༄༅།། ཡིག་བསྒྱུར་ལས་དོན་ལ་ངེས་པར་དུ་ཚང་དགོས་པའི་རྒྱུ་རྐྱེན་འགའ།

རྩོམ་པ་པོ། ཀུན་དགའ་བསམ་གཏན་གྱིས་བྲིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-13


    ཡིག་སྒྱུར་ཞེས་པ་ནི་ཡིག་རིགས་གཅིག་གི་ཐོག་ནས་མཚོན་པའི་ནང་དོན་རྣམས་ཡི་གེའི་སྒྱུ་རྩལ་ལ་བརྟེན་ཏེ་ཡིག་རིགས་གཞན་ཞིག་གི་ཐོག་ནས་ཕབ་པའི་བྱ་བ་འགངས་ཆེན་ཞིག་ཡིན་ཞིང་།ཡིག་སྒྱུར་ལས་འཛམ་གླིང་མིའི་རིགས་དབར་རིག་གནས་དང་ཤེས་རིག་ཕན་ཚུན་སྤེལ་རེས་བྱེད་པ་དང་།དེས་མིའི་རིགས་ཕན་ཚུན་འབྲེལ་བ་བྱེད་པ།རིག་གནས་དང་ཚན་རིག་ཁྱབ་གདལ་གཏོང་བ།ཐོན་སྐྱེད་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་བ་སོགས་ཐད་གལ་ཆེའི་ནུས་པ་ཐོན་དང་འདོན་མུས་ཡིན། གཤམ་དུ་རང་གི་ལོ་ཆ་ཤས་ནང་བོད་རྒྱ་གསར་འགྱུར་ཡིག་སྒྱུར་ལས་དོན་སྒྲུབ་པའི་ཉམས་མྱོང་དང་ཟུང་འབྲེལ་གྱིས་དེའི་ཐད་ཀྱི་ཆ་རྐྱེན་འགའ་ལ་བསམ་གཞིག་བྱས་ཚུལ་རགས་ཙམ་གླེང་རྒྱུ་ཡིན།

    དང་པོ། མ་ཡིག་གི་གོ་དོན་དཔྱིས་ཕྱིན་པ་ཁོང་དུ་ཆུད་པ་བྱེད་དགོས།

    གསར་འགྱུར་ཡིག་སྒྱུར་གྱི་ལས་ཀ་དང་པོ་ནི་མ་ཡིག་ལ་གོ་བ་མཐར་ཕྱིན་པ་ཞིག་དང་གཏིང་ཚུགས་པ་ཞིག་ལེན་རྒྱུ་དེ་ཡིན་ཞིང་།དེ་ཡང་མ་མཐར་མ་ཡིག་གི་བརྡ་སྤྲོད་ཁྱད་ཆོས་ཁོང་དུ་ཆུད་པ་དང་།མ་ཡིག་གི་ཐ་སྙད་འབོར་ཆེན་ཁོང་དུ་ཆུད་པ།མ་ཡིག་ལྟ་ཀློག་དང་དེར་བསམ་གཞིག་བྱེད་པའི་ནུས་པ་དང་བྱང་ཚད་ངེས་ཅན་ལྡན་དགོས་པས་མ་ཚད་མ་ཡིག་གི་ཐ་སྙད་དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཤེས་པ་བྱེད་དགོས།ཡིག་སྒྱུར་བྱེད་སྐབས་སྐད་ཆའི་བརྗོད་སྟངས་དང་།བརྡ་སྤྲོད་གཞུང་ལུགས།རྒྱན་གྱི་སྦྱོར་ཚུལ་སོགས་བུ་ཡིག་ཏུ་ལེགས་པར་ཕབ་སྟེ་བརྗོད་དོན་ཀློག་པ་པོས་གོ་བདེ་ལ་རྟོགས་སླ་བ་ཞིག་ཡོང་བ་བྱེད་དགོས།དེ་ལྟར་མ་བྱུང་ཚེ་ལོ་ཙཱ་བ་ཕུལ་བྱུང་ཞིག་བྱེད་འདོད་པ་ནི་ཉིན་མོའི་སྐར་མ་དང་རི་བོང་གི་ར་ལས་མ་མཆིས་སོ།ལྷག་པར་དུ།དེང་སྐབས་གསར་འགྱུར་རྩོམ་ཡིག་ནང་ཕྱི་ཡོང་མིང་ཚིག་དང་ཐ་སྙད་གསར་པ་ནི་ཆར་རྗེས་མྱུ་གུ་རྒྱས་པ་ལྟར་རྫོགས་མཐར་མེད་པར་གཅིག་རྗེས་གཉིས་མཐུད་ངང་ཐོན་བཞིན་ཡོད་པས་གསར་འགྱུར་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ཚེ།ཐོག་མར་དུས་རབས་ཀྱི་ཤེས་བྱ་གསར་པ་དེ་དག་ལ་སྦྱངས་བརྩོན་གང་ལེགས་ཐོག་དུས་རབས་གསར་པའི་ནང་འཕྲད་པའི་ཡིག་སྒྱུར་གྱི་གནད་དོན་རབ་དང་རིམ་བར་ཞིབ་འཇུག་འཚོལ་ཞིབ་གཟབ་ནན་གྱིས་དེའི་ཐད་ཀྱི་ཤེས་བྱ་རང་རྒྱུད་ལ་འཇགས་པ་བྱ་རྒྱུ་ནི་མ་མཐའི་ཆ་རྐྱེན་ཞིག་ཡིན་པ་དང་ཆ་རྐྱེན་དེ་རང་རྒྱུད་ལ་ལྡན་ཚེ་སྐབས་བབས་སུ་བརྗོད་པའི་མ་ཡིག་ལ་གོ་བ་ལེན་པའི་བརྒྱུད་རིམ་དེ་གཞི་ནས་གླེང་ཆོག

    གཉིས་པ། ཡིག་སྒྱུར་བར་ཡིག་རིགས་གཉིས་ཀྱི་ཆུ་ཚད་མཐོ་པོ་ལྡན་དགོས།

    ཡིག་སྒྱུར་བར་ཡིག་རིགས་གཉིས་ཀྱི་ཆུ་ཚད་མཐོ་པོ་ལྡན་དགོས་པ་ནི་ཡིག་སྒྱུར་གྱི་ལས་ལ་འཇུག་པའི་མཐུན་རྐྱེན་དང་པོ་དེ་ཉིད་ཡིན་ལ།ཡིག་སྒྱུར་ལས་ལ་མཁས་པར་འགྱུར་བ་བྱེད་པའི་མཐུན་རྐྱེན་དང་པོ་དེའང་ཡིན་པ་སྨོས་མེད་རེད།དེར་བརྟེན་ཡིག་སྒྱུར་གྱི་ལས་ལ་གཞོལ་མཁན་སུ་འདྲ་ཞིག་ཡིན་རུང་ཡིག་རིགས་མི་འདྲ་བ་གཉིས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས།དེ་ལྟར་མ་བྱུང་ཚེ་ཡིག་སྒྱུར་ཞེས་པ་གླེང་ཐབས་བྲལ།འདི་གར་ངས་དམིགས་སུ་བཀར་ནས་བརྗོད་འདོད་པ་ཞིག་ནི་རང་གིས་ཡིག་སྒྱུར་བྱེད་པའི་ཡིག་རིགས་གཉིས་ཀའི་ཡིག་རྩ་ནོན་པོ་དང་།བརྗོད་པ་བསྡུས་ལ་བདེ་བ།རྗོད་བྱེད་ཚིག་གྲུབ་སྙན་ལ་ཚིག་སྦྱོར་འཁྲུག་ཆ་དོད་པ། བརྡ་རྙིང་གི་ཤེས་བྱ་ཟབ་ཙམ་དང་ཚིག་རྒྱན་རིག་པའི་ཐད་ལའང་ཐོགས་པ་མེད་པ་ཞིག་བཅས་དགོས་གལ་ཆེའོ།མིག་སྔར་ཡིག་སྒྱུར་རྩོམ་ཡིག་མང་པོ་ཞིག་གི་བརྗོད་དོན་གོ་དཀའ་བ་དང་།རྗོད་བྱེད་ཚིག་སྦྱོར་མི་བདེ་བ་སོགས་ཀྱི་རྒྱུ་རྐྱེན་ནི་སྐད་ཡིག་གཉིས་ཀར་བྱང་ཚད་དེ་ཙམ་མེད་པའམ་ཡང་ན་སྐད་ཡིག་སྣ་གཅིག་གི་བྱང་ཚད་མཐོ་ཙམ་ཡོད་རུང་གཅིག་ཤོས་དེའི་ཆུ་ཚད་དམའ་དྲགས་པས་ཡིན་པ་སྨོས་མེད་རེད།དེས་ན་ལོ་ཙཱ་བ་ཞིག་ཡིན་ཕྱིན་སྐད་ཡིག་གཉིས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱུན་དུ་དོ་སྣང་ཧ་ཅང་ཆེན་པོ་བྱེད་དགོས་པར་སེམས།

    གསུམ་པ། ཕབ་སྒྱུར་གྱི་ནང་དོན་དེ་རང་མི་རིགས་ཀྱི་སྐད་ཀྱི་འགྲོས་དང་བསྟུན་དགོས།

    ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི་དཔེ་ཆ་རྣམས་བརྗོད་བྱའི་དོན་གྱི་གོ་རིམ་མ་ནོར་ཞིང་ཆ་ཚང་བ་དང་།རྗོད་བྱེད་ཚིག་གསལ་ཞིང་གོ་བརྡ་འཕྲོད་པའི་ནུས་པ་ཆེ་བར་མ་ཟད་སྒྱུར་ཡིག་མང་པོ་ཞིག་ནི་བོད་མི་རང་གིས་རྩོམ་འབྲི་བྱས་པ་ལྟར་ཆུ་ཚད་ཧ་ཅང་མཐོ་པོ་ཡོད།གནའ་རབས་རྒྱ་གར་གྱི་རིག་གནས་དང་ཆོས་དཔེ་མང་པོ་ཞིག་གི་མ་དཔེ་རྣམས་གཏོར་བཤིག་ཐེངས་མང་བྱུང་བའི་དབང་གིས་མཐོང་རྒྱུ་མེད་པར་གྱུར་ཡང་བོད་ཡིག་ཐོག་ཕབ་སྒྱུར་བྱས་པའི་བཀའ་བསྟན་རྣམས་དེང་སྐབས་ཡང་བསྐྱར་བོད་ཡིག་ནས་ཕར་རྒྱ་གར་གྱི་ཡི་གེར་ཕབ་སྒྱུར་བྱས་པ་དེ་དག་རྒྱ་གར་གྱི་ཡི་གེའི་མ་དཔེ་དངོས་དང་ཁྱད་མེད་པའི་ཕན་ཐོགས་ཆེན་པོ་ཡོད་པ་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་གཅིག་གྱུར་ཐོག་ངོས་འཛིན་གནང་གི་ཡོད་པ་མ་ཟད།རྒྱ་གར་གྱི་དཔེ་ཆ་རྒྱ་ཡིག་དང་བོད་ཡིག་ནང་གོ་སླ་བ་དང་བརྗོད་དོན་ཆ་ཚང་བ་ཡོད་པའང་རྒྱ་བོད་གཉིས་ཀའི་སྐད་ཡིག་ལ་མཁས་པའི་མཁས་དབང་མང་པོ་ཞིག་གིས་གསུངས་དང་གསུང་མུས་རེད།ད་དུང་འཛམ་གླིང་ཐོག་དེ་སྔ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་མང་པོ་ཞིག་མི་རིགས་འདྲ་མིན་སྣ་ཚོགས་ཀྱི་སྐད་དུ་ཕབ་སྒྱུར་བྱས་ཡོད་ནའང་བོད་ཀྱི་ཡི་གེར་ཕབ་སྒྱུར་བྱས་པའི་སྒྱུར་ཡིག་ནི་བསྒྱུར་དག་ཤོས་ཤིག་ཡིན་པ་མི་རིགས་དང་རྒྱལ་ཁབ་མི་འདྲ་བའི་མཁས་པ་མང་པོས་མགྲིན་གཅིག་ཏུ་འདོད་ཀྱི་ཡོད།དེར་བརྟེན་དེང་གི་འཛམ་གླིང་རིག་གནས་ཀྱི་གྲལ་སྟར་ནང་བོད་རིག་པ་ཞེས་གཟི་བརྗིད་འོད་སྟོང་འཕྲོ་བའི་གྲས་སུ་གྱུར་ཏེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པ་དེ་ནི་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་མཛད་རྗེས་ཡིན་ལ།ཡང་སྒོས་ལོ་ཙཱ་བར་མཁོ་བའི་ཆ་རྐྱེན་ལ་མཐོང་ཤིན་ཏུ་ཆེན་པོ་གནང་བའི་འབྲས་བུ་ཞིག་ཡིན་པ་གནམ་འོག་སྐྱེ་བོ་ཀུན་གྱིས་ཀྱང་བསྙོན་དུ་མེད་པ་ཞིག་རེད།

    བཞི་པ།  ཡིག་སྒྱུར་བར་སྤྱི་ཚོགས་ཀྱི་འགན་སེམས་ཆེན་པོ་ལྡན་དགོས།

    མིག་སྔར་ཡིག་སྒྱུར་བྱ་བཞག་བྱ་འཕུར་བ་ལྟར་གོང་འཕེལ་འགྲོ་བཞིན་ཡོད།ཡིག་སྒྱུར་གྱི་འགན་འཁྲི་ནི་བླ་ན་མེད་པ་ཞིག་ཡིན་པ་དང་དེ་སྐད་བརྡ་སྤྲོད་རེས་བྱེད་པའི་མཚམས་སྦྱོར་ཞིག་ཡིན་པ་མ་ཟད།སྐད་ཡིག་མི་འདྲ་བ་ཕན་ཚུན་སྤེལ་རེས་བྱེད་པའི་འགན་ཁུར་དགོས་པ་དང་སྤྱི་ཚོགས་ཀྱི་འགན་འཁྲིའང་ཁུར་དགོས།ཡིག་སྒྱུར་གྱི་འགན་འཁྲི་དངོས་འབྲེལ་ཁུར་དགོས་ཚེ་དང་ཐོག་འགན་འཁྲི་དེ་དང་འབྲེལ་བ་ཡོད་པའི་ཤེས་བྱར་ཤེས་རྟོགས་ཡང་དག་པ་དང་མཐིལ་རྟོགས་པ་ཞིག་བྱེད་དགོས་པ་ལས་མི་ཤེས་ཤེས་མདོག་གིས་རྒྱུས་མངའ་ཡོད་མཁན་གྱིས་འཕྱ་སྨད་བྱེད་ཡུལ་དུ་གྱུར་ན་ག་ལ་འགྲིག འོན་ཀྱང་དེང་དུས་བོད་ཀྱི་ཡིག་སྒྱུར་བྱ་བཞག་ད་དུང་མི་རྣམས་ཀྱི་འདོད་འདུན་ཡོངས་སུ་ཁེངས་པ་ཞིག་མེད་པས་རང་ཅག་ལོ་ཙཱ་བ་ཚོས་ཚན་རིག་ལག་རྩལ་དང་ཆ་འཕྲིན་སྣ་ཚོགས་བོད་རིགས་མང་ཚོགས་ལ་བརྒྱུད་སྤྲོད་ལེགས་པོ་ཐུབ་རྒྱུའི་སྤྱི་ཚོགས་ཀྱི་འགན་སེམས་ལ་བརྟེན་ནས་ཡིག་སྒྱུར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་མཐུན་རྐྱེན་གང་ལེགས་བསྐྲུན་དགོས།དེའང་ཡིག་སྒྱུར་བར་སྤྱི་ཚོགས་ཀྱི་འགན་སེམས་དགོས་ལ་ཐོག་མཐའ་བར་གསུམ་དུ་འགན་བབས་ལས་ཀ་དེ་བྱང་ཆུབ་པ་ཞིག་ཡོང་བ་བྱ་རྒྱུའི་བརྩོན་སེམས་ཀྱང་དེ་བས་དགོས།གལ་སྲིད་ཁྲལ་སེལ་སླ་བཅོས་ཀྱི་བསམ་བློར་བརྟེན་ནས་ཡིག་སྒྱུར་བྱས་ཚེ་ལོ་མང་ཡིག་སྒྱུར་ལས་ལ་གཞོལ་ནས་ལོ་ཙཱ་བ་རྒན་གྲས་སུ་གྱུར་ཡང་ཤེས་ཚད་དེ་ནམ་ཡང་འཕེལ་མེད་སོར་གནས་སུ་ལུས་ནས་ལོ་ཙཱའི་མཚན་སྙན་གྱི་མདུན་དུ་ངོ་གནང་དགོས་པ་གྱུར་སྲིད།དེར་བརྟེན་ང་ཚོ་ཡིག་སྒྱུར་ལས་དོན་པ་རྣམས་ཀྱིས་གོང་གི་ངེས་པར་དུ་ཚང་དགོས་པའི་རྒྱུ་རྐྱེན་འདི་དག་བློར་ངེས་ཏེ་ལོ་ཙཱ་ཡི་ལས་ཀ་གོང་དུ་སྤེལ་བར་ཧུར་བརྩོན་ཆེན་པོ་བྱ་དགོས་སོ།།

 

 


རྩོམ་ཡིག་སྔོན་མ།
今日小金
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1