་ངོས་བཟུང་ནས་ལེགས་པར་དཔྱད་ན་ཕྱི་ནང་གི་གཞུང་མང་པོའི་དོན་ལ་ལྟ་བའི་བློ་མིག་རྙེད་པའི་སྒོ་ཆེན་པོ་ཡོད།”(རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། 1984)317ཞེས་གསུངས་པ་ལྟར། ཞེས་པ་ལྟ་བུ།

རྩོམ་པ་པོའི་རུས་གཅིག་པུ་མ་གཏོགས་མི་ཤེས་པའི་སྐབས་སུ། རུས་ཀྱི་མགོར་རྒྱལ་ཁབ་ཀྱི་མིང་འགོད་ཆོག་པ་དང་། རྩོམ་གྱི་ནང་དུ་བྱུང་བའི་ལུང་ཚིག་གི་སྔ་རྗེས་གང་རུང་དུ་རྩོམ་པ་པོའི་མིང་བྱུང་འདུག་པ་ཞིག་ཡིན་ཚེ། གུག་རྟགས་ཀྱི་ནང་དུ་པར་སྐྲུན་གྱི་ལོ་གཅིག་པུ་འགོད་ཆོག ཡང་ཟུར་ལྟའི་ཡིག་ཆ་ལ་རྩོམ་པ་པོ་དུ་མ་ཞིག་ཡོད་པའི་སྐབས་སུ། རྩོམ་པ་པོ་དང་པོའི་མིང་བཀོད་པའི་རྗེས་སུ་སོགས་སྒྲ་ཞིག་བཀོད་ནས་དེའི་མན་ཆད་ཀྱི་རྩོམ་པ་པོའི་མིང་བསྡུས་ནས་མི་འགོད་པ་ཡིན། རྩོམ་པ་པོ་ཞིག་གིས་ལོ་གཅིག་གི་ནང་དུ་བརྩམས་ཆོས་དུ་མ་ཞིག་པར་དུ་བསྐྲུན་པའི་གསུང་རྩོམ་ཟུར་ལྟའི་ཡིག་ཆར་འགོད་པའི་སྐབས་སུ། པར་སྐྲུན་གྱི་ལོའི་རྗེས་སུ་དབྱིན་ཇིའི་གསལ་བྱེད་ཡི་གེ་བཀོད་ནས་ཁྱད་པར་དབྱེ་དགོས་ཏེ། དཔེར་ན། 2010a. 2010b.2010c.ཞེས་པ་ལྟ་བུ།

3.ཞབས་མཆན་འགོད་ཚུལ་གྱི་ཐབས་ལམ།

ཐབས་ལམ་འདི་ནི་ལུང་གང་ལས་དྲངས་པའི་ཟུར་ལྟའི་ཡིག་ཆ་ཤོག་ངོས་དང་བཅས་པ་ལུང་དྲངས་པའི་ཤོག་ངོས་དེའི་འདབས་སུ་ཞབས་མཆན་ལྟར་བཀོད་པ་སྟེ། ཞབས་མཆན་འགོད་པའི་སྐབས་སུ། ཨ་རབ་ཀྱི་ཨང་གྲངས་བཀོད་ནས་གོ་རིམ་ལྟར་བསྒྲིགས་པ་དང་། རྩོམ་པ་པོས་ཐེངས་དང་པོར་ཟུར་ལྟའི་ཡིག་ཆ་ག་གེ་མོ་ཞིག་འགོད་དུས། དེའི་དཔེ་སྐྲུན་ཁང་དང་པར་སྐྲུན་གྱི་ལོ་སོགས་གསལ་པོར་འགོད་དགོས་པ་དང་། དེའི་རྗེས་སུ་ཡང་བསྐྱར་འགོད་དགོས་ཚེ། གོང་དང་མཚུངས་ཞེས་པ་དང་། ཡང་ན་ཉུང་བསྡུས་ཀྱིས་མཚོན་པར་བྱས་རྗེས་ཤོག་ངོས་ཀྱི་ཨང་གྲངས་འགོད་པ་ཡིན་ལ། རྩོམ་གྱི་མཇུག་ཏུ་དཔྱད་གཞིའི་ཡིག་ཆ་རྣམས་རེ་རེ་བཞིན་འགོད་པ་ཡིན། དཔེ་ཆ་གཅིག་ལས་ལུང་གཉིས་དྲངས་ནས་དེ་རེ་རེའི་མཇུག་ཏུ་ཨང་གྲངས[1] [2] རེ་རེ་བཞིན་བཀོད་འདུག་པ་ལྟ་བུ་ཞིག་ལ་མཚོན་ན། ཤོག་ངོས་དེའི་ཞབས་མཆན་དུའང་། [1] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། [M] ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
1984: 59ཞེས་པ་དང་། [2] གོང་དང་མཚུངས། 1984: 160ཞེས་པ་ལྟ་བུའོ། །

གསུམ་པ། མཐའ་ཅུང་ཟད་དཔྱད་པ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་གཞི། ཆ་འཕྲིན་དང་ཡིག་ཆ། དཔྱད་གཞིའི་ཡིག་ཆ་ཐོ་འགོད་ཀྱི་ལམ་སྲོལ། GB/T 7714-2015དང་སྒོ་ཀུན་ནས་བསྟུན་ཚེ། ཆེད་དེབ་དང་རིག་གཞུང་དུས་དེབ་ཀྱི་ཟུར་ལྟའི་ཡིག་ཆ་འགོད་པའི་སྐབས་སུ། ཡིག་ཆ་མཚོན་བྱེད་ཀྱི་དབྱིན་ཇིའི་གསལ་བྱེད་ཡི་གེ་དེའི་སྔོན་གྱི་ཆིག་ཤད་ཀྱི་སྔོན་ལ་འཇོག་དགོས་ཏེ། དེ་ལྟར་ན།“འབྲུག་རྒྱལ་དབང་ཆོས་རྗེ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར [M] ། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:35”ཞེས་འགོད་དགོས་ཀྱང་། དེ་ལྟར་བཀོད་ཚེ་མིག་ལ་མི་མཛེས་ཤིང་། བོད་ཀྱི་སྐད་དང་ཡི་གེའི་འབྲི་སྲོལ་དང་མི་མཐུན་པས། གོང་ལྟར [M] ལ་སོགས་པའི་ཡིག་ཆ་མཚོན་བྱེད་ཀྱི་དབྱིན་ཇིའི་གསལ་བྱེད་ཡི་གེ་རྣམས་ཆིག་ཤད་ཀྱི་རྗེས་སུ་བཞག་ན་འོས་ཤིང་། ཆེད་དེབ་པར་དུ་བསྐྲུན་པའི་ལོ་དང་དུས་དེབ་ཀྱི་དེབ་གྲངས་སོགས་འགོད་དུས། རྒྱ་ཡིག་གི་འགོད་སྲོལ་དང་སྒོ་ཀུན་ནས་བསྟུན་ཏེ།“ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016: 10-23”ཞེས་དང་།“མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012, 20(3): 88-99”དང་ཡང་ན།“མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012(3):88-99”ཞེས་བྲིས་ཆོག་སྙམ་སྟེ། ཨ་རབ་ཀྱི་ཨང་གྲངས་བཀོལ་བཞིན་དུ་དུས་དེབ་ཀྱི་དེབ་གྲངས་སོགས་ཚད་ལྡན་གྱི་འགོད་ཚུལ་མི་སྤྱོད་པའི་རྒྱུ་མཚན་ཅི་ཡང་མི་འདུག་གོ ། གཞན་དུ་ན2016ལོ། ཤོག་ངོས10-23ན་གསལ་ལྟ་བུ་དང་། ཡང་ན། 2012ལོའི་དེབ་གསུམ་པ། ཤོག་ངོས88-99ཞེས་པ་ལྟ་བུས་མཚོན་དགོས་ཤིང་། དེ་ལྟར་ན་ཡིག་ཚོགས་ཅུང་ཇེ་མང་དུ་འགྱུར་རོ། །

གོང་དུ་ལུང་འདྲེན་ཚུལ་བརྗོད་པའི་སྐབས་སུ། གོ་རིམ་ལྟར་ཨང་གྲངས་སྒྲིག་པའི་ཐབས་ལམ་གྱི་དཔྱད་གཞིའི་ཡིག་ཆ་འགོད་ཚུལ་ལ་ལེགས་ཆ་ཞིག་འདུག་པ་ནི། ཟུར་ལྟའི་ཡིག་ཆ་རྣམས་ནི་རྩོམ་གྱི་ནང་དུ་བྱུང་བའི་ལུང་ཚིག་གི་སྔ་ཕྱིའི་རིམ་པ་ལྟར་བཀོད་ཡོད་གཤིས་ཀློག་པ་པོ་རྣམས་ཀྱིས་ལུང་ཁུངས་ཀྱི་ཟུར་ལྟའི་དཔྱད་གཞི་ཡིག་ཆ་རྣམས་ཀློག་བདེ་བ་དང་། གོ་རིམ་ལྟར་བསྒྲིགས་ཡོད་པའི་ཨང་གྲངས་ལ་བལྟས་ཚེ་མྱུར་དུ་གསལ་པོར་ཤེས་ཐུབ། དེ་ལ་ཞན་ཆ་ཞིག་འདུག་པ་ནི། ཟུར་ལྟའི་ཡིག་ཆ་ལ་ལ་ནི་ལན་གཅིག་མ་ཡིན་པར་ཐེངས་དུ་མར་བཀོད་ནས་བསྐྱར་ཟློས་བྱ་དགོས་ཏེ། ཆེད་དེབ་གཅིག་དང་དཔྱད་རྩོམ་གཅིག་གི་ནང་དུ་ལུང་ཐེངས་འགར་འདྲེན་པའི་སྐབས་སུ། ཆེད་དེབ་དང་དཔྱད་རྩོམ་དེ་ཟུར་ལྟའི་ཡིག་ཆའི་ནང་དུ་ཡང་བསྐྱར་འགོད་དགོས་པའོ། །

རྩོམ་མཁན་ནས་དཔེ་སྐྲུན་གྱི་ལོ་ལྟར་སྒྲིག་པའི་ཐབས་ལམ་གྱི་ལེགས་ཆ་གཙོ་བོ་ནི། རྩོམ་གྱི་ནང་དུ་དྲངས་པའི་ལུང་ཚིག་རྣམས་མཇུག་གི་ཟུར་ལྟའི་ཡིག་ཆ་ལས་འཚོལ་བདེ་ཞིང་། ཟུར་ལྟའི་ཡིག་ཆའི་རེའུ་མིག་གི་ནང་དུ་བསྐྱར་ཟློས་ཀྱི་སྣང་ཚུལ་མི་འདུག་པས་གྲལ་དག་ཏུ་སྣང་། ཡིན་ན་ཡང་དེའི་ཞན་ཆ་ནི་རྩོམ་ཡིག་གི་ནང་དུ་དྲངས་པའི་ལུང་ཚིག་གི་མཇུག་ཏུ་རྩོམ་པ་པོའི་མིང་དང་པར་སྐྲུན་གྱི་ལོ་གུག་རྟགས་ཀྱི་ནང་དུ་བཀོད་ནས་དེའི་ཡི་གེའི་ཆེ་ཆུང་གཞུང་དངོས་དང་འདྲ་བས། ཀློག་པ་པོ་རྣམས་ཀྱིས་དཔྱད་རྩོམ་ཤར་མར་ཀློག་པ་ལ་ཅུང་ཟད་གནོད་པ་ཡིན།ཡིག་ཆའི་མཆན་འགྲེལ་གྱི་ཐབས་ལམ་ནི་དཔྱད་རྩོམ་ཤིན་ཏུ་རིང་བོ་ཆེད་དེབ་ལྟ་བུ་འབྲི་བ་ལ་བེད་སྤྱོད་བཏང་ན་འོས་ཤིང་འཚམ་པ་དང་། ཆེད་དེབ་ཀྱི་ཟུར་ལྟའི་ཡིག་ཆའི་ནང་དུ་པར་དུ་མ་བསྐྲུན་པའི་ཡིག་ཆ་རྣམས་འགོད་བདེ་ཞིང་། དེར་མ་ཟད་ཆེད་དེབ་ཀྱི་ནང་དུ་ལུང་མ་དྲངས་ནའང་རྩོམ་པ་པོས་ཟུར་ལྟ་བྱས་མྱོང་བའི་དཔེ་ཆ་རྣམས་མཇུག་གི་ཟུར་ལྟའི་ཡིག་ཆའི་ནང་དུ་བཅུག་ཆོག་པ་དང་། ལས་ཁུངས་དང་ཚོགས་པ་ཐུན་མོང་གིས་པར་དུ་བསྐྲུན་པའི་དཔེ་ཆ་དག་ཀྱང་འགོད་བདེ་བ་ཡིན། འདི་ནི་སྲོལ་རྒྱུན་གྱི་ཟུར་ལྟའི་ཡིག་ཆ་འགོད་ཚུལ་ཞིག་ཡིན།ཨ་མེ་རུ་ཁའི་སེམས་ཁམས་རིག་པའི་མཐུན་ཚོགས(American Psychological Association) ཀྱིས་གཏན་ལ་ཕབ་པའི་ཨ་མེ་རུ་ཁའི་སེམས་ཁམས་རིག་པའི་མཐུན་ཚོགས་དཔེ་སྐྲུན་ལག་དེབ(Publication Manual of the American Psychological Association)ཅེས་པར། ལུང་ཚིག་མཇུག་གི་གུག་རྟགས་ཀྱི་ནང་དུ་རྩོམ་པ་པོ་དང་པར་སྐྲུན་གྱི་ལོ། ཤོག་ངོས་ཀྱི་ཨང་གྲངས་གསུམ་པོ་འགོད་པར་མ་ཟད། དེ་དག་གི་བར་དུ་སོ་སོར་འབྱེད་བྱེད་ཀྱི་རྟགས་ཀྱང་འགོད་དགོས་པར་བསྟན་པ་དཔེར་ན།“དེ་བཞིན་དུ་སྙན་ངག་མེ་ལོང་ལས། རིགས་དང་བྱ་བ་ཡོན་ཏན་རྫས། ། ཞེས་པ་ལྟ་བུའང་ཆོས་དེ་རིགས་དང་། ཆོས་དེའི་བྱ་བ་བྱ་བ་དང་། ཆོས་དེའི་ཁྱད་ཆོས་ཡོན་ཏན་དང་།
ཆོས་དེའི་རང་མཚན་ཐུན་མོང་མ་ཡིན་པ་རྫས་ལ་ངོས་བཟུང་ནས་ལེགས་པར་དཔྱད་ན་ཕྱི་ནང་གི་གཞུང་མང་པོའི་དོན་ལ་ལྟ་བའི་བློ་མིག་རྙེད་པའི་སྒོ་ཆེན་པོ་ཡོད།”
(རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། 1984, P.317)ཞེས་གསུངས་པ་ལྟར། ཞེས་པ་ལྟ་བུས་མཚོན་ལ། ལུང་ཚིག་གི་མགོ་དང་མཇུག་ཏུ་རྩོམ་པ་པོའི་མིང་བྱུང་ཡོད་ཚེ། གུག་རྟགས་ཀྱི་ནང་དུ་ཤོག་ངོས་ཀྱི་ཨང་གྲངས་མ་གཏོགས་མི་འགོད་དེ། དཔེར་ན། འབྲུག་རྒྱལ་དབང་ཆོས་རྗེས(1981)“རྩོད་པའི་རིགས་པ་ཞེས་པ་འདི་ཕ་རོལ་གྱི་རྒོལ་བ་ཚར་གཅོད་པ་སོགས་ཀྱི་ཆེད་ཙམ་ཞིག་ཏུ་ངེས་པ་མ་ཡིན་ཏེ། མདོ་སྔགས་སོགས་རང་གཞན་གྱི་གཞུང་ལུགས་ཆེ་ཆུང་ཐམས་ཅད་ཀྱི་གནད་དོན་ཕྲ་རགས་ཇི་ལྟར་ཡོད་པ་རྣམས་ལ་འོལ་སྤྱི་དང་། གཡམ་ལ་རྒྱུག་པའི་གོ་བ་ཙམ་མ་ཡིན་པར་དཔྱིས་ཕྱིན་པར་རྟོགས་པའི་ཐབས་སུ་མེད་དུ་མི་རུང་བ་ཡིན་ཕྱིར།”(P.436)ཞེས་གསུངས་པར་དཔགས་ནའང་ཚད་མ་རིག་པའི་རིགས་ལམ་ལ་ཕྱོགས་མཐོང་ཙམ་རེ་ཡོད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཤེས་ཡོང་ངོ་། ། ཞེས་པ་ལྟ་བུ། འདི་ནི་དེང་སྐབས་ཨ་རུའི་བྱང་མའི་རིག་གཞུང་གི་གྲུབ་འབྲས་རྣམས་ལ་རྒྱ་ཆེར་བེད་སྤྱོད་བྱེད་པའི་ཟུར་ལྟའི་ཡིག་ཆའི་ལུང་འདྲེན་ཚུལ་ཞིག་ཡིན་པས་འདི་ལའང་ངེད་ཅག་གིས་ཟུར་ལྟ་བྱས་ཆོག་སྙམ།

མདོར་ན། སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱིས་མཐར་ཕྱིན་དཔྱད་རྩོམ་འབྲི་བའི་སྐབས་སུ། གོང་དུ་རེ་རེ་བཞིན་བཀོད་ཡོད་པའི་ཟུར་ལྟའི་ཡིག་ཆའི་དཔེ་རྣམས་དང་སྒོ་ཀུན་ནས་བསྟུན་ཏེ་དཔྱད་རྩོམ་གྱི་མཇུག་ཏུ་ཟུར་ལྟའི་ཡིག་ཆ་རྣམས་ལེགས་པར་བསྒྲིགས་པ་དང་ལུང་འདྲེན་པའི་སྐབས་སུའང་གོ་རིམ་ལྟར་ཨང་གྲངས་སྒྲིག་པའི་ཐབས་ལམ་དང་། རྩོམ་མཁན་ནས་དཔེ་སྐྲུན་གྱི་ལོ་ལྟར་སྒྲིག་པའི་ཐབས་ལམ། ཡང་ན་ཞབས་མཆན་འགོད་ཚུལ་གྱི་ཐབས་ལམ་བཅས་ལས་གང་རུང་ཞིག་བདམས་ནས་དཔྱད་རྩོམ་གྱི་གཞུང་དངོས་སུ་ལུང་དྲངས་ཚེ། རང་རྒྱལ་གྱིས་གཏན་ལ་ཕབ་པའི་ཚད་གཞི། ཆ་འཕྲིན་དང་ཡིག་ཆ། དཔྱད་གཞིའི་ཡིག་ཆ་ཐོ་འགོད་ཀྱི་ལམ་སྲོལ་དང་ཁད་ཤིན་ཏུ་ཉེ་ཞིང་། ཟུར་ལྟའི་ཡིག་ཆའི་རྣམ་པ་དང་ལུང་འདྲེན་ཚུལ་ཚད་ལྡན་དང་གཅིག་གྱུར་དུ་འགྲོ་བའི་བཤུལ་ལམ་དུ་གོམ་ཁ་བསྒྱུར་བའང་ཡིན་ནོ་སྙམ་དུ་ཁོ་བོས་སེམས་སོ། །

* སྒ་ལྷུན་གྲུབ་རྡོ་རྗེ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1