༄༅།།གེ་སར་སྒྲུང་གི་བསང་ཡིག་ལས་འཕྲོས་ཏེ་བོད་ཀྱི་སྲོལ་རྒྱུན་ཆ་འཕྲིན་བརྒྱུད་སྒྲོག་བྱེད་སྟངས་གླེང་བ།

ཡི་དམ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-12



ཡི་དམ་སྐྱིད། ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་ལྟེ་བ།

དང་པོ། ཆབ་སྲིད་ཀྱི་ཕྱོགས་ནས་བོད་ཀྱི་སྲོལ་རྒྱུན་ཆ་འཕྲིན་བརྒྱུད་སྒྲོག་བྱེད་ཚུལ།
        གེ་སར་སྒྲུང་ནི་གླིང་གེ་སར་རྒྱལ་པོའི་མི་ཚེ་གང་པོའི་དགྲ་འདུལ་གཉེན་སྐྱོང་དང་། མདོ་དབུས་མཐོ་སྒང་གི་ཚོ་ཤོག་མང་པོ་གོང་བུ་གཅིག་གྱུར་བཟོས་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན། གེ་སར་སྒྲུང་ནི་མི་ལོ་སྟོང་ཕྲག་ཉེ་བར་བརྒྱུད་དེ་པར་གཞི་ཧ་ཅང་མང་པོ(200ལྷག)ཡོད། གེ་སར་སྒྲུང་ལ་ད་བར་དུ་སྒྲུང་པ་ཟམ་མ་ཆད་པར་བྱུང་བས་འཛམ་གླིང་གི་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་གསོན་པོ་ཞེས་བརྗོད། ལྷག་པར་སྒྲུང་ཞེས་པ་ཐ་སྙད་སྔ་གྲས་ཤིག་ཡིན་པས། ལོ་རྒྱུས་ཡིག་ཚང་ཀུན་ཞལ་མཐུན་པར་རྒྱལ་རབས་ཉེར་བདུན་རིང་སྒྲུང་ནི་ཆབ་སྲིད་དང་འབྲེལ་བའི་སྒྲུང་ཞིག་ལ་ངོས་འཛིན་དགོས་པ་གསལ་པོར་བཀོད་ཡོད་ལ། གེ་སར་སྒྲུང་གིས་ཆབ་སྲིད་བསྐྱངས་ཚུལ་ག་འདྲ་རེད་ཅེ་ན། སྒྲུང་ཞེས་པ་འདི་ལ་བྱེ་བྲག་གི་རྩོམ་ལུས་ཤིག་བསྟན་མེད་ཀྱང་དེས་ཆབ་སྲིད་དབང་བསྒྱུར་བྱེད་ནུས་གལ་ཆེན་ཞིག་ཐོན་ཡོད་པར་བརྟག་ཚེ། དེ་ནི་གནའ་བོའི་ཆོས་ལུགས་ཆོ་གའི་ཁྲོད་ཀྱི་གཏམ་རྒྱུད་ལ་ངོས་འཛིན་དགོས་པ་གསལ་པོ་རེད། གཙོ་བོ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པ་དེ་ཡིན། བྱེ་བྲག་ཏུ《རྨ་ས་བཟུང་དར་སྐུད་མདུད་པ》ལས། “དེ་ནས་བཟུང་གླིང་པ་རྣམས་རྨ་ཡུལ་སྲིད་པའི་ཟོ་དོར་རྣམས་ཀྱིས་བསྐྱངས་པ་དབུལ་པོ་ཕྱུག་པོར་དང་། གཉོམ་ཆུང་བཙན་པོར་སོང་བར་གདའ”ཞེས་པ་ལས་གླིང་པ་རྣམས་ཕྱུག་པོ་དང་བཙན་པོ་ཆགས་དགོས་ན་རྨ་ཡུལ་སྲིད་པའི་ཟོ་དོར་རྣམས་ལ་བསང་ཕུད་དགོས་པ། བསང་གཏོང་བ་དེ་ལ་ཆབ་སྲིད་ཀྱི་ནུས་པ་ཡོད་དེ། དེའི་དམིགས་ཡུལ་ནི་གླིང་གི་མི་དང་གླིང་པ་རྣམས་ཕྱུག་པོ་དང་བཙན་པོ་ཆགས་དགོས་ན་བསང་གཏོང་བ་འདི་ལ་ཆབ་སྲིད་ཀྱི་ནུས་པ་ཡོད་ཅིང་། ལྷག་པར་བསང་གཏོང་ཡུལ་ལ་ལེགས་པར་མཆོད་ན་ལྷ་སྤྱན་འདྲེན་དང་ཉེས་པར་མཆོད་ན་མནོལ་གྲིབ་ཕོག་ཅེས་པ་ནི། དཔེར་ན་མགར་བའི་བུ་ལོ་ཐང་རྙེད་ཀྱིས་བསམ་བཞིན་དུ། གུར་དཀར་ལ་ཐེའུ་རང་དཀར་ནག་ཁྲ་གསུམ་ལྔ་མནོལ་བར་བསྐུལ་ཏེ། ཧོར་གུར་དཀར་གྱི་འདོད་བློ་དང་འགལ་ཞིང་རང་གི་གསོལ་བའི་ལྷ་ལའང་གནོད་པ་ཡིན། དེ་བས་ཀྱང་གུར་དཀར་ལ་སྲོག་གི་ཁུགས་པ་དགུ་ཡོད་པ་སོགས་རེ་རེ་བཞིན་ཚར་བཅད་ཐུབ་པ་བཞིན་ནོ། །

གཉིས་པ། དམག་དོན་གྱི་ཕྱོགས་ནས་བོད་ཀྱི་སྲོལ་རྒྱུན་ཆ་འཕྲིན་བརྒྱུད་སྒྲོག་བྱེད་ཚུལ།
        གནའ་བོའི་མི་རིགས་མང་པོ་ཞིག་གིས་རི་མགོ་མཐོན་པོའི་སྟེང་ནས་དུ་བ་གཏོང་བའི་དུས་སྐབས་སུ། ཚོགས་པའམ་ཐུན་མོང་རང་བཞིན་གྱིས་ཕན་ཚུན་རི་མཐོན་པོའི་མགོ་ནས་དུ་བ་བཏང་སྟེ། གསང་བརྡ་སྤྲོད་བྱེད་ཀྱི་བརྡ་ཐབས་ཁྱད་པར་བ་ཞིག་ཡོད་ལ། དེ་ཐོག་མར་དམག་འཁྲུག་དང་མཆོད་འབུལ་དུ་སྤྱོད་པར་བྱེད་ཅིང་། གཅིག་ན་ལྷ་ལ་མཆོད་བྱེད། གཉིས་ན་དམག་བརྡ་སྤྲོད་བྱེད། 《སྟག་གཟིག་ནོར་རྫོང》དུ། “གླིང་དམག་གི་སོ་པ་རྣམས་ཀྱིས་མཐོང་ནས་བསང་དཀར་པོས་སྣ་དྲངས་ཏེ། སྒར་ལ་ཆིབས་ཕིབས་ཏེ་རང་རང་གི་གདན་ཁྲི་མནན་ཏེ་གྲལ་རིམ་གྱིས་འཁོད་པ་ན། རུ་ཤོག་དཔོན་མགོ་རྣམས་ཀྱང་ལས་གུར་དུ་འདུས། དེ་ནས་ཁྲ་བོའི་ཤ་ལ་གཟུགས་འདྲེན། ཡུ་མར་ཇ་ལ་སུམ་ཞུས། སྐྱེམས་འབར་ཆང་ལ་ལྔ་གཏམས་བཅས་ལོངས་སྤྱད་ནས་ཕུན་སུམ་ཚོགས་པའི་སྐབས་དེར”ཞེས་པ་ལྟར། བསང་དཀར་པོ་ཞེས་པ་ནི་དུ་བ་དཀར་པོ་ལ་ཟེར་བ་ཡིན་གྱི། དེའི་བྱེད་ནུས་ཀྱང་ལྷ་འབོད་དང་ཀླུ་འབོད་མ་ཡིན་ཏེ། གླིང་དམག་གི་སོ་པ་རྣམས་ཀྱིས་གླིང་དམག་གི་དཔའ་ཐུལ་ཕུ་ནུ་རྣམས་ལ་དགྲ་བོ་ཡོང་བཞིན་པའི་བརྡ་བཏང་བ་ཡིན་ནོ། །དམག་དོན་ལ་ལྷ་བསང་གཏོང་བ་དེ་ནི་གཅིག་ནས་ཡུལ་དམག་རྣམས་ཉིན་དཀར་གྱི་བྱ་རའི་གནས་ཚུལ་བརྡ་གཏོང་བ་མཚོན་པ་དང་། གཞན་ཡང་དགྲ་མགོ་གླིང་ལ་འཛུལ་རྟགས་མཚོན་པའང་ཡོད་དེ། ཁ་ཆེ་གཡུ་རྫོང་ལས། “རབ་གསལ་ནས་དར་འཕྱང་ལྷ་བསང་བཏང་། ཕོ་བྲང་གི་སྒོ་ཐོན་ནས་ཕྱག་འཚལ་མཇལ་དར་དང་། རྟ་ཁྲབ་འཁོར་གསུམ་མང་པོ་ཕུལ་བས། གླིང་དམག་རྣམས་ཀྱིས་ཀྱང་སྡིགས་མོ་ཙམ་ཡང་མ་བྱས་པར་འཇམ་པོའི་ཆིངས་དང་འདུན་མ་བྱས་ཏེ། ཉི་མ་དེ་རིང་ཕྱིན་ཆད་ནས། སོ་སེན་མོའི་དཀར་ས་གླིང་། སྐྲ་རྫི་མའི་ནག་ས་ནུབ་ལ་བྱེད་པའི་ཆིངས་དོན་བྱས་ནས། འགྱུར་མེད་འབའ་དང་མནའ་ཡིས་མནན”ཞེས་དང་། ཡང《མི་ནུབ་དར་རྫོང》དུ།“དར་སྨད་ཀྱི་མི་མཐོ་དམན་འབུམ་ཁྲག་མང་པོ་བསུ་བ་དང་ལྟད་མོ་ལ་འདུས་ནས། ལ་ལས་བསང་གིས་བསུས། ལ་ལས་གླུ་གར་རྩེད་བྲོས་བསུས། ལ་ལས་རང་ལུགས་ཕྱག་གིས་བསུས་ནས། རྒྱལ་བློན་རྣམས་འུར་ལྡིར་ལྡིར་ཁྲ་ཆེམ་ཆེམ་འོད་འཁྱིལ་འཁྱིལ་ཁྲ་ཤིག་ཤིག་ནམ་མཁའི་སྐར་ཚོགས་ཐང་ལ་ལྷུང་བ་ལས་གྲངས་མང་བ། ས་ཁའི་རྩི་ཐོག་སྨིན་པ་ལྟ་བུའི་རྫོང་དུ་དམག་སྔོན་མས་བསུས་ཏེ་ཕེབས”ཞེས་པ་ལས་དར་སྨད་ཀྱི་མི་མང་པོས་གླིང་གི་རྒྱལ་བློན་རྣམས་བསུ་དུས་བསང་ཕུད་པའང་གཙོ་བོ་དར་སྨད་ཀྱི་མི་རྣམས་གླིང་ལྷ་ལ་མགོ་འཛུལ་བ་མཚོན་པ་ལས། གླིང་གི་རྒྱལ་བློན་གྱིས་སྣུམ་ན་དྲི་ཞིམ་པའི་ཆེད་དུ་མ་ཡིན་ནོ། །དེ་ཡང《གངས་རི་ཤེལ་རྫོང》ལས། “གླིང་གི་སོ་པ་རྣམས་ཀྱིས་མཐོང་སྟེ་ལ་མགོ་ནས་ལྷ་བསང་དཀར་པོའི་དུ་བས་བརྡ་བཏང་བས། གླིང་སྒར་ནས་དགྲ་ཡོང་བ་ཤེས་ཏེ་དཔའ་ཐུལ་དཔོན་དམག་སོ་སོས་རྟ་ལ་སྒ་རྒྱག་སྲབ་བསྐོན་བྱས”ཞེས་པ་ལྟར། ལྷ་བསང་དཀར་པོའི་དུ་བས་བརྡ་བཏང་ཞེ་ན། ལྷག་ཏུ་ཁ་གསལ་ཚིག་གསལ་གྱིས། སྐབས་འདིར་བརྡ་གཏོང་བ་གཙོ་བོ་ཡིན་གྱི། ལྷ་བསང་ཕུད་པ་གཙོ་བོ་མ་ཡིན་ནོ། །

གསུམ་པ། གེ་སར་སྒྲུང་གི་བསང་ཡིག་ལས་འཕྲོས་ཏེ་བོད་ཀྱི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་ཚུལ།
        གསར་འགྱུར་བརྒྱུད་སྒྲོག་རིག་པའི་ལྟ་བའི་ནང་དུ་དུ་བ་ནི་གསར་འགྱུར་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ནི་གནའ་དེང་ཕྱི་ནང་གི་མཁས་དབང་ཚང་མས་མཐུན་ཕྱོགས་ཀྱི་ལྟ་ཚུལ་ཞིག་ཡིན། གནའ་སྔ་མོར་མི་རྣམས་ཀྱིས་དུ་བ་ལ་བརྟེན་ནས་ཕ་རོལ་ལ་བརྡ་འཕྲོད་ཐབས་བྱེད་བཞིན་ཡོད། དཔེར་ན། 《འཇང་གླིང་གཡུལ་འགྱེད》ལས། “འཛམ་གླིང་སེང་ཆེན་རྒྱལ་པོས། རི་ཆེན་མགོ་ནས་བསང་ཆེན་ཕུད། ཉིན་སྲིབ་བར་ནས་ཁམ་བསང་ཕུད། བྲག་རྫ་བར་ནས་ཤུག་བསང་ཕུད། བསང་རྩི་ཕུང་པོ་བརྩེགས་བརྩེགས། མེ་ཏོག་བྱེའུ་འཕུར་འཕུར། དུ་བ་སྤྲིན་ནག་འཐིབ་འཐིབ། ཨ་ལོང་སྨུག་རླུང་འཐིབ་འཐིབ་བྱེད་ནས་གླིང་ཁྲི་དམག་ཚོ་ཆེན་ལ་བརྡ་བཏང་སྟེ། རྨ་དེ་ཡག་སྟག་ཐང་ཁྲ་མོ་ལ་ཚོགས་སོ། །”ཞེས་པ་དེས་དུ་བརྡ་གཏོང་བའི་སྣང་ཚུལ་གསོན་པོ་ཞིག་ཚུར་མངོན་གྱིན་འདུག
        མདོར་ན། བསང་གི་ནུས་པ་བཤད་པ་ལ་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་མེ་ཡོད་པ་ནས་བསང་བྱུང་བ་དང་། གཡུང་དྲུང་བོན་གྱི་སྐབས་འཇིག་རྟེན་གྱི་ལྷ་བྱུང་བ་ལས་ཚེ་འདིའི་བདེ་སྐྱིད་མཚོན་པ་དང་། ནང་པ་སངས་རྒྱས་པའི་སྐབས་འཇིག་རྟེན་ལས་འདས་པའི་ལྷ་དང་ཡེ་ཤེས་ཀྱི་ལྷ་བྱུང་བ་ལས་ཚེ་འདི་ཕྱི་གཉིས་ལ་ཕན་ཐོགས་པ་རེད། དེ་བཞིན་དུ་གེ་སར་སྒྲུང་ཡིག་ཆེན་མོ་ལས་བསང་གི་ནུས་པ་གཞན་གཉིས་གླེང་བ་ལས་ཆབ་སྲིད་ཀྱི་ནུས་པ་དང་དམག་དོན་གྱི་ནུས་པ་བསྟན་ཡོད་ལ། དེ་གཉིས་ལས་དམག་དོན་གྱི་ནུས་པ་ནི་གཅིག་ནས་དམག་བརྡ་གཏོང་བ་དེ་བྱ་རའི་དམག་བརྡ་དུ་བ་དཀར་པོ་ལ་བརྟེན་ནས་གཏོང་བ་དང་། གཉིས་ནས་དགྲ་མགོ་གླིང་ལ་འཛུལ་རྟགས་སུ་གླིང་གི་ལྷ་བསང་ཕུད་པ་དེའི་ཉམས་སྟོན་པ་རེད། དེ་ནི་གེ་སར་སྒྲུང་གི་བསང་ཡིག་ལས་འཕྲོས་པའི་བོད་ཀྱི་སྲོལ་རྒྱུན་ཆ་འཕྲིན་བརྒྱུད་སྒྲོག་བྱེད་སྟངས་གཙོ་བོ་ཞིག་ཀྱང་ཡིན་ནོ། །

དཔྱད་གཞིའི་ཡིག་ཆ།
[1] སྨན་ཤུལ་རིན་ཆེན་རྡོ་རྗེ། 《གེ་སར་སྒྲུང་གི་རིག་པ》[M]ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་ མའི་བསླབ་གཞི། 2012

[2] གེ་སར་སྒྲུང་ཡིག་ཆེན་མོ། 5《རྨ་ཤེལ་བྲག》[Z]ཧྲང་ཧའེ། ཧྲང་ཧའེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018.

[3] གེ་སར་སྒྲུང་ཡིག་ཆེན་མོ། 5《འཛམ་གླིང་སྤྱི་བསང》[Z]ཧྲང་ཧའེ། ཧྲང་ཧའེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018.

[4] གེ་སར་སྒྲུང་ཡིག་ཆེན་མོ། 19《མི་ནུབ་དར་རྫོང》 [Z]ཧྲང་ཧའེ། ཧྲང་ཧའེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018.

[5] སྨན་ཤུལ་རིན་ཆེན་རྡོ་རྗེ།《གེ་སར་སྒྲུང་གི་རིག་པ》 [M]ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་བསླབ་གཞི། 2012.

[6] གེ་སར་སྒྲུང་ཡིག་ཆེན་མོ། 20《གངས་རི་ཤེལ་རྫོང》 [Z]ཧྲང་ཧའེ། ཧྲང་ཧའེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018.

[7]ཧྥ་ཧང་ཆི། 《ཀྲུང་གོའི་གསར་འགྱུར་བརྒྱུད་སྒྲོག་རིག་པ》[M]པེ་ཅིན། ཀྲུང་གོའི་མི་དམངས་སློབ་ཆེན་དཔེ་སྐྲུན་ཁང་། 2014:1


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1