༄༅།།སློབ་དཔོན་ཆོས་མཆོག་གི་འཁྲུངས་འདས་དང་འཁྲུངས་ཡུལ་སོགས་ཀྱི་སྐོར་ལ་ཅུང་ཟད་དཔྱད་པ།

བསྟན་པ་ཚེ་རིང་། ཟླ་བ་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། 01-11



 བསྟན་པ་ཚེ་རིང་། ཟླ་བ་སྒྲོལ་མ།
གནད་བསྡུས། དཔྱད་རྩོམ་འདིར་ད་ཡོད་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་དཔྱད་ཡིག་གུང་བསྒྲིགས་ནས་བརྟགས་ན་སློབ་དཔོན་ཆོས་མཆོག་ནི་དུས་རབས་བརྒྱད་པའམ་སྤྱི་ལོ་བདུན་རྒྱའི་ནང་དུ་བྱོན་པའི་མཁས་དབང་ཞིག་ཡིན་པ་དང་། ཁོང་གི་འཁྲུངས་ཡུལ་རྒྱ་གར་དང་ཀསྨིར་གང་ཞིག་ཡིན་མིན་ཐད་ལ་དོགས་སློང་མཛད་པ་མ་ཟད། སློབ་དཔོན་གང་ཞིག་བསྟེན་མྱོང་བ། སྒོས་སུ་ཁོང་ལ་གསུང་རྩོམ་གཙོ་བོ་ཆེ་བ་གང་དང་གང་ཡོད་མེད་སྐོར་སོགས་གླེང་འདུག 
གནད་ཚིག སློབ་དཔོན་ཆོས་མཆོག འཁྲུངས་འདས་འཁྲུངས་ཡུལ། གསུང་རྩོམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B982 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)04-048-08
        དེའང་འགྲེལ་བྱེད་མཁན་པོ་བརྒྱད་ཀྱི་ཡ་གྱལ་རྒྱ་གར་གྱི་ཚད་མ་རིག་པའི་པཎྜིཏ་ཆེན་མོ་པཎ་ཆེན་རྒྱལ་རྔ་བདུན་པའམ་སློབ་དཔོན་ཆོས་མཆོག་ནི་རང་རེ་བོད་གངས་ཅན་ལྗོངས་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་མཁས་པ་ཞིག་ཡིན་ཞིང་། ཁོང་དངོས་སུ་བོད་ལ་ཞབས་ཀྱིས་བཅགས་མེད་ནའང་རྔོག་ལོ་ཆེན་པོ་ལ་སོགས་པའི་མཁས་པ་རྣམས་ཀྱིས་ཁོང་གི་ལེགས་བཤད་ཀྱི་བདུད་རྩི་ཚིམས་པར་གསོལ་ཏེ་ཁོང་གི་བསྟན་བཅོས་རྣམ་ངེས་འགྲེལ་ཆེན་ལ་སོགས་པ་དུ་མ་བོད་དུ་བསྒྱུར་བ་ལ་བརྟེན་ནས་རེ་ཞིག་བོད་དུ་ཚད་མ་རྣམ་ངེས་ཀྱི་འཆད་ཉན་ཤིན་ཏུ་དར་ཆེ་བ་བྱུང་ཞིང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་། རྗེ་དགེ་འདུན་གྲུབ་པ་ལ་སོགས་པས་ཀྱང་ཁོང་གི་ཚད་གཞུང་དགོངས་པ་གཙོ་བོར་རང་ལུགས་སུ་འཛིན་པ་ལ་སོགས་པའི་དབང་གིས་སློབ་དཔོན་ཆོས་མཆོག་ཅེས་པའི་མཚན་སྙན་དང་། འཐད་ལྡན་ཆེ་ཆུང་ལ་སོགས་པའི་གཞུང་འགྲེལ་རྣམས་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་རྣམས་ལ་རླུང་ལྟར་གྲགས་ཤིང་། འཐད་ལྡན་ཆེ་ཆུང་ལ་སོགས་པའི་ཚད་མའི་བསྟན་བཅོས་དེ་དག་གིས་བོད་དར་ཚད་མ་རིག་པའི་འཕེལ་རིམ་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བརྟེན། ཁོང་གི་སྐུ་ཚེ་གང་པོའི་མཛད་རྣམ་ལ་ཞིབ་འཇུག་བྱ་རྒྱུ་ནི་ཚད་མ་རིག་པའི་ཞིབ་འཇུག་སྐབས་ཤིན་ཏུ་འགངས་ཆེ་བར་མཐོང་ནས་ད་ལམ་འདིར་སློབ་དཔོན་ཆོས་མཆོག་གི་འཁྲུངས་འདས་སོགས་ཀྱི་སྐོར་ལ་ཅུང་ཟད་དཔྱད་པར་བྱ་སྟེ།
དང་པོ། སློབ་དཔོན་ཆོས་མཆོག་གི་འཁྲུངས་འདས་ལོ་ཚིགས་སྐོར་ལ་དཔྱད་པ།
        སློབ་དཔོན་ཆོས་མཆོག་གི་འཁྲུངས་འདས་སྐོར་ལ་མཁས་དབང་ཚོའི་གསུངས་ཚུལ་མི་འདྲ་བ་དུ་མ་ཡོད་པར་སྣང་སྟེ། ཨུ་རུ་སུའི་མཁས་དབང་ཧྲ་འར་པྰ་ཚེ་ཀི་(舍尔巴茨基)ཡིས་ཧ་ལམ་སྤྱི་ལོ་800ནང་ཚུད་དུ་ཡིན་པར་གསུངས་ཡོད་པ་དང་།[1] རྒྱའི་ཉམས་ཞིབ་པ་ཡའོ་ནན་བྱང་(姚南强)གིས་ཕལ་ཆེར་སྤྱི་ལོའི་དུས་རབས་བརྒྱད་པའི་མི་ཡིན་པར་གསུངས་པ་དང་།[2] མཁས་དབང་ཁང་དཀར་ཚུལ་ཁྲིམས་མཆོག་ནས་སློབ་དཔོན་ཆོས་མཆོག་གི་ཞིབ་ཕྲའི་འཁྲུངས་འདས་ལོ་ཚིགས་བཀོད་ཡོད་པ་ནི། སྤྱི་ལོ་750-810བར་ཡིན་པར་གསུངས་ཤིང་།[3] རྒྱའི་མཁས་པ་ཨུ་པའི་ཧུའི་(巫白慧)ཡིས་བརྩམས་པའི་《རྒྱ་གར་གྱི་གཏན་ཚིག་རིགས་པ》(印度哲学)ཞེས་པའི་དཔེ་ཆའི་ནང་དུ་སྔ་རྗེས་སུ་བོད་དུ་ཕྱག་དཔེ་འཚོལ་དུ་ཐེངས་གཉིས་ཕེབས་མྱོང་བའི་རྒྱ་གར་གྱི་ནང་ཆོས་ཞིབ་འཇུག་པ་མཁས་དབང་ཤང་ཀ་ལི་ཏི་ཡ་ན(商克利谛延那)ཡིས་མཛད་པའི་རྒྱ་གར་གྱི་ནང་ཆོས་མཚན་ཉིད་རིག་པ་མཁས་ཅན་གྱི་ལོ་ཚིགས་རེའུ་མིག་ཅིག་འཁོད་པ་དེའི་ནང་དུ་སློབ་དཔོན་ཆོས་མཆོག་དང་སློབ་དཔོན་ཉི་མ་སྦས་པའི་ལོ་ཚིགས་དེ་སྤྱི་ལོ་725ཡིན་པ་འཁོད་ཡོད།[4] ཇོ་ནང་ཏཱ་ར་ན་དས་བརྩམས་པའི་རྒྱ་གར་ཆོས་འབྱུང་ནང་དུ་སློབ་དཔོན་ཕྱོགས་གླང་ཆོས་གྲགས་སོགས་ཀྱི་རྣམ་ཐར་བརྗོད་ཡོད་ནའང་སློབ་དཔོན་ཆོས་མཆོག་གི་རྣམ་ཐར་བརྗོད་མེད་པ་དང་། དེ་བཞིན་བུ་སྟོན་ཆོས་འབྱུང་དུ་སློབ་དཔོན་ཆོས་མཆོག་གི་ཚད་གཞུང་བོད་སྒྱུར་མ་ཇི་ཡོད་ཙམ་ལས་ཞིབ་ཕྲའི་འཁྲུངས་འདས་ལོ་རྒྱུས་སོགས་གང་ཡང་གསུངས་མེད་པས་དེ་ལ་མཁས་པ་ཁ་ཅིག་གིས་སློབ་དཔོན་འདི་འཁྲུངས་ཡུལ་ཀསྨིར་(克什米尔)ཡིན་པར་འདོད་མཁན་ཡོད་པས་དེ་དག་གི་རྗེས་སུ་འབྲངས་བ་ཡིན་ནམ་ཞེས་གསུངས་པའང་དཔྱད་པར་བྱ་དགོས་པར་སྣང་།
        གོང་སྨྲོས་མཁས་དབང་དེ་དག་གི་གསུང་ཚུལ་ལས་སློབ་དཔོན་ཆོས་མཆོག་གི་འཁྲུངས་འདས་སྐོར་ལ་ཨུ་རུ་སུའི་མཁས་དབང་ཧྲ་འར་པྰ་ཚེ་ཀི་དང་རྒྱའི་ཉམས་ཞིབ་པ་ཡའོ་ནན་བྱང་གཉིས་ཀྱིས་སྐུ་འཚོ་བཞུགས་ཀྱི་དུས་རབས་ཙམ་ལས་ཞིབ་ཕྲའི་འཁྲུངས་འདས་འཁོད་མེད་པ་དང་། རྒྱའི་མཁས་པ་ཨུ་པའི་ཧུའི་ཡིས་བརྩམས་པའི་《རྒྱ་གར་གྱི་གཏན་ཚིག་རིགས་པ》(印度哲学)ཞེས་པའི་དཔེ་ཆའི་ནང་དུ་སྤྱི་ལོ་725ཞེས་འཁོད་པའང་འཁྲུངས་ལོ་ཡིན་པའི་དབང་དུ་རྩིས་ན་ད་དུང་འདས་ལོ་གང་ཡིན་ཁ་གསལ་འཁོད་མེད་པ་དང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་ནས་ཞིབ་ཕྲའི་འཁྲུངས་འདས་བཀོད་ཡོད་ནའང་འབྲེལ་ཡོད་དཔྱད་གཞི་མང་དག་ཅིག་དང་གོ་བསྡུར་ཞུས་ན་ད་དུང་ཡང་ལོ་ཚིགས་དེ་དོན་ལ་གནས་མིན་དཔོག་པར་དཀའ་བས་མདོར་ན་གསུངས་ཚུལ་དེ་དག་ལའང་ཞིབ་ཕྲའི་ལོ་ཚིགས་གཅིག་མཐུན་མེད་པ་དང་རྒྱང་ཁྱད་ཅུང་ཆེ་བ་སོགས་ཀྱི་གནས་ཚུལ་ཡོད་པས་ད་དུང་ཡང་འཁྲུངས་འདས་ཀྱི་ཞིབ་ཕྲའི་ལོ་ཚིགས་ཁ་ཚོན་གཅོད་དཀའ་བར་སྣང་། འོན་ཀྱང་གསུངས་ཚུལ་དེ་རྣམས་གུང་བསྒྲིགས་ནས་བརྟགས་ན་དུས་རབས་བརྒྱད་པའམ་སྤྱི་ལོ་བདུན་རྒྱའི་ནང་དུ་བྱོན་པའི་མཁས་དབང་ཞིག་ཡིན་པར་ཁ་ཚོན་གཅོད་ཐུབ་པར་སེམས། དེ་ལྟ་ནའང་ཁོང་གི་འཁྲུངས་ཡུལ་ཞིབ་ཕྲ་གང་ཡིན་དང་། དགུང་གྲངས་ཇི་ཙམ་འཚོ་བཞུགས་གནང་བ་དང་། དགུང་གྲངས་ཇི་ཙམ་ལ་ཁ་ཆེའི་ཡུལ་དུ་ཆིབས་སྒྱུར་གནང་བ་དང་། ཁ་ཆེའི་ཡུལ་དུ་དུས་ཇི་ཙམ་བཞུགས་པ་སོགས་ཀྱི་སྐོར་ལ་བཞེད་པ་མི་མཐུན་ཞིང་ད་དུང་ཡང་དཔྱད་དགོས་པ་དུ་མ་ཡོད་པར་སྣང་།
གཉིས་པ། སློབ་དཔོན་ཆོས་མཆོག་གི་འཁྲུངས་ཡུལ་དང་སློབ་དཔོན་སུ་ཡིན་སྐོར་ལ་དཔྱད་པ། 
        སློབ་དཔོན་ཆོས་མཆོག་གི་འཁྲུངས་ཡུལ་ཐད་ལའང་ཞིབ་ཕྲའི་གསལ་ཁ་གཏོད་པའི་ལོ་རྒྱུས་མཐོང་དཀོན་ཞིང་། ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནང་དུ་སློབ་དཔོན་ཆོས་མཆོག་གི་ཚད་གཞུང་བོད་སྒྱུར་མ་ཇི་ཡོད་སྐོར་ཙམ་ལས་གོང་གི་འཁྲུངས་འདས་དང་འཁྲུངས་ཡུལ་སོགས་གང་ཡང་འཁོད་མེད་ཅིང་། དེ་ལ་ཨུ་རུ་སུའི་མཁས་པ་ཧྲའར་པ་ཚི་ཀི་ནས་དེ་ནི་ཁོང་ཀསྨིར་གྱི་མི་ཡིན་པར་སེམས་ནས་མ་བཀོད་པ་དང་། དོན་དུ་ཁོང་ནི་ཀསྨིར་གྱི་མི་རྩ་བ་ནས་མ་ཡིན།[5] ཞེས་གསུངས་པ་ལ་བརྟགས་ན་ཇོ་ནང་ཏཱ་ར་ནཱ་ཐ་ནས་ཁོང་ཀསྨིར་གྱི་མི་ཡིན་པར་བཞེད་པར་མངོན་ལ། དེའི་རྒྱུ་མཚན་ཡང་ཁོང་ཕལ་ཆེར་སྤྱི་ལོ་800ཙམ་ལ་ཀསྨིར་དུ་ཕེབས་ནས་ཀསྨིར་དུ་ཡུན་རིང་སློབ་ཁྲིད་ཀྱི་མཛད་པ་བསྐྱངས་ཏེ་སློབ་མ་མང་པོ་གསོ་སྐྱོང་གནང་བའི་རྐྱེན་གྱིས་ཡིན་པར་སེམས། འོན་ཀྱང་ཧྲའར་པ་ཚི་ཀི་རང་ཉིད་ནས་ཀྱང་སློབ་དཔོན་ཆོས་མཆོག་གི་ཞིབ་ཕྲའི་འཁྲུངས་འདས་དང་འཁྲུངས་ཡུལ་སོགས་དངོས་སུ་མཐའ་ཆོད་པར་གསུངས་བར་མི་སྣང་ཡང་ཆོས་ལུགས་གཏན་ཚིགས་(《佛教逻辑》)ཞེས་པའི་དཔེ་ཆ་དེའི་ནང་དུ《ཀསྨིར་གྱི་རྒྱལ་རབས་ཟིན་ཐོ》(《迦湿弥罗王统记》)ཞེས་པའི་ལུང་ཚིག་དྲངས་ཏེ་དེའི་ཚེ་རྒྱལ་པོས་ཁོང་གདན་མ་དྲངས་པའི་སྔ་རོལ་དུ་ནུབ་གཅིག་རྨི་ལམ་དུ་ཉི་མ་ནུབ་རི་ནས་ཤར་བ་རྨིས་ཤིང་དེའི་ནུབ་རི་དེ་རྒྱ་གར་ལ་གོ་བར་འགྲེལ་ཡོད་པས་[6]སྤྱིར་གྱི་གསུང་སྒྲོས་ལ་དཔགས་ན་འཁྲུངས་ཡུལ་རྒྱ་གར་ཡིན་པ་ཤུགས་ལ་བསྟན་པ་ལྟ་བུར་སྣང་བ་དང་། དེ་བཞིན་རྒྱལ་རབས་དེ་དཔྱད་གཞིར་བཟུང་སྟེ་སློབ་དཔོན་ཆོས་མཆོག་ཀསྨིར་དུ་ཕེབས་པའི་དུས་ཚོད་དེ་ཡང་སྤྱི་ལོ་800ལོ་ལ་ཡིན་པར་ཚོད་དཔགས་གནང་ཡོད།
        དེ་བཞིན་དུ་སློབ་དཔོན་ཆོས་མཆོག་གིས་སློབ་དཔོན་སུ་བསྟེན་ཡོད་སྐོར་ལའང་བཞེད་ཚུལ་སྣ་ཚོགས་མཆིས་ཤིང་། བུ་སྟོན་ཐམས་ཅད་མཁྱེན་པས་སློབ་དཔོན་ཆོས་མཆོག་ནི་ཆོས་འབྱུང་འབྱིན་དང་དགེ་སྲུང་གི་སློབ་མ་ཡིན་པར་ཊཱིཀ་ལས་བཤད་དོ། ཞེས་བུ་སྟོན་ཆོས་འབྱུང་དུ་གསུངས་[7]ཤིང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་ནས་ཀྱང་དེའི་རྗེས་སུ་འབྲངས་ཡོད་དེ། དེའི་སློབ་མ་དུལ་བ་ལྷ། དེའི་སློབ་མ་ཆོས་མཆོག །ཅེས་ཟེར་ཏོ། །ཆོས་མཆོག་ནི་ཆོས་འབྱུང་འབྱིན་དང་དགེ་སྲུང་གི་སློབ་མ་ཡིན་པར་ཊཱིཀ་ལས་བཤད་དོ། །[8]ཞེས་དང་། དེ་ཉིད་ལས། དེ་ཡང་དགེ་སྲུང་གི་གཞུང་གི་གཙོ་བོ་ཕྱི་རོལ་དོན་གྲུབ་པ་ཞི་བ་འཚོས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་ལེའུ་ཉེར་བརྒྱད་པ་ཕྱི་རོལ་གྱི་དོན་བརྟགས་པར་བཀག་པ་མ་ཟད། ལྷག་པར་པད་མའི་ངང་ཚུལ་གྱི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། ཇི་སྐད་དུ་བཙུན་པ་དགེ་སྲུངས་ཀྱིས། རྡུལ་ཕྲན་རྣམས་ཀྱིས་རང་དབང་དུ། ཞེས་མཚན་སྨོས་ཏེ་བཀག་འདུག་པས་སློབ་དཔོན་འདི་བཞིན་ཞི་བ་འཚོའི་གོང་རོལ་དུ་བྱོན་པ་གསལ་པོར་ཆགས།[9] ཞེས་གསུངས་པས། དེ་ལྟར་ན། མཁན་ཆེན་ཞི་བ་འཚོའི་འཁྲུངས་འདས་སྐོར་ལ་བཞེད་པ་མི་འདྲ་བ་དུ་མ་ཡོད་ནའང་དུང་དཀར་ཚིག་མཛོད་ལྟར་ན་742ལོར་འཁྲུངས་པར་གསུངས་ཡོད་པར་གཞིགས་ན། སློབ་དཔོན་ཆེན་མོ་དགེ་སྲུང་དང་སློབ་དཔོན་ཆོས་མཆོག་རྣམ་གཉིས་མཁན་ཆེན་ཞི་བ་འཚོའི་གོང་རོལ་དུའམ་ཡང་ན་དུས་མཉམ་དུ་བྱོན་པར་གྲུབ་ཅིང་། སློབ་དཔོན་ཆེན་པོ་དགེ་སྲུང་ཡང་ཁང་དཀར་མཆོག་ནས་མཁན་ཆེན་ཞི་བ་འཚོའི་གོང་དུ་བྱོན་པ་གསལ་པོར་ཆགས་གསུངས་པའང་ཤིན་ཏུ་མད་པའི་གཏམ་དུ་སྣང་ཞིང་། སྡེ་བདུན་འགྲེལ་བྱེད་མཁན་པོའི་བརྒྱུད་རིམ་ཡང་དགེ་སྲུང་དང་། ཞི་བ་འཚོ་དང་། པད་མའི་ངང་ཚུལ་དང་། ཆོས་མཆོག ། ཤེས་རབ་འབྱུང་གནས་སྦས་པ་ཞེས་གོ་རིམ་འགྲིག་པའང་རྩ་བའི་ཆ་ནས་དོན་ལ་གནས་པར་སེམས། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལས། རྒྱལ་པོ་འདི་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་ངམ་དྷརྨ་པྰ་ལ་དང་དུས་མཉམ་དུ་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་པོ་ཙ་ཀྲ་ཡུ་དྷ་ཞེས་པ་ཡོད་པར་རྒྱལ་སྡེ་སྐར་ཆུང་རྡོ་རིང་གི་ཡི་གེ་ལ་སྣང་། རགས་རྩིས་སུ་བྱས་པ་ལ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པར་ཤེས་སོ། །རྒྱལ་པོ་འདིའི་དུས་སུ་(རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་ངམ་དྷརྨ་པྰ་ལ་)རྟོག་གེ་པ་ཆེན་པོ་དགེ་སྲུང་དང་། སེང་གེ་བཟང་པོ་དང་། མཛེས་བཀོད་དང་། རྒྱ་མཚོ་སྤྲིན་དང་། འོད་ཟེར་འབྱུང་གནས་དང་། གང་བ་སྤེལ་དང་། རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཐུགས་སྲས་དང་བཅས་པ་རྣམས་དང་། སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་དང་། ཁ་ཆེའི་ཡུལ་དུ་སློབ་དཔོན་པདྨ་འབྱུང་གནས་དབྱངས་དང་། རྟོ ག་གེ་པ་ཆོས་འབྱུང་འབྱིན་དང་། འདུལ་འཛིན་སེང་གེའི་གདོང་ཅན་ལ་སོགས་པ་བྱུང་ངོ་། །[10] ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་སློབ་དཔོན་ཆེན་པོ་དགེ་སྲུང་གཉིས་དུས་མཉམ་དུ་བྱུང་བར་གསུངས་པའང་དོན་ལ་མི་འགལ་བར་སེམས་ཏེ། དུས་མཉམ་དུ་བྱུང་གསུངས་པའང་རྩ་བའི་ཆ་ནས་དུས་རབས་གཅིག་གི་ནང་དུ་བྱུང་བ་གཅིག་མཚུངས་ཡིན་པའི་དབང་གིས་གསུངས་ཤིང་། དོན་དུ་དེ་དག་ལ་དུས་རབས་གཅིག་གི་ནང་དུ་བྱུང་ནའང་བྱོན་ལོ་སྔ་ཕྱིའི་ཁྱད་པར་དུ་མ་ཡོད་ཆོག་ལ། འོན་ཀྱང་དེ་དག་བར་ལ་ལོ་གྲངས་སྔ་ཕྱིའི་ཁྱད་པར་ཆེན་པོ་མེད་པ་ནི་གོང་གི་མཁས་དབང་དེ་དག་གི་གསུངས་ལས་ལེགས་པར་དཔོག་ཐུབ་པར་སེམས། རྒན་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རིག་པའི་སྤྱི་དོན་ཞེས་པ་ལས་སློབ་དཔོན་རྒྱན་མཁན་པོའི་སློབ་མ་རྒྱལ་རྔ་གསུམ་པ་པཎ་ཆེན་ཆོས་མཆོག་གིས་ཞེས།”[11]གསུངས་པ་དང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་ནས་“དེ་ཡང་རྒྱན་མཁན་པོ་ཤེས་རབ་འབྱུང་གནས་སྦས་པ་ཆོས་མཆོག་དང་སྐུ་ཐོག་དུས་མཚུངས་དུས་རབས་བརྒྱད་པ་དགུ་པར་མཛད་འཕྲིན་བྱུང་བའི་སློབ་དཔོན་ཞིག་ཡིན། རྣམ་འགྲེལ་རྒྱན་མཛད་པའི་སྟོབས་ཀྱིས་སྙན་གྲགས་ཤིན་ཏུ་ཆེ།”[12]ཞེས་གསུངས་པ་རྣམས་ལ་བསམས་ན་སློབ་དཔོན་རྒྱན་མཁན་པོ་བླ་མར་བསྟེན་པའང་ཡིན་སྲིད། འོན་ཀྱང་ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ། རྒྱལ་པོ་མ་ཧཱ་པཱ་ལའི་སྐུ་ཚེའི་སྨད་ཙམ་ན། བི་ཊོ་ཨཱ་ཙརྱས་དུས་ཀྱི་འཁོར་ལོའི་རྒྱུད་སྤྱན་དྲངས་ཏེ་རྒྱལ་པོ་འདིའི་དུས་སུ་དར་བར་མཛད། རྟོག་གེ་པ་རྒྱན་མཁན་པོ་སྟེ་ཤེས་རབ་འབྱུང་གནས་སྦས་པ་བྱུང་།[13] ཞེས་གསུངས་པ་ལྟར་ན་རྒྱལ་པོ་མ་ཧཱ་པཱ་ལ་ནི་དུས་རབས་བཅུ་གཅིག་ཙམ་གྱི་མི་ཡིན་པས་ལོ་ཚིགས་ཤིན་ཏུ་འགྲིག་དཀའ་ཞིང་། དེ་ལ་མཁས་པ་ཧྲའར་པ་ཚི་ཀི་ཡིས། གསལ་འགྲེལ་ལུགས་(明教派)ཀྱི་སྲོལ་གཏོད་པ་པོ་ནི་ཤེས་རབ་འབྱུང་གནས་སྦས་པ་(慧相护)ཡིན་པ་དང་། ཁོང་ནི་བྷང་ག་ལའི་མངའ་སྡེ་ནས་ཡིན་ཞིང་། ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ་ཁོང་གི་རྣམ་ཐར་ཞིབ་ཕྲ་འཁོད་མེད་རུང་ཁོང་ནི་རྟེན་དགེ་བསྙེན་ཡིན་པ་དང་རྒྱལ་པོ་མ་ཧྰ་པྰ་ལའི་དུས་ཀྱི་མི་ཡིན་པ་དང་། རྒྱལ་པོ་འདི་ནི་པྰ་ལའི་རྒྱལ་རབས་ཀྱི་མ་ཧྰ་པྰ་ལའི་རྒྱུད་འཛིན་པ་ཡིན་པས་ཁོང་ནི་དུས་རབས་བཅུ་གཅིག་ཙམ་གྱི་མི་ཡིན་དགོས་ནའང་དེ་ནི་དོན་ལ་མི་གནས་ཏེ། གང་ལགས་ཤེ་ན། དུས་རབས་བཅུ་པའི་དུས་ཀྱི་མཁས་པ་ཨུ་ད་ཡ་ན་ཡྰ་ཙརྱའི་བསྟན་བཅོས་ནང་དུ་(乌德衍那阿阇梨)ཤེས་རབ་འབྱུང་གནས་སྦས་པའི་གསུང་ལུང་དྲངས་ཡོད་པས་ཧ་ལམ་ཁོང་དང་དུས་མཉམ་པའི་མི་ཞིག་ཡིན་པར་སེམས།[14] ཞེས་གསུངས་པའང་དོན་ལ་གནས་པར་སྣང་། ཁ་ཅིག་གིས་རྒྱན་མཁན་པོའི་སློབ་མར་བཞེད་ཀྱང་ཧྲའར་པྰ་ཚེ་ཀིས། “ལུགས་འདིའི་ཀསྨི་རའི་ལུགས་སམ་དོན་འགྲེལ་ལུགས་སྲོལ་གཏོད་པ་པོ་ཆོས་མཆོག་ཡིན་ཞིང་། འབྱུང་ཁུངས་གཙོ་བོ་ཡུལ་ཀསྨིར་ཡིན་པ་དང་གཙོ་བོའི་མི་སྣ་ཚང་མ་བྲམ་ཟེ་ཡིན། ཆོས་མཆོག་ནི་རིག་པ་རྣོ་བའི་ཆ་ནས་བོད་དུ་ཁོང་གི་མཚན་སྙན་ཧ་ཅང་ཆེ་ཞིང་། ཁོང་ཉིད་མ་གཞི་སློབ་དཔོན་ཆོས་གྲགས་ཀྱི་དངོས་སློབ་མིན་རུང་སློབ་དཔོན་གྱི་ཐུགས་འདོད་ལ་དགོས་པའི་རྒྱུན་འཛིན་པ་ཞིག་ཡིན་པར་བརྗོད། ཁོང་གི་འགྲེལ་པའི་རྗོད་བྱེད་ཚིག་ནས་བསམ་པའི་ཤུགས་དྲག་མངོན་ཐུབ་པ་མ་ཟད། རྒྱུན་དུ་ཕུལ་དུ་བྱུང་བའི་དམིགས་བསལ་གྱི་ལྟ་བ་བསྟན་ཡོད་ཅིང་། གནད་འགག་ཅན་གྱི་དོན་གནད་འགའ་ཞིག་ཐད་ལ་ནང་དོན་གསར་པའི་འགྲེལ་པ་བྱས་ཡོད། ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་གོང་གི་རྣམ་ཐར་སྐོར་གང་ཡང་མ་འཁོད་ནའང་དེ་ནི་ཁོང་གི་གཙོ་བོའི་གནས་ཡུལ་ཀསྨིར་དུ་ཡིན་པའི་རྐྱེན་གྱིས་ཀྱང་སྲིད། འོན་ཀྱང་ཁོང་ཉིད་ཀསྨིར་གྱི་མི་ཞིག་གཏན་ནས་མིན་པ་ནི་ཀསྨིར་གྱི་ལོ་རྒྱུས་དེབ་ཐེར་ནང་དུ་འཁོད་པར་རྒྱལ་པོ་རྒྱལ་བའི་ཕྲེང་བས་སློབ་དཔོན་གདན་ཞུ་མ་བྱས་པའི་གོང་དུ་ཉི་མ་ནུབ་ནས་འཆར་བའི་རྨི་ལམ་རྨིས་པ་དེ་དག་ཧ་ལམ་སྤྱི་ལོ་800དུས་ཀྱི་ནང་ཚུད་དུ་ཡིན། དུས་རབས་དགུ་པའི་ཝྰ་ཙི་ས་པ་ཏི་མི་ཤ་ར་(筏遮塞波底弥室罗)ཡིས་ཆོས་མཆོག་གི་མཚན་ཐེངས་མང་གླེང་ཡོད།[15] ཅེས་གསུངས་ཡོད། ཡའོ་ནན་བྱང་གིས་བརྩམས་པའི་ཚད་མ་རིག་པའི་ལོ་རྒྱུས་གནད་བསྡུས་(因名学说史纲要)ཞེས་པ་ལས། ཆོས་མཆོག་གི་སློབ་དཔོན་ཀ་ལ་ཡྰ་ན་རཀ་ཥི་ཏ་(卡尔耶那拉克茜多)སོགས་ཡིན་ཞེས་ཟེར་བའང་མཁས་པ་ཝི་དྱ་བྷུ་ས་ནའི་རྒྱ་གར་གྱི་ཚད་མ་རིག་པའི་ལོ་རྒྱུས། ཞེས་པའི་རྗེས་སུ་འབྲངས་པར་གསལ་ཞིང་། འོན་ཀྱང་འདིའི་ཐད་ལ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་ནས་དུས་རབས་ལ་ད་དུང་བརྟག་དཔྱད་བྱེད་དགོས་འདུག་ཀྱང་རེ་ཞིག་བཞག་ཅེས་གསུངས་པར་[16]གཞིགས་ན་ད་དུང་དེ་དག་སྐོར་ལ་དོན་ལ་མ་གནས་པའང་དུ་མ་ཡོད་པར་སེམས།
གསུམ་པ། སློབ་དཔོན་ཆོས་མཆོག་གི་ཚད་མའི་བརྩམས་ཆོས་སྐོར་ལ་དཔྱད་པ།
        སློབ་དཔོན་ཆོས་མཆོག་གི་ཚད་མའི་བརྩམས་ཆོས་བོད་སྒྱུར་སྐོར་ལ། དེའང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་ནས། སློབ་དཔོན་ཆོས་མཆོག་ལ་གོང་ཞུས་རྣམ་ངེས་དང་། རིགས་ཐིགས་འགྲེལ་པ་ཆེ་ཆུང་ཙམ་མིན་པར་རང་རྐང་དུ་མཛད་པ་བོད་སྒྱུར་ཁོ་ནའི་ཐོག་གཞུང་ལྔ་བཞུགས་པ།[17]ཞེས་གསུངས་པ་ལྟར་ཁྱོན་བསྡོམས་གཞུང་པོད་བདུན་སྐོར་གསུངས་ཡོད་དེ། 1.《ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད》ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་དང་བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར། 2.《རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ》རྒྱ་གར་གྱི་མཁན་པོ་ཛྙྰ་ན་གརྦྷ་དང་ཞུ་ཆེན་གྱི་ལོ་ཙྰ་བ་དགེ་སློང་དྷརྨ་ཨྰ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཕྱིས་ཀྱི་ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། 3.《ཚད་མ་བརྟག་པ》ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། 4.《ཚད་མ་བརྟག་པ་ཆུང་བ》(འདིའི་ཐད་ཁང་དཀར་ཚུལ་ཁྲིམས་མཆོག་ནས་མཚན་གཅིག་པའི་གཞུང་རང་མཚན་པ་ཚད་མ་བརྟག་པ་ཞེས་གསུངས་ཀྱང་བསྟན་འགྱུར་ནང་དུ་དེ་ལ་ཆུང་བ་ཞེས་པའི་ཐ་སྙད་སྦྱར་ཡོད།) 5.《སྐད་ཅིག་མ་འཇིག་པ་གྲུབ་པ》རྒྱ་གར་གྱི་མཁན་པོ་སྐལ་ལྡན་རྒྱལ་པོ་དང་ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར།6.《གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་འབྱེད་པ》ཁ་ཆེའི་པཎྚི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་། ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར། 7.《འཇིག་རྟེན་ཕ་རོལ་གྲུབ་པ》གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་རཏྣ་ར་སྨི འི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་ཤྲྰི་ཧ་རི་ཤ་དེ་བའི་སྐུ་རིང་ལ་ཁ་ཆེའི་པཎཊི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་། བོད་ཀྱི་སྒྲ་སྒྱུར་ལོ་ཙཱ་བས་བསྒྱུར།
        དེ་དག་ལས་བོད་དུ་ཤིན་ཏུ་གྲགས་ཆེ་བ་ནི་ཚད་མ་རྣམ་པར་ངེས་པའི་འགྲེལ་པ་འདི་ཉིད་ཡིན་པར་སྣང་། དེའང་དུང་དཀར་ཚིག་མཛོད་ལས། རྔོག་ལོ་ཡབ་སྲས་(ལེགས་པའི་ཤེས་རབ་དང་བློ་ལྡན་ཤེས་རབ་གཉིས་ལ་ཞུ)ཀྱིས་ཚད་མ་རྣམ་ངེས་དང་བྱམས་ཆོས་གཞིར་བཞག་གིས་གསང་ཕུར་རིགས་ལམ་ནས་དྲངས་པའི་འཆད་ཉན་ཤིན་ཏུ་དར་པོ་བྱུང་།[18] ཞེས་གསུངས་པ་ལྟར་བོད་དུ་རྔོག་ལོ་ཡབ་སྲས་ཀྱི་སྐུ་རིང་ལ་ཚད་མ་རྣམ་ངེས་ཀྱི་འཆད་ཉན་ཤིན་ཏུ་དར་བར་སྣང་བས་གངས་ཅན་བོད་ཀྱི་དཔལ་ན་ལེནྜ་ཆེན་མོ་གསང་ཕུ་ནེའུ་ཐོག་དགོན་པར་རྔོག་ལོ་ཙྰ་བ་བློ་ལྡན་ཤེས་རབ་སོགས་པས་ཚད་མ་རྣམ་ངེས་ཀྱི་གཞུང་ལ་འཆད་ཉན་གནང་སྐབས་ཀྱང་སློབ་དཔོན་ཆོས་མཆོག་གི་རྣམ་ངེས་ཀྱི་འགྲེལ་པ་འདི་ཉིད་གཙོ་བོར་མཛད་པར་སྣང་ཞིང་། དེ་ལ་《ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད》ཅེས་པའི་འགྲེལ་པ་ཞིག་ཀྱང་བརྩམས་གནང་ཡོད།(ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་1994ལོའི་ཟླ་12པར་པར་དུ་བཏབ།)
        དུས་དེ་དག་ཏུ་ཚད་མ་རྣམ་ངེས་ཀྱི་འཆད་ཉན་ཤིན་ཏུ་དར་པོ་ཡོང་བའི་རྒྱུ་མཚན་གཙོ་བོ་ཡང་རྔོག་ལོ་ཡབ་སྲས་གཉིས་ཀ་ཁ་ཆེའི་ཡུལ་དུ་སློབ་གཉེར་ལ་ཕེབས་པའི་ལོ་རྒྱུས་ཡོངས་གྲགས་ཡིན་ཞིང་། དེའང་དུང་དཀར་ཚིག་མཛོད་ལས་རྔོག་ལེགས་པའི་ཤེས་རབ་ཀྱི་རྣམ་ཐར་བརྗོད་པའི་སྐབས། སྐུ་ན་ཆུང་ངུའི་དུས་མངའ་རིས་གུ་གེ་རྒྱལ་པོས་ཁ་ཆེའི་ཡུལ་དུ་མངགས་ཏེ་ནང་པ་སངས་རྒྱས་པའི་ཆོས་ལུགས་སློབ་གཉེར་མཛད་དེ་མཁས་པར་གྱུར།[19] ཞེས་དང་། རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་པར་ཐར་པ་བརྗོད་པའི་སྐབས་སུ། རྒྱ་གར་ཡུལ་དབུས་དང་ཁ་ཆེ་བཅས་སུ་ལོ་བཅུ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱད་འབད་བརྩོན་བློ་ཡུལ་དུ་མི་གཤོང་བ་གནང་ནས་སྦྱངས་པ་མཐར་ཕྱིན་ཏེ།[20] ཞེས་དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཁ་ཆེར་ལོ་བཅུ་བདུན་དུ་ཡང་དག་པར་སྦྱངས།[21] ཞེས་གསུངས་པ་ལྟར་རྔོག་ལོ་ཡབ་སྲས་གཉིས་ཀ་སློབ་གཉེར་ཕལ་ཆེ་བ་ཁ་ཆེའི་ཡུལ་དུ﹙ཀསྨིར་﹚གནང་ཞིང་སྐབས་དེར་ཁ་ཆེའི་ཡུལ་གྲུར་སློབ་དཔོན་ཆོས་མཆོག་ཡུན་རིང་དགེ་རྒན་གནང་སྟེ་བཞུགས་པའི་དབང་གིས་ཚད་མ་རྣམ་ངེས་ཤིན་ཏུ་དར་ཆེ་བ་ཡོད་པར་སྣང་བས་ཡབ་སྲས་གཉིས་ནས་གཙོ་བོར་ཚད་མ་རྣམ་ངེས་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་བ་ཤིན་ཏུ་གསལ་བར་གྲུབ་བོ། །
        དཔྱད་གཞིའི་ཡིག་ཆ།
        [1] [俄] 舍尔巴茨基.佛教逻辑[M].商务印书,1997(12):48.
        [2] 姚南强.因明学说史纲要[M].上海三联书店,2000(08):127.
        [3] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།[M] གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་2004ལོའི་ཟླ་5པར་བསྐྲུན།
        [4] 巫白慧.印度哲学[M].东方出版社,2000(12):467.
        [5] [俄] 舍尔巴茨基.佛教逻辑[M].商务印书,1997(12):48.
        [6] [俄] 舍尔巴茨基.佛教逻辑[M].商务印书,1997(12):48.
        [7] བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་།[M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1988ལོའི་ཟླ་9པར་དཔར་དུ་བསྐྲུན། ཤ162
        [8] རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།[M] གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་2004ལོའི་ཟླ་5པར་དཔར་དུ་བསྐྲུན། ཤ183
        [9] རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།[M] གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་2004ལོའི་ཟླ་5པར་དཔར་དུ་བསྐྲུན། ཤ186
        [10] ཇོ་ནང་ཏཱ་ར་ནཱ་ཐ། རྒྱ་གར་ཆོས་འབྱུང་།[M] སི་ཁྲོ ན་མི་རིགས་དཔེ་སྐྲུན་ཁང་གིས་1986ལོའི་ཟླ་9པར་དཔར་དུ་བསྐྲུན། ཤ264
        [11] བློ་བཟང་ཆོས་གྲགས། ཚད་མ་རིག་པའི་སྤྱི་དོན།[M] མཚོ་སྔོ ན་མི་རིགས་དཔེ་སྐྲུན་ཁང་གིས་1998ལོའི་ཟླ་8པར་དཔར་དུ་བསྐྲུན།
        [12] རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།[M] གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་2004ལོའི་ཟླ་5པར་དཔར་དུ་བསྐྲུན། ཤ195
        [13] ཇོ་ནང་ཏཱ་ར་ནཱ་ཐ། རྒྱ་གར་ཆོས་འབྱུང་།[M] སི་ཁྲོ ན་མི་རིགས་དཔེ་སྐྲུན་ཁང་གིས་1986ལོའི་ཟླ་9པར་དཔར་དུ་བསྐྲུན། ཤ264
        [14] [俄] 舍尔巴茨基.佛教逻辑[M].商务印书,1997(12):48.
        [15] [俄] 舍尔巴茨基.佛教逻辑[M].商务印书,1997(12):48.
        [16] རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།[M] གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་2004ལོའི་ཟླ་5པར་དཔར་དུ་བསྐྲུན། ཤ184
        [17] རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།[M] གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་2004ལོའི་ཟླ་5པར་དཔར་དུ་བསྐྲུན། ཤ193
        [18] དུང་དཀར་ཚིག་མཛོད་ཆེན་མོ།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2002ལོའི་ཟླ་4པར་དཔར་དུ་བསྐྲུན། ཤ768
        [19] དུང་དཀར་ཚིག་མཛོད་ཆེན་མོ།[Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2002ལོའི་ཟླ་4པར་དཔར་དུ་བསྐྲུན། ཤ768
        [20] དུང་དཀར་ཚིག་མཛོད་ཆེན་མོ། [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2002ལོའི་ཟླ་4པར་དཔར་དུ་བསྐྲུན། ཤ768
        [21] བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།[Z] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་2003ལོའི་ཟླ་12ལ་དཔར་དུ་བསྐྲུན། ཤ150

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1