༄༅།།གླིང་གེ་སར་གྱི་འཁྲུངས་སྐར་དབུ་བརྙེས་ཚུལ།

རྩོམ་པ་པོ། སྨིན་དབུལ་པོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གེ་སར་རིག་གནས་དྲ་བ། སྤེལ་དུས། 01-13


   དེ་ཡང་རང་ཉིད་ཀྱི་ཞེ་ལ་སྤྱིར་འཛམ་བུ་གླིང་གི་རྒྱལ་ཁབ་དང་མི་རིགས་སོ་སོ་ལ། རང་རང་གི་ཐད་ནས་འདས་པའི་ལོ་རྒྱུས་སྟེང་བྱུང་མྱོང་བའི་རླབས་ཆེན་གྱི་སྐྱེས་བུ་ཕལ་མོ་ཆེ་ལ་འཁྲུངས་སྐར་སོགས་རྗེས་དྲན་གྱི་དུས་ཆེན་རེ་རེ་གཏན་ཁེལ་ཡོད་པར་མ་ཟད། དུས་ཆེན་རེ་དང་འབྲེལ་ཡོད་ཀྱི་བྱ་འགུལ་འདྲ་མིན་སྤེལ་བའི་སྲོལ་ཡོད་པ་དང་། ལྷག་པར་རང་རེ་བོད་མི་རིགས་ལ་མཚོན་ན་ཡང་གྲུབ་མཐའ་སོ་སོའི་སྲོལ་འབྱེད་སྐྱེས་ཆེན་ཕལ་ཆེ་བར་འཁྲུངས་སྐར་དང་འདས་མཆོད་ཀྱི་དུས་ཆེན་གཏན་ཁེལ་རེ་དང་། དེ་དང་འབྲེལ་བའི་ཆོས་དང་རིག་གནས་ཀྱི་བྱེད་སྒོ་ཁྱད་པར་བ་རེ་གཏོང་སྲོལ་ཡོད་ན། གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཅེས་མཚན་སྙན་གྲགས་འཛམ་གླིང་ལ་རྒྱས་པའི་མི་

རིགས་ཀྱི་མེས་པོ་རླབས་ཆེན་འདི་ལ་ཡང་རྗེས་དྲན་གྱི་དུས་ཆེན་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་བསམ་བློ་ཡུན་རིང་ནས་འཁོར་མྱོང་མོད། ཕྱི་བཤོལ་གྱི་དབང་གིས་གཏན་ཁེལ་བ་ཞིག་མ་བྱུང་བར་ལུས། སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོའི་ནང་སྤོས་ལྡན་བོད་ཁྲོམ་ནས་བློ་སེམས་གཅིག་ཏུ་མཐུན་པའི་གྲོགས་དམ་པ་ཟུར་མང་ཀརྨ་ལྷ་དབང་ལགས་དང་མཉམ་དུ་གླིང་རྗེ་གེ་སར་དང་འབྲེལ་བའི་དུས་ཆེན་སྐོར་བགྲོ་གླེང་མཛད་མཐར། འཁྲུངས་སྐར་དུས་ཆེན་ཞིག་གཏན་ཁེལ་བཟོས་ན་བཟང་བར་བློ་ཁ་མཐུན་པ་དང་། དུས་ཆེན་གྱི་གཞི་འཛིན་ས་གཙོ་བོ་ཡང་གླིང་ཚང་རང་གི་རྒྱལ་ཁོངས་འདན་སྨད་ཁྲོམ་ཐོག་དགོན་སར་ཚང་དུ་བོད་རབ་བྱུང་༡༥པའི་ཤིང་ཕོ་རྟ་སྟེ། སྤྱི་ལོ་༡༨༩༤་ལོར་སྐུ་འཁྲུངས་ཤིང་། གླིང་ཚང་ས་སྐྱོང་བསྟན་་འཛིན་ཆོས་ཀྱི་རྒྱལ་པོའི་འཕྲུལ་བློན་ཆེ་བཞིའི་ཡ་གྱལ། མཛངས་པའི་བློན་ཆེན་འགྱུར་མེད་ཐུབ་བསྟན་འཇམ་དབྱངས་གྲགས་མཆོག་གིས་ཀུན་མཁྱེན་བླ་མ་མི་ཕམ་རྒྱ་མཚོ་སོགས་མཁས་གྲུབ་མང་པོའི་བཞེད་དགོངས་ལྟར་དང་། ལྷག་པར་གདོང་འབུམ་པའི་ཞལ་དཀར་གྱི་གདུང་བརྒྱུད་བར་མ་ཆད་པའི་གླིང་ཚང་རྒྱལ་ཁྱིམ་དུ་སྔར་ནས་བཞུགས་པའི་དཔེ་ཆ་ཁུངས་ལྡན་ཞིག་དང་། བུ་ལྷ་ནོར་བུའི་འཁྲུངས་གླིང་གཉིས་ཁུངས་བཙུན་པར་བཟུང་སྟེ་ཞིབ་བྲིས་མཛད་པའི་རྣམ་ཐར་རྟོགས་བརྗོད། གླིང་རྗེ་གེ་སར་སྐུ་འཁྲུངས་སྐོར་ཕྱོགས་ནས་སྤྱི་ཚོགས་ཁྲོད་རྒྱུག་ཆེ་ཞིང་ཀུན་གྱིས་ཁས་ལེན་པའི་སྒྲུང་དཔེ་རྩ་ཆེན་འཁྲུངས་གླིང་མེ་ཏོག་ར་བ་ལས། དེ་ནས་སྟག་ལོ་རྒྱལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་པར། ཞེས་གསལ་བ་དང་། དེ་བཞིན་དུ་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོའི་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་བའི་གྲུབ་ཐོབ་གཏེར་སྟོན་ཆེན་པོ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྙན་བརྒྱུད ་ལས་འཁྲུངས་པའི་གླིང་སྐྱེས་བུའི་ཆོས་སྒྲུང་སིལ་མ་ལས་གསེར་ཆོས་འོག་མིན་སྒྲོད་པའི་ཐེམ་སྐས་གསང་བའི་རྒྱ་ཅན་ ལས་ཀྱང་། སྟག་གི་ལོ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ་ལྷ་ཀླུ་གཉན་སྲིང་རང་དང་བཅས་པ་ངོ་མཚར་བའི་ལྟསདཔག་ཏུ་མེད་པ་དང་བཅས་སྐུ་བསྟམ་མོ༔ ཞེས་གསལ་བ་དང་། གཞན་དབུས་ལྷ་ལྡན་ཕྱོགས་ཀྱི་གླིང་སྒྲུང་དཔེ་དཀོན་ཐ་རམ་དགོས་འདོད་གཏེར་རྫོང་།སོགས་གླིང་རྗེ་འཁྲུངས་སྐོར་དང་འབྲེལ་ཡོད་ཀྱི་སྒྲུང་དཔེ་གསར་རྙིང་མང་པོ་ཞིག་ཕན་ཚུན་བསྡུར་ནས་འོང་ན། རྒྱལ་ཟླ་བའི་ཚེས་བཅོ་ལྔ་ཉིན་ནི་མི་རྗེ་གེ་སར་སྐྱེས་བུ་དོན་གྲུབ་མཆོག། མདོ་ཁམས་གླིང་གི་ཡུལ་དུ་འཁྲུངས་པའི་དུས་ཆེན་གྱི་ཉིན་མོར་གཏན་ཁེལ་ཆོག་པའི་ངེས་ཤེས་རྙེད། སྤྱིར་རྒྱལ་ཟླ་བ་དེ་ལ་ངོས་འཛིན་ཚུལ་ཐད་ནས་བོད་ཀྱི་སྐར་རྩིས་ལ། ཕུག་ལུགས་དང་། མཚུར་ལུགས། གཞན་ཆགས་མེད་དང་དགེ་རྩེ་པཎ་ཆེན་གྱི་ལུགས་སོགས་འདྲ་མིན་འགའ་མཆིས་ཀྱང་། ཉེ་རབས་བོད་སྤྱི་ཡོངས་ནས་རྒྱལ་ཟླར་ངོས་འཛིན་བཞིན་པ་ནི། ཟླ་བཅུ་གཉིས་པ་ཡིན་པས་དེས་ན་ཉེ་ལམ་གྱི་རྩི་སྟངས་ལ་སྒོ་བསྟུན་ཏེ་ཟླ་བཅུ་གཉིས་པའི་ཚེས་ཆེན་བཅོ་ལྔ་འཁྲུངས་སྐར་དུས་ཆེན་ལ་གཏན་ཁེལ་ཐུབ་ན་མི་ཆོག་པ་མེད་ཅིང་། ཟླ་ཚེས་ངོས་འཛིན་སོགས་ལ་སྟབས་བདེ་བར་མཐོང་སྟེ། སྤྱི་ལོ་༢༠༡༣-༡-༢༦སྟེ་བོད་ཆུ་སྦྲུལ་ལོའི་རྒྱལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་གྱི་སྔ་མོར། གདན་ས་སེང་འབྲུག་སྟག་རྩེ་རུ་བཞུགས་པའི་གླིང་སྤྲུལ་ཀུན་བཟང་རྒྱལ་མཚན་མཆོག་ལ་འཕྲིན་ལམ་ནས་དེ་རིང་གླིང་གེ་སར་གྱི་འཁྲུངས་སྐར་གཏན་ཁེལ་གྱི་བྱ་བ་ཞིག་དབུ་རྩོམ་བཞིན་ཡོད་པས་ཐུགས་གཏད་གནང་རོགས་ཞེས་སྐྱབས་འཇུག་དང་བཅས། གྲོགས་ཀརྨ་ལྷ་དབང་དང་མཉམ་དུ་གླིང་རྗེ་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོའི་སྐར་འཛིན་རྟེན་འབྲེལ་དུ་སྐྱེས་བུ་ཆེན་པོའི་རྣལ་འབྱོར་ཀྱི་སྒོ་ནས་ཚོགས་མཆོད་ཡིད་སྤྲོ་བ་ཞིག་བྱ་ཆེད་ཕྱི་རོལ་དུ་ཚོགས་རྫས་དང་། བདུག་སྤོས་ཛ་གད་སོགས་ཉོ་སྒྲུབ་བྱེད་དུ་ཕྱིན་སྐབས། འཇམ་དབྱངས་ཀརྨ་བི་ཤྭའི་བཟོ་རྩལ་གླིང་གི་སྤྱི་གཉེར་བླ་མ་འཇམ་དབྱངས་འོད་ཟེར་ལགས་ཀྱིས་མ་སྐུལ་རང་འགུལ་གྱིས་གཟི་སྒྲོམ་ཁྲ་བོ་ཡིད་འོང་ཞིག་ཁྲ་མོ་གླིང་གི་བླ་གཟི་ཡིན་ཞེས་རྟེན་འབྲེལ་གྱི་ལེགས་བཤད་བཅས་གནང་བས་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས། དེ་ནས་ཚོགས་རྫས་དང་ཛ་གད་སོགས་རྒྱས་སྤྲོས་འཚམ་པ་ཞིག་བསྒྲུབས་རྗེས་ཕྱིར་ཁྲུང་ཁྲུང་དཀར་མོའི་གསོལ་སྟོན་གླིང་ཞེས་པའི་ཡང་སྟེང་རང་ཉིད་ཞག་སྡོད་བྱེད་གནས་ཝེར་མ་དགྱེས་པའི་འོད་ཁང་དུ་ལོག་ཏེ། མཆོད་བཤམས་ཡིད་དུ་འོང་བ་ཞིག་བྱས་རྗེས་གྲོགས་ཀརྨ་ལྷ་དབང་གིས་དབུ་འདྲེན་གནང་བ་བཞིན། ཀུན་མཁྱེན་བླ་མ་འཇམ་དབྱངས་མི་ཕམ་རྣམ་རྒྱལ་རྒྱ་མཚོ་དང་། ༧ ཆོས་རྗེ་བླ་མ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཡབ་སྲས་ཟུང་གི་རྡོ་རྗེའི་གསུང་བྱིན་རླབས་ཅན་དག་གི་སྒོ་ནས་གླིང་སྐྱེས་བུའི་ཚོགས་མཆོད་དང་བསྟོད་སྐུལ་རྒྱས་བསྡུས་འཚམ་པ་ཞིག་ཕུལ་ཏེ། གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་སྐར་དུས་ཆེན་སྐར་བདག་བྱས་པའི་རྟེན་འབྲེལ་གྱི་སྒོ་མོ་ལེགས་པར་ཕྱེས་པར་མ་ཟད། བྱ་བ་དེ་གླིང་གེ་སར་རིག་གནས་དྲ་བ་དང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་སོགས་དུས་རབས་ཀྱི་འཕྲིན་སྐྱེལ་དྲ་ལམ་སོ་སོ་བརྒྱུད་ཁྱབ་བསྒྲགས་དང་རྒྱུད་སྤེལ་བྱས། དེ་ནས་བཟུང་ལོ་རེ་བཞིན་རྒྱལ་ཟླའི་ཚེས་ཆེན་བཅོ་ལྔར་གླིང་རྗེ་འཁྲུངས་སྐར་དུ་དྲྭ་ལམ་འཕྲིན་སྟེགས་སོ་སོ་ནས་ཁྱབ་སྒྲོག་དང་། གླིང་གེ་སར་དང་འབྲེལ་ཡོད་ཀྱི་ཚོགས་པ་སོ་སོར་ཚོགས་མཆོད་སོགས་རྣམ་དཀར་དང་འབྲེལ་བའི་བྱ་འགུལ་རེ་སྤེལ་རྒྱུ་རྒྱུན་མཐུད་ཀྱི་རེ་སྐུལ་བཅས་འཁྲུངས་སྐར་དུས་ཆེན་རྒྱ་ཁྱབ་ཏུ་བཏང་པ་ཡིན་ལ། ལྷག་པར་དུ་གླིང་སྤྲུལ་ཀུན་བཟང་རྒྱལ་མཚན་མཆོག་གི་བཀའ་དྲིན་ལ་བརྟེན་གླིང་དཀར་པོའི་གདན་ས་སེང་འབྲུག་སྟག་རྩེ་ནས་དུས་ཆེན་ལ་ལོ་རེ་བཞིན་ཚོགས་མཆོད་སོགས་བྱ་འགུལ་རྒྱུན་མ་ཆད་པར་སྤེལ་རོགས་གནང་པ་དང་། ནང་སྒོས་སུ་ད་ལོ་ཕྲན་གྱིས་རེ་སྐུལ་བཞིན་གླིང་སྤྲུལ་ཀུན་བཟང་རྒྱལ་མཚན་ཁོང་གིས་ཐུགས་བསྐྱེད་དང་བརྩོན་སྟོབས་རྒྱ་ཆེན་པོས་རྒྱལ་ཡོངས་གེ་སར་བྱ་བའི་གཞུང་ལས་ཁང་དང་། མཚོ་སྔོན་གེ་སར་ཞིབ་འཇུག་ཁང་། མགོ་ལོག་ཁུལ་གེ་སར་བྱ་བའི་དབུ་ཁྲིད་ལས་བྱེད་རྣམས་ལ་རིམ་པ་བཞིན་སྙན་ཞུ་དང་དགོངས་སྐོར་ཡང་དག་པ་བརྒྱུད། ཆོས་མཐུན་དང་ཁྲིམས་མཐུན་ངང་ཁོང་གིས་བཙུགས་པའི་མཚོ་སྔོན་སེང་འབྲུག་སྟག་རྩེ་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་། གླིང་གེ་སར་རིག་གནས་ཀྱི་གཙོ་བདག་རིམ་པ་སོ་སོའི་ལས་ཁུངས་ལྟེ་གནས་རྣམས་དང་ཕན་ཚུན་མཉམ་འབྲེལ་གྱི་ཐབས་ལམ་ལེགས་པོ་བཙལ་ཏེ། གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་འདུ་འཛོམས་ཆེན་མོ་སྐབས་དང་པོ། བོད་རབ་བྱུང་༡༧པའི་མེ་བྱ་ལོའི་ཟླ་བཅུ་བའི་ཚེས་བཅུ་དགུ་སྟེ། སྤྱི་ལོ་༢༠༡༧ལོའི་ཟླ་༡༢པའི་ཚེས་༦ཉིན།

       གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་སེང་འབྲུག་སྟག་རྩེ་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཚོགས་ཁང་དང་། སྐུ་མགྲོན་སྐྱེལ་བསུ། བཞུགས་གནས་གསོལ་མགྲོན་སོགས་ལ་འགྲོ་གྲོན་རྒྱ་ཆེན་པོ་བཏང་ནས་བསྡུས་ཤིང་། གླིང་དགའ་བ་ཕྲན་ཆུང་རང་གི་ཞེན་འདོད་དང་ཤིན་ཏུ་མཐུན་པའི་གྲོས་གཞི་སྟེ། གླིང་རྗེ་གེ་སར་སྐྱེས་བུའི་འཁྲུངས་སྐར་གཏན་ཁེལ་རྒྱུའི་སྐོར་དང་། གླིང་རྗེ་གེ་སར་སྐྱེས་བུའི་རྣམ་ཐར་ཟློས་གར་གྱི་ཁྲབ་ཆས་ཞིབ་བཅོས་ཐད་ཀྱི་གྲོས་མོལ་སོགས་ཆེད་འབྲེལ་གྱི་གླེང་གཞི་དྲུག་ཙམ་རྩ་གནད་དུ་བཟུང་བའི་བགྲོ་གླེང་། མཚོ་སྔོན་སེང་འབྲུག་སྟག་རྩེ་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཁང་གི་དབུ་ཁྲིད་གླིང་སྤྲུལ་ཀུན་བཟང་རྒྱལ་མཚན་ཁོང་དང་། མཚོ་སྔོན་ཞིང་ཆེན་གེ་སར་རིག་གནས་ཞིབ་འཇུག་ཁང་གི་མགོ་གཙོ་དབང་དྲག། མགོ་ལོག་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་གཙོ་མཚོ་སྐྱེས་རྡོ་རྗེ་རྣམ་པས་མགོ་འཛིན་པ་མཛད་དེ། རྟེན་འབྲེལ་ལེགས་ཚོགས་ཀྱིས་ཀུན་ནས་ཕྱུག་པ་ཞིག་བྱས་ནས་ཉིན་གཉིས་ཀྱི་ཡུན་ལ་ཟབ་རྒྱས་ངང་འཚོགས། ཚོགས་འདུ་འདིར་སྨྲ་བའི་དབང་ཕྱུག་ཚུལ་ཁྲིམས་བློ་གྲོས་ཚང་དང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་དབུ་འཛིན་ནོར་བུ་དབང་ལྡན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། གླིང་གེ་སར་རིག་གནས་ཞིབ་འཇུག་ཆེད་མཁས་པ་གཅོད་པ་དོན་གྲུབ། ལྡོང་ནོར་སྡེ་སོགས་གླིང་གེ་སར་རིག་གནས་དང་འབྲེལ་ཡོད་ཀྱི་ལས་བྱེད་དབུ་ཁྲིད་དང་། བླ་མ་སྐྱེས་ཆེན། སྒྲུང་བ་སྒྲུང་མ། རི་མོ་བ། ཞིབ་འཇུག་པ། རྣམ་ཐར་འཁྲབ་སྟོན་པ་དང་མདོ་འཛིན་པ་སོགས་བོད་རྒྱ་མི་རིགས་སོ་སོ་འདུས་པའི་ཚོགས་མི་ཉིས་བརྒྱ་ཡས་མས་ཤིག་གིས་དགའ་སྤྲོའི་ཐལ་མོ་རྡེབ་བཞིན་འཚོགས་པ་དང་མཉམ་དུ། དགེ་བའི་བཤེས་གཉེན་ཆེན་པོ་རྨེ་སྤྲུལ་བསྟནའཛིནརྒྱམཚོ་མཆོག་དང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་དབུ་གཙོ་རྒན་པ་འཇམ་དཔལ་རྒྱ་མཚོ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུ་རེན་གཞོན་པ་སྟག་འབུམ་ཐར་སོགས་ཀྱིས་ཤིས་ཚིག་གནང་འདུག་པ་བསྒྲགས་རྗེས། དབུ་ཁྲིད་རྣམ་པས་གླིང་གེ་སར་རིག་གནས་སྐོར་གྱི་གསུང་གླེང་རྒྱ་ཆེན་གནང་བ་དང་། ལྷག་པར་གཙོ་སྒྲུབ་པས་བཀོད་སྒྲིག་ལྟར་གླིང་རྗེ་གེ་སར་སྐྱེས་བུའི་འཁྲུངས་སྐར་དུས་ཆེན། རྒྱལ་ཟླ་བའི་ཚེས་ཆེན་བཅོ་ལྔ་ལ་གཏན་དུ་ཁེལ་བར་བྱས་ན་ཐུགས་ལ་བབས་མིན་གྱི་མཚན་རྟགས་འགོད་གནས་བཀྲམས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མི་རིགས་ཀྱི་དཔའ་བོ་གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་མཆོག་གི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་རྒྱལ་སྤྱི་ཅན་དང་འཛམ་གླིང་ཅན་དུ་ཕྱོགས་པའི་འཕྲིན་ལས་གཉེར་བའི་རིམ་པ་རྒྱལ་ཁའི་ངང་གྲུབ་སོང་བ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན་པར་མ་ཟད། ཡུལ་མགོ་ལོག་ཕྱོགས་ཀྱི་གླིང་དགའ་བ་ཕྲན་གྱི་མི་ཚེའི་ནང་གི་རེ་བ་ཆེ་ཤོས་ཤིག་ཀྱང་ཡིན་པས། བྱ་བ་འདི་ལ་ཕྱོགས་ཡོངས་ནས་ཁ་འཛིན་སྡོངས་གྲོགས་མཛད་མཁན་གྱི་ལྷ་དང་མི་ཡོངས་ལ་སྙིང་རུས་པའི་གཏིང་ནས་བཀའ་དྲིན་ལན་གྲངས་བརྒྱ་ལ་ཞུ་བཞིན་པའི་སེམས་ངོགས་ཙམ་དུ་གླིང་སྒྲུང་བ་སྨིན་དབུས་སྤྲང་པོ་དེས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་ནས་ ༢༠༡༧ ལོའི་ཟླ ༡༢ པའི་ ཚེས་༡༡ ཉིན་ཕུལ།

 གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་འདུ་འཛོམས་ཆེན་མོ་སྐབས་དང་པོ་འཚོགས་གནས་གནའ་མཁར་ཟི་ལིང་། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1