༄༅། །མི་ཉག་ཆོས་ཀྱི་རྒྱལ་མཚན།

མི་ཉག་འོད་ཟེར། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།ངེད་དྲ་བ། ། སྤེལ་དུས། 12-18


             མཐོ་སྒང་ཁ་བ་རི་པའི་འཛུགས་སྐྲུན་གྱི་ལོ་རྒྱུས་ནི་གནའ་ཤུལ་སོགས་ལས་བརྟག་དཔྱད་བྱས་པར་ཕལ་ཆེར་ལོ་ངོ་ཁྲི་གཅིག་ནས་ལྔའི་སྔོན་དུ་ཡོད་པར་ངོས་འཛིན་གནང་བཞིན་ཡོད། བོད་ཀྱི་བཟོ་སྐྲུན་སྒྱུ་རྩལ་གྱི་མྱུ་གུ་སྐབས་དེ་ནས་འབུས་ཡོད་ལ་ལོ་ངོ་སྟོང་ཕྲག་བཞི་ནས་ལྔའི་སྔོན་དུ་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པར་གོར་མ་ཆག ད་སྐབས་རང་རེ་མིག་གི་བདུད་རྩིའི་དཔལ་དུ་ལོངས་སུ་སྤྱོད་ཆོག་པའི་མེས་པོ་གོང་མའི་དུས་ཀྱི་དཔེར་མཚོན་ཅན་གྱི་བཟོ་བཀོད་ནི་ཡུམ་བུ་བླ་མཁར་དང་། བོད་བཙན་པོའི་དུས་སྐབས་ཀྱི་པོ་ཏ་ལ་དང་བསམ་ཡས་གཙུག་ལག་ཁང་། ར་མོ་ཆེ། ལྷ་སའི་གཙུག་ལག་ཁང་སོགས་མང་པོ་ཡོད། དེའང་འཛམ་གླིང་མིའི་རིགས་ཀྱི་བཟོ་སྐྲུན་སྒྱུ་རྩལ་གྱི་ཉིང་བཅུད་དྭངས་མ་དེ་འགྲན་རྩོད་དང་འཕེལ་ཁ་རྒོད་པའི་དུས་རབས་འདིར་རྒྱུད་འཛིན་དང་དར་སྤེལ་གཏོང་བར་བླ་ན་མེད་པའི་མཛད་རྗེས་ཅན། གནའ་བོའི་ལུགས་ཀྱི་བོད་ཀྱི་འཛུགས་སྐྲུན་པ་མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་ཀྱི་གནའ་བོའི་བཟོ་བཀོད་སྲུང་སྐྱོང་དང་། དེང་རབས་བོད་ལུགས་ཀྱི་འཛུགས་སྐྲུན་ལ་སྲོལ་རྒྱུན་ལྟར་གནའ་བོའི་བོད་ལུགས་ཀྱི་འཛུགས་སྐྲུན་དང་དེང་རབས་གཉིས་ཟུང་དུ་སྦྲེལ་བར་རྒྱུན་འཁྱོངས་བྱས་པས་བོད་ཆོལ་ཁ་གསུམ་ན་རླབས་ཆེ་བའི་བོད་ཀྱི་འཛུགས་སྐྲུན་མཁན་པོ་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་ཡོད།

               མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་ནི་སྤྱི་ལོ་1947ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་གྲས་ཁམས་མི་ཉག་རབ་སྒང་ཡོངས་རྫོགས་ལྷ་ཁང་གི་ཉེ་ཞོལ་དུ་སྐུ་འཁྲུངས་ཤིང་།དགུང་ལོ་བཞིའི་སྟེང་མི་ཉག་འགེ་བ་ཁ་དགོན་པའི་དགོན་བདག་མི་ཉག་སྐྱབས་མགོན་ལགས་ཀྱི་སྐུ་ཕྲེང་དགུ་པར་ངོས་འཛིན་མཛད། སྤྱི་ལོ་1958ལོར་དབུས་ཀྱི་ལྷ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་གནང་བར་ཕེབས། ཡིན་ནའང་། བགྲང་བྱ་གཅིག་ཙམ་མ་ལོང་བར་རྐྱེན་གང་མང་དབང་གིས་སེ་རའི་སློབ་ཆུང་དུ་ཞུགས་ཤིང་བོད་ཡིག་དང་རྒྱ་ཡིག རྩིས་རིག་སོགས་ལ་སློབ་སྦྱོང་ གནང་། སྤྱི་ལོ་1963ལོར་ན་གཞོན་སློབ་སྦྱོང་འཛིན་གྲྭ་རུ་ཞུགས་ཏེ་སློབ་སྦྱོང་གནང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཁོང་ཉིད་ལྷོ་ཁ་ས་ཁུལ་དུ་ཕེབས་ནས་ཞིང་ལས་ཀྱི་བྱ་བ་གཉེར། དཀའ་སྡུག་དང་འཁྱག་ལྟོགས་ཀྱིས་གཙེས་པའི་ལོ་ཟླ་འདིའི་ཁྲོད་ནས་ཁོང་གིས་ཞིང་ལས་ཀྱི་ལག་རྩལ་དང་། ཤིང་བཟོ་དང་རྡོ་བཟོ། ལྕགས་བཟོ་སོགས་ཀྱི་ཕྱག་ལས་གཉེར་བས་འབྱུང་འགྱུར་བོད་ཀྱི་འཛུགས་སྐྲུན་བྱ་གཞག་གི་རླབས་ཆེ་བའི་འཕྲིན་ལས་སྐྱོང་བར་རྨང་གཞི་བརྟན་པོར་བཞག

              སྤྱི་ལོ་1975ལོར་མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་བཀོད་སྒྲིག་ལྟར་ལྷ་སའི་བོད་ལྗོངས་འཛུགས་སྐྲུན་འཆར་འགོད་ཁང་དུ་སློབ་སྦྱོང་དང་ཕྱག་ལས་གནང་བར་ཕེབས། 1979ལོར་ཁོང་ཉིད་ལ་མཚོན་ན་གསེར་ལས་དཀོན་པའི་གོ་སྐབས་ཤིག་རྙེད་པ་དེ་ནི་བགྲང་ལོ་གསུམ་གྱི་རིང་དུ་སྟོད་མངའ་རིས་སྐོར་གསུམ་གྱི་གངས་མཚོ་གནས་རི། གུ་གེ་མཁར་རྫོང་སོགས་དང་། གཞིས་རྩེ་དང་རྒྱལ་རྩེ། ས་སྐྱ་དགོན། བསམ་ཡས་དགོན། འཕྱོངས་རྒྱས་བཙན་པོའི་བང་སོ། ཤིན་ཅང་ཕྱོགས་ཀྱི་ནང་པའི་དགོན་ཤུལ་དང་བྲག་ཁུང་ཁག་གཅིག ནང་སོག་གི་མཁར་སྔོན་པོ། ནང་སའི་བོད་བརྒྱུད་ནང་པའི་དགོན་སྡེ་རི་བོ་རྩེ་ལྔ་དང་པེ་ཅིང་སོགས་སུ་རྟོག་ཞིབ་དང་པར་ལེན།དཔྱད་བསྡུར་བྱེད་པར་མངགས། ལྷག་པར་དུ་རྩེ་ཕོ་བྲང་དང་། གཙུག་ལག་ཁང་། ནོར་བུ་གླིང་ག གུ་གེ་དང་མཐོ་ལྡིང་བཅས་ལ་ཐིག་ལེན་དང་པར་རྒྱག་ཞིབ་ཚགས་གནང་སྟེ་འཛུགས་སྐྲུན་གྱི་ལོ་རྒྱུས་དང་དཔེ་རིས་བཀོད་པའི་དཔེ་དེབ་བཞི་ཐོག་མར་བཏོན་པས། དེ་ནས་བཟུང་ཁོང་གི་ཇུས་འགོད་བརྩམས་ཆོས་བོད་ཡུལ་གྱི་ཆོལ་ཁ་གསུམ་པོར་ཁྱབ་པར་གྱུར།

              སྤྱི་ལོ་1987ལོར། ལྷོ་ཁའི་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་གི་ཞིག་གསོའི་བྱ་གཞག་རླབས་པོ་ཆེ་ཕྲག་ཏུ་བཞེས། ཡིན་ནའང་། རིང་ཚད་སྨི་15ཅན་གྱི་ཚོགས་ཁང་ནང་ཀ་བ་གཅིག་ཀྱང་མེད་པས། མི་རིགས་གཞན་གྱི་འཛུགས་སྐྲུན་ཆེད་མཁས་པ་ཚོས་ཐབས་བཀོད་མ་རྙེད། ཡིན་ནའང་། མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྔོན་གྱི་བཟོ་གྲུབ་འཆར་རིས་དང་མ་ཕྱི་སོགས་ཅི་ཡང་མེད་པའི་ཆ་རྐྱེན་འོག་ཟླ་བ་གཉིས་ཀྱི་རིང་ཐིག་རིས་བྲིས་ཤིང་། ཚོད་ལྟ་ཐེངས་ལྔ་བྱས་པའི་རྗེས་སུ་གཙུག་ལག་ཁང་དངོས་སུ་ཞིག་གསོ་བྱེད་པའི་མགོ་བརྩམས་ཏེ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་། སྤྱི་ལོ་1989ལོ་ནས་བཟུང་ཕོ་བྲང་པོ་ ཏ་ལ་ཁྱོན་ཡོངས་ནས་ཞིག་གསོ་སྲ་བརྟན་གྱི་ལས་གཞིར་ལག་རྩལ་བཀོད་འདོམས་པའི་འགན་བཞེས་ཤིང་། ཞིག་གསོའི་ལས་གཞིའི་འཆར་འགོད་དང་ལྟ་སྐུལ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་པས་སྔོན་ཐོན་ལས་ཀའི་ཆོ་ལོ་བསྩལ། སྤྱི་ལོ་1994ལོར་པེ་ཅིང་ཀྲུང་ཧྭ་མི་རིགས་ལྡུམ་རའི་བོད་རིགས་མཛེས་ལྗོངས་ཀྱི་ཇུས་འགོད་པ་གཉེར་བས་ཕུལ་བྱུང་གི་ལས་གཞིའི་འཆར་འགོད་པའི་ཆོ་ལོ་ཐོབ། སྔ་ཕྱིར་གཙང་བཀྲ་ཤིས་ལྷུན་པོའི་བྱམས་ཁང་ཆེན་མོའི་ཉེན་སྐྱོབ་ལས་གཞི། ས་སྐྱའི་ལྷ་ཁང་ཆེན་མོའི་ཉེན་སྐྱོབ་སྲ་བརྟན་གྱི་ལས་གཞི། ནོར་བུ་གླིང་གའི་ཕོ་བྲང་ཁག་གི་ཉེན་སྐྱོབ་ཞིག་གསོའི་ལས་གཞི། འབྲས་སྤུངས་དགོན་དང་། སེ་ར་དགོན་པའི་འདུ་ཁང་སྲུང་སྐྱོང་ལས་གཞི། འཕྱོངས་རྒྱས་བང་སོའི་སྲོང་བཙན་ལྷ་ཁང་ལས་གཞི། ལྷོ་བྲག་སྲས་མཁར་དགུ་ཐོག་ཉེན་སྐྱོབ་སྲ་བརྟན་ལས་གཞི་སོགས་བོད་མདོ་དབུས་ཁམས་གསུམ་གཙོ་བའི་གནའ་བོའི་བཟོ་བཀོད་སྲུང་སྐྱོང་ལས་གཞི་ཁག་གི་འཆར་འགོད་པའམ་བཀོད་འདོམས་པའི་འགན་བཞེས་ཏེ་ཞབས་ཞུ་འཐུས་ཚང་གནང་། བོད་ལྗོངས་གཙོ་ཆེའི་རིག་དངོས་སྲུང་སྐྱོབ་ལས་གཞིའི་སྤྱིའི་ལྟ་སྐུལ་བ་དང་། ཕོ་བྲང་པོ་ཏ་ལའི་ཐད་སྒོའི་ཐེམ་སྐས་མྱུར་སྐྱོབ་ལས་གཞིའི་གཙོ་འགན་པ། ཇོ་ཁང་ཆེན་མོའི་སངས་རྒྱས་སྟོང་སྐུའི་གླིང་གི་སྤྱིའི་ཇུས་འགོད་པ་དང་ལྟ་སྐུལ་བའི་འགན་བཞེས། ལྷ་སའི་གཡུ་ཐོག་ལམ་གྱི་བསྐྱར་བཟོའི་ལས་གཞི་དང་། པཎ་ཆེན་བདེ་ཆེན་ཕོ་བྲང་དང་ཞོལ་གླིང་རྡོ ་རྗེ་ཕོ་བྲང་གི་ལས་གཞིའི་འགན་འཛིན་པ་སོགས་མཛད་པ་མ་ཟད། ཕོ་བྲང་པོ་ཏ་ལའི་མདུན་ངོས་ཁྲོམ་ཐང་གི་ཇུས་འགོད་ལས་ཀ་དང་། ཇུས་འགོད་རིག་ལམ། སྲོལ་རྒྱུན་རིག་གནས་སོགས་ཀྱི་སློབ་སྟོན་པའི་འགན་ཁུར། ཕྱོགས་མཚུངས་སུ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་མི་སེར་གྱི་སྡོད་ཁང་དང་། ལྷ་ཁང་། ལྡེབས་བྲིས།རྒྱལ་རོང་དང་མི་ཉག་ཕྱོགས་ཀྱི་མཁར་རྫོང་བཅས་ལ་ཞིག་གསོ་རྒྱ་ཆེན་བྱས། ད་དུང་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཁང་ཉམས་གསོ། ཁམས་དཀར་མཛེས་ཀ་བྲག་ཇོ་བོའི་མཆོད་རྟེན་ལྷ་ཁང་ཉམས་གསོའི་འཆར་འགོད། དཀར་མཛེས་ནགས་ཚང་དབྱེན་སྡུམ་མཆོད་རྟེན་ཆེན་མོ་གསར་བཞེངས་ཀྱི་འཆར་འགོད། མུ་ལི་དགོན་ཆེན་གྱི་འདུ་ཁང་ཀ་བ་བརྒྱ་ཅན་གྱི་འཆར་འགོད་དང་བཟོ་བསྐྲུན།བྱང་ཤར་སོག་སྡེ་སྤུ་ཨར་སྤོ་ཐར་རྫོང་གི་དགོན་པ་བྱམས་ཆེན་གླིང་ གསར་བཞེངས་ཀྱི་འཆར་འགོད་དང་ནུབ་ཀྱི་སོག་སྡེ་ཨུ་ལ་ཐར་ཧུ་ཆིའི་མི་འགྱུར་བསམ་གཏན་གླིང་དགོན་ཆེན་སླར་གསོའི་འཆར་འགོད་བཏོན་གནང་མཛད། སྤྱི་ལོ་2005ལོ་དང་2006ལོའི་ལོ་གཉིས་ཀྱི་རིང་ལ་ཁོང་གིས་གཞན་གྱིས་རོགས་དངུལ་བཏང་བར་བརྒྱུད། མི་ཉག་བོན་པོ་གཤིས་དང་འགེ་བ་དགོན་གཉིས་ཀྱི་ལོ་ངོ་900ནས་1200ལྷག་གི་ལོ་རྒྱུས་ཡོད་པའི་མི་ཉག་གི་མཁར་རྫོང་རྙིང་པ་དང་། ལོ་ངོ་700ལྷག་གི་ལོ་རྒྱུས་ལྡན་པའི་ལྡེབས་རིས་སོགས་ཞིག་གསོ་བྱས་པར་བརྒྱུད། མི་ཉག་གངས་དཀར་རི་བོའི་ཡུལ་སྐོར་གྱི་བརྒྱུད་ལམ་གྱི་རིག་གནས་དང་རང་བྱུང་ཁོར་ཡུག་ལ་སྲུང་ སྐྱོབ་བྱེད་པའི་མཛད་རྗེས་རབ་དང་རིམ་པ་བཞག་ཡོད།

            2010ལོར་ཡུལ་ཤུལ་ས་འགུལ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་བརྒྱུད་ནས། མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་ཡུལ་ཤུལ་གནོད་རྗེས་བསྐྱར་སྐྲུན་ལས་གཞི་བཀོད་འདོམས་པུའུ་ཡི་ཆེད་མཁས་བློ་འདྲི་ཡུལ་དུ་གདན་ཞུ་བྱས། སྔོན་རྗེས་སུ་རྒྱལ་ཁབ་ རིམ་པ་དང་ཞིང་ཆེན་རིམ་པའི་སྲུང་སྐྱོང་བྱ་ཡུལ་གྱི་རིག་དངོས་གནའ་ཤུལ་འཛོར་ཉག་དགོན་དང་། བསམ་འགྲུབ་དགོན། སྒ་ཡུལ་མཆོད་རྟེན་དཀར་པོ། འདམ་དཀར་དགོན། དགོན་གསར་དགོན་གྱི་གནའ་ཤུལ་དང་། ཇི་རི་ལུང་པའི་གནའ་བོའི་མཆོད་རྟེན། ཁྲི་འདུ་གུ་ཤི་ལྷ་ཁང་སོགས་གྱི་སྲུང་སྐྱོང་ཉམས་གསོ་ཇུས་འགོད་དང་ཨར་ལས་མཛུབ་སྟོན་པའི་འགན་བཞེས་ཏེ་ཕུལ་དུ་བྱུང་པའི་གྲུབ་འབྲས་བཟང་པོ་ཐོབ་པས་གནོད་རྗེས་བསྐྱར་སྐྲུན་སྐབས་རིག་དངོས་སྲུང་སྐྱོང་ལས་ཀའི་ཕུལ་བྱུང་མི་སྒེར་གྱི་ཆོ་ལོ་ཐོབ། 

            སྔོན་རྗེས་སུ་ཆིང་ཧྭ་སློབ་ཆེན་དང་། ཨ་རིའི་ཤ་ཝེ་ཡི་སློབ་ཆེན། ཡེན་ཏི་ཨན་སློབ་ཆེན། དབྱིན་ཇིའི་ཟམ་པ་སློབ་ཆེན། ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་ཆེན། ནོར་ཝེའི་ཚན་རྩལ་སློབ་ཆེན། འཇར་མན་ཨིན་པོ་སློབ་ཆེན་སོགས་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཆེ་བའི་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་སོགས་སུ་གདན་ཞུ་བྱས་པ་བཞིན་བོད་ཀྱི་འཛུགས་སྐྲུན་གྱི་བཟོ་རྩལ་དང་ཁྱད་ཆོས། དགེ་མཚན་སྐོར་ལ་བགྲོ་གླེང་རྒྱ་ཆེན་གནང་།ཐེངས་དུ་མར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ཚོགས་ཆེན་ དུ་ཚོགས་ཞུགས་གནང་། ཨ་རིའི་སྐབས་དགུ་བའི་འཛམ་གླིང་བོད་རིག་པའི་ཚོགས་ཆེན་དུ་ཞུགས་སྐབས་ཐུ་བྷོད་སྐབས་ཀྱི་ཕོ་བྲང་པོ་ཏ་ལའི་གཟུགས་དབྱིབས་དང་སྒྲིག་བབ་ཞེས་པའི་དཔྱད་རྩོམ་སྤེལ། 2000ལོར་བོད་ལྗོངས་སློབ་ཆེན་གྱི་གནའ་བོའི་འཛུགས་སྐྲུན་སྡེ་ཁག་གིས་སློབ་སྟོན་སློབ་དཔོན་དུ་གདན་འདྲེན་ཞུས་པས་བོད་ཀྱི་འཛུགས་སྐྲུན་ལོ་རྒྱུས་དང་མཛེས་རྩལ། བཟོ་རྩལ། འཛུགས་སྐྲུན་གྱི་དབྱེ་བ། དམིགས་བསལ་གྱི་རྒྱུ་་དང་འཛུགས་སྐྲུན་གྱི་གོ་རིམ་སོགས་སློབ་ཁྲིད་བགྱིས་ཏེ་ད་བར་ཏུ་སློབ་མ་ཚན་རིམ་བཞི་ཙམ་གསོ་སྐྱོང་གནང་ཡོད། 2003ལོར་བོད་ལྗོངས་སློབ་ཆེན་གྱི་ལས་གཞི་སློབ་གླིང་གི་ལས་ཞོར་སློབ་དཔོན་དུ་གདན་འདྲེན་ཞུས།  གཞན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མགྲོན་ཞུས་སློབ་དཔོན་གྱི་འགན་ཁུར་ཡོད། སྔོན་རྗེས་སུ་འཛུགས་སྐྲུན་དང་འབྲེལ་བའི་དཔེ་ཆ་བཅུ་གྲངས་ལ་ཉེ་བར་པར་བསྐྲུན་གནང་ཡོད། དེའི་ནང་ནས་རྒྱ་ཡིག་གི་《བོད་ཀྱི་དམངས་ཁྲོད་ཀྱི་ཁང་པ།》དང་《བོད་ཀྱི་འཛུགས་སྐྲུན་གྱི་བཟོ་རྩལ། 》 ཞེས་པའི་དེབ་གཉིས་པོ་འཛུགས་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་ཚོས་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད་ལ།《 རྒྱ་བོད་དབྱིན་གསུམ་གྱི་བོད་ཀྱི་ཕོ་བྲང་དང་དགོན་སྡེ་སོགས་ཀྱི་ཉམས་གསོ་འཆར་འགོད་ཀྱི་དཔེ་རིས་ཡིག་ཆ་ཕྱོགས་བསྒྲིགས།》ཅེས་པ་ད་སྐབས་པར་སྒྲིག་གནང་བཞིན་ཡོད།

               བོད་ཀྱི་འཛུགས་སྐྲུན་མཁན་པོ་མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ལོ་ཟླའི་བརྒྱུད་རིམ་ཁྲོད་དུ་མེས་པོ་ཤུལ་བཞག་རིན་བྲལ་གྱི་གཅེས་ནོར་རྣམས་ལོ་རྒྱུས་ཀྱི་དབྱིངས་སུ་མི་ཡལ་བ་དང་། བོད་མི་རིགས་ཀྱི་འཛུགས་སྐྲུན་སྒྱུ་རྩལ་འདི་ཉིད་དུས་རབས་དང་འཚམས་པའི་རྒྱུན་འཛིན་དང་དར་སྤེལ་ཡོང་ཆེད་འདི་ལྟ་བུའི་དཀའ་ཚེགས་དང་འོ་བརྒྱལ་གནང་བ་དེ་ང་ཚོས་ལག་ཟུང་འདབ་བཅུ་སྙིང་གར་ཟུམ་ཏེ་ཡི་རངས་བྱ་བའི་གནས་ཡིན་ལ། དམ་པ་ཁོང་ཉིད་ཀྱིས་ད་དུང་མུ་མཐུད་ནས་བོད་ཀྱི་གནའ་བོའི་གྲགས་ཅན་གྱི་བཟོ་བཀོད་སྲུང་སྐྱོང་དང་བོད་ལུགས་སྒྱུ་རྩལ་གྱི་ཕྱུག་པའི་འཛུགས་སྐྲུན་ལས་གཞི་གང་མང་སྤེལ་འཆར་འདུག་པས་ཁོང་ཉིད་ཀྱིས་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་པའི་སྨོན་འདུན་གྲངས་མེད་ཞུ།། །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1