༄༅། །མ་ཡུམ་དུས་ཆེན་ཉིན་མ་ཡུམ་ལ་ཕུལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-18


བྱིའུ་འཕུར་ཟིན་ནའང་།གཤོག་པ་འཇམ་པོ་ཞིག་གི་དྲོད་ཁོལ།

སྔར་བཞིན་ཚང་སྐྱིབས་སུ་ལུས་འདུག

ཉི་འོད་ཀྱི་གསེར་ཆུ་བྱུགས་པའི་གཤོག་པ་ཆ་གཅིག་པོ་དེ།

མ་ཡུམ་གྱིས་མིའི་རིགས་ལ་བཏེགས་པའི་ཕྱག་ཟུང་ཡིན།

སྟོང་བའི་ནམ་མཁའ་ལ་མཐའ་དབུས་མེད་པ་ནང་བཞིན།

བརྩེ་བའི་འོད་སྣང་ལ་ཕྱོགས་རིས་ཡོད་མི་སྲིད།

མ་ཡུམ་དཔེ་ཅན་དཔེ་ལ་སྔར་བཞིན་མ་ཡུམ་ཉིད་ལས་འཚམ་པོ་ཞིག་མི་རྙེད།

ས་སྲོད་ཀྱི་སྒང་ག་དག་ཏུ་ཉིན་བྱེད་ཀྱིས་ཟེར་འཕྲོ་བསྐྱུར་ནས་འགྲོ་བ་ཇི་བཞིན།

མ་ཡུམ་གྱིས་བྱམས་བརྩེའི་དྲོད་ལྷག་རང་ཁྱིམ་གྱི་གོ་འདབས་སུ་སྤུངས་ནས།

སྨག་རུམ་གྱི་ཁོང་དུ་ཉིན་བྱེད་ལས་ལྷག་པའི་འོད་སྣང་སྦས།

ཞོགས་པར།ཕ་ཡུལ་གྱེས་བྲལ་གྱི་དཔང་དུ་བཞག་སྟེ་རྒྱང་ལ་བཞུད་དུས།

མདུན་སྐྱོད་ཀྱི་གཡང་ལ་མི་ལྟུང་བའི་སྨོན་ལམ་མ་ཡུམ་གྱིས་ཞུས་ཡོད་པས།

སེམས་པ་མ་ཡུམ་གྱི་སྐུལ་ལྕག་ལ་འགྲོགས་ནས་མི་ཚེའི་ལ་ལུང་འགྲིམས།

དགུང་གྲངས་ཀྱི་རྩེ་ལ་དཔྱངས་པའི་མ་ཡུམ་གྱི་འཛུམ་ཞལ།

ལྗོན་རྩེར་ཁུར་གྱིས་དུད་པའི་ཀུ་ཤུ་ཞིག་དང་ཁྱད་ཅི།

མི་ཚེའི་དབྱར་དགུན་སྟོན་དཔྱིད།

འཚོ་བའི་རི་ཆུ་ལ་ཐང་།

ཡོད་ཚད་བསམ་གཞིག་གི་ཁྱོགས་ལ་བཀལ་ཚེ།

ནམ་ཡང་ས་གཞིའི་རྒྱ་ཁྱོན་དུ་བཀྲམ་ཞིང་།

ལྷུན་པོའི་མཐོ་ཚད་དུ་འགྲེངས་ནས།

ཀུ་ཤུ་བཞིན་གཟུགས་ལ་མཛེས་པ།རོ་ལ་ཞིམ་པ།

མ་ཡུམ་ཡིན།

ཉིན་མོ་འདིར།ལྷད་ཀྱིས་མ་གོས་པའི་རི་སྐྱེས་མེ་ཏོག་ཚོམ་བུ་ཞིག

ལག་ཏུ་ཐོགས་ཏེ་དབུལ་ས་ཞིག་ཡོད་ཚེ།

མ་ཡུམ་དུས་ཆེན་མི་ཤེས་པའི་མ་ཡུམ་སྟེ།

ཡང་ན་ཉིན་མོ་ཡོངས་རྫོགས་ལ།ནམ་ཡང་མ་ཡུམ་ཡིན་འོས།

མ་ཡུམ་གྱི་སྐྲ་ལོའི་བྲག་ཐེམ་དུ་གངས་ཀྱིས་ཞབས་རྗེས་དཔར་བ་ནི།

རྒྱང་བཞུད་པ་གང་དེའི་སེམས་ཀྱི་འཁྱག་དར་ཡིན།

གྲང་ཤུར་ཤུར་གྱི་ཚོར་བ་དེ་རྩ་ལམ་བརྒྱུད་ནས་ཕ་ཁྱིམ་དུ་དེངས་འགྲོ།

ཕྱིར་ལྟ་གྲངས་མེད་ཀྱི་ཁྲོད་དུ།

ཕ་ཡུལ་ནི་དེ་འདྲའི་ཉེ་ཞིང་དེ་འདྲའི་རིང་།

མ་ཡུམ་ཡང་དེ་ལྟ་དེ་ལྟར་ཡིན།

མ་ཡུམ་དྲན་དུས།ལམ་གྱི་ཁུག་ཀྱོག་རེ་ནས་རྐང་མལ་ཡང་ཡང་གསོས་ཤིང་།

ཐོག་མར་ལམ་ལ་ཆས་པའི་གནས་དེ་ཡིད་ལ་འཁོར་འོངས།

མ་ཡུམ་གྱི་ཞལ་རས་ལྷག་ཏུ་ཡིད་ལ་འཁོར་འོངས།

ཟླ་བ་ཡར་ངོ་ཞིག་ལ་སྙིང་གཏམ་གླེང་ཞིང།

རླུང་བུ་ལྡོམ་པོ་ཞིག་ལ་སེམས་པ་བསྐུར།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1