ལྷ་སར་འགོག་ཁབ་རྒྱག་འགོ་བརྩམས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-08



    ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་ཁག་དང་པོ་རྒྱག་པའི་ལས་དོན་ཁྱོན་ཡོངས་ནས་འགོ་བརྩམས་པ་དང་། མིག་སྔར། ཏོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་ས་14ཡོད་དེ། ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་12དང་། ཚལ་གུང་ཐང་ཤང་འཕྲོད་བསྟེན་ཁང་དང་རྔ་ཆེན་ཤང་འཕྲོད་བསྟེན་ཁང་བཅས་ཡིན། མིག་སྔར་ལོ་18ནས་ལོ་59བར་གྱི་ཉེན་ཁ་ཆེ་བའི་མང་ཚོགས་ལ་དུས་ཆད་བསྒོས་ནས་འགོག་ཁབ་རྒྱག་རྒྱུ་རེད། 
   འཁྱགས་ཕྲེང་དང་སྐྱེལ་འདྲེན་གྱི་འབྲེལ་ཡོད་ལས་ཀ་བྱེད་མཁན་དང་། འཐབ་ཕྱོགས་དང་པོའི་སྨན་བཅོས་འཕྲོད་བསྟེན་མི་སྣ། གཅིག་སྡུད་ལོགས་སུ་བཀར་སའི་ལས་བྱེད་མི་སྣ། གཞུང་དོན་དང་སྒེར་དོན་དུ་ཕྱི་རྒྱལ་ལ་འགྲོ་དགོས་མཁན། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་མི་སྣ། གྲོང་ཁྱེར་གྱི་སྡེབ་ཚོང་ཁྲོམ་རའི་ལས་དོན་མི་སྣ། བཟའ་བཏུང་ལས་རིགས་ཀྱི་ཞབས་ཞུ་མི་སྣ་སོགས་གྲོང་ཁྱེར་གྱི་འཁོར་སྐྱོད་འགན་སྲུང་མི་སྣ་དང་། འཐབ་ཕྱོགས་དང་པོའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)དང་། དྲག་ཆས་ཉེན་རྟོག་པ། མེ་ཟོན། སྡེ་ཁུལ་ལས་དོན་མི་སྣ། སྲིད་གཞུང་ལས་ཁུངས་དང་། རྒན་གསོ། ཁོར་ཡུག་འཕྲོད་བསྟེན། དུར་འཇུག འཕྲིན་གཏོང་བཅས་ཀྱི་འབྲེལ་ཡོད་ལས་དོན་མི་སྣ། ཉེན་ཁ་ཡོད་པའི་མི་ཚོགས་གཞན་དག་ཚང་མར་འགོག་ཁབ་བརྒྱབ་ཆོག  སྔ་ཕྱིར་འགོག་ཁབ་གཉིས་རེ་རྒྱག་དགོས་ཏེ། བར་ཐག་ཆེས་ཐུང་ནའང་ཉིན་14འཇོག་དགོས། མིག་སྔར་ཁབ་གཉིས་ཀའི་བར་ལ་ཉིན་28བཞག་ན་བཟང་ཟེར། ཁབ་རྒྱག་ས་དཔུང་པ་ཡིན།
   འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ད་དུང་མི་སྒེར་གྱིས་དུས་ཆད་བསྒོས་ནས་ཏོག་གསར་རིམས་ནད་འགོག་ཁབ་རྒྱག་མི་ཐུབ་ནའང་། དེ་སྔོན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་འཆར་གཞི་ལྟར་ན། 2021ལོའི་ཟླ་2པར། གཙོ་གནད་མང་ཚོགས་ལ་འགོག་ཁབ་བརྒྱབ་པའི་རྨང་གཞིའི་ཐོག གཅིག་གྱུར་གྱི་བཀོད་སྒྲིག་ལྟར་དུ་གོ་རིམ་ལྡན་པའི་སྒོ་ནས་མི་ཚོགས་གཞན་དག་ཀུན་ལ་འགོག་ཁབ་རྒྱག་རྒྱུའི་ལས་དོན་སྤེལ་རྒྱུ་རེད། 
   ལས་བྱེད་མི་སྣས་དམིགས་བསལ་དྲན་སྐུལ་བྱས་པ་སྟེ། རིམས་ནད་འགོག་ཁབ་ཀྱི་སྨན་རྫས་གང་རུང་ལ་མི་འཕྲོད་མཁན་དང་། སྔོན་ཆད་རིམས་འགོག་སྨན་ཁབ་ལ་སྨན་ལོག་ཚབས་ཆེན་བྱུང་མཁན། ཚ་བ་རྒྱས་པ་དང་དོས་དྲག་ནད་ཚབས་ཆེན་ཡོད་མཁན། གཅོང་ནད་མྱུར་འཕར་དུས་ཀྱི་མི་ཚོགས། ཏོག་གསར་གློ་ཚད་ནད་དྲག་བྱུང་མཁན་དང་ཡང་ན་ནད་རྟགས་མེད་པའི་ནད་པ། ཟླ་གསུམ་ནང་ཚུན་དུ་བུ་བཙའི་འཆར་གཞི་ཡོད་པའི་ཁྱོ་ཤུག་དང་དེ་བཞིན་སྦྲུམ་མ་དང་ནུ་མ་སྣུན་བཞིན་པའི་བུད་མེད། བརྒྱལ་སླ་མཁན། བརྒྱལ་གཟེར། ཀླད་པའི་ནད་དམ་ཡང་ན་དབང་རྩའི་མ་ལག་གི་ནད་རིགས་དང་སེམས་ཁམས་ཀྱི་ནད་རྒྱུས་སམ་ཁྱིམ་རྒྱུད་ཀྱི་ནད་རྒྱུས་ལྡན་པའི་ནད་པ། དེ་བཞིན་ཉེན་ཁ་ཆེ་བའི་མི་ཚོགས་གཞན་དག་བཅས་དང་། ནད་ཐོག་སྨན་བཅོས་བྱེད་མཁན་སྨན་པའམ་སྨན་ཁབ་རྒྱག་པའི་ལས་བྱེད་མི་སྣས་སྨན་ཁབ་རྒྱག་པར་མི་འཚམ་མཁན་བཅས་ལ་འགོག་ཁབ་རྒྱག་མི་འོས།
   ཤེས་རྟོགས་བྱུང་བར་གཞིགས་ན། སྨན་ཁབ་བརྒྱབ་རྗེས། ལྟ་ཞིབ་ཁང་དུ་སྐར་མ་30བསྡད་ནས་བརྟག་དཔྱད་བྱེད་དགོས་པ་དང་། སྨན་ལོག་མ་བྱུང་ན་རང་དགར་སོང་ན་ཆོག  ཁྲེང་ཀོན་ཆུས་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཐོན་པའི་སྔོན་འགོག་སྨན་ཁབ་ཀྱི་རྒྱུན་གཏན་མིན་པའི་མངོན་ཚུལ་ལ་གཞིགས་ནས་ཁྲེང་ཀོན་ཆུས་ཀྱི་སྨན་ཁབ་རྒྱག་གནས་ཚང་མར་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱི་ཛ་དྲག་མྱུར་སྐྱོབ་མི་སྣ་བཅའ་སྡོད་བྱས་ཡོད་ཅིང་། སྨན་ཁབ་རྒྱག་གནས་སུ་སྨན་ལོག་བྱུང་མཁན་ལ་མྱུར་སྐྱོབ་དང་ཡང་ན་གོང་རིམ་སྨན་ཁང་དུ་སྐྱེལ་རོགས་བྱ་རྒྱུ་རེད། ཟླ་1ཚེས་5ཉིན་བར། ཁྲེང་ཀོན་ཆུས་སུ་སྨན་ལོག་བྱུང་མཁན་གཅིག་ཀྱང་མེད། (http://tibet.people.com.cn/15834599.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1