ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-11


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། སྤྱི་ལོ་2020ལོར། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་དོན་ལ་གཅིག་འགྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ཡོད། སྤྱི་ལོ་2021ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་འཛུགས་པའི་ལོ་ཡིན་པས། རིམ་ཁག་སྲིད་ཁྲིམས་སྡེ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། མ་ལག་ཚང་བའི་འདུ་ཤེས་དང་། ཁྲིམས་སྐྱོང་བསམ་ཕྱོགས། རྨང་གཞི་བརྟན་གཏོང་བཅས་ཀྱི་ཁྲིད་ཕྱོགས་ལ་དེ་བས་མཐོང་ཆེན་བྱས་ནས། སྲིད་ཁྲིམས་ལས་དོན་ཚད་མཐོན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་སྟོན་གནང་ཡོད།
        ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་དང་པོ་དེ་སླེབས་པའི་སྐབས་འདིར། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད། ཁོང་གིས། ཚང་མས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ལ་བློ་དཀར་གཞུང་དྲང་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ། ཁྲིམས་འཛིན་གཞུང་དྲང་དང་སྒྲིག་ཁྲིམས་དམ་ལ་ནན་པ་བཅས་ལག་བསྟར་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་འབད་འབུངས་བྱ་རྒྱུ་དང་། མི་དམངས་བདེ་སྐྱིད་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་རྒྱུར་འགན་ལེན་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
        ཀྲུང་དབྱང་སྲིད་ཁྲིམས་ལས་དོན་གྲོས་ཚོགས་སྤྱི་ཚེས་9ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀོ་ཧྲེང་ཁུན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་མ་ཟད་གསུངས་བཤད་ཀྱང་གནང་ཡོད། ཁོང་གིས། སྲིད་ཁྲིམས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཐོག ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱིའི་བཀོད་འདོམས་བྱེད་པ་དང་། རིགས་ཁག་གི་ཉེན་ཁ་སྔོན་འགོག་དང་སེལ་རྒྱུས་སྣེ་ཁྲིད་བྱེད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་དང་། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་དེང་རབས་ཅན་གྱི་ཚོད་ལྟ་བྱེད་ས་མང་དུ་གཏོང་བ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་དང་དག་ཐེར་ལེགས་སྒྲིག་བྱ་རྒྱུས་ཤུགས་རྒྱག་ས་བྱས་ནས། སྲིད་ཁྲིམས་ལས་དོན་ཚད་མཐོན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
    རྒྱལ་དོན་ཨུ་ཡོན། སྤྱི་བདེ་པུའི་པུའུ་ཀྲང་ཀྲའོ་ཁེ་ཀྲེ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲའུ་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1