དངོས་མང་བཤམས་སྟོན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དངོས་མང་བཤམས་སྟོན་ཁང་གི་མ་ལག་ལེགས་སུ་གཏོང་བ། དངོས་མང་བཤམས་སྟོན་ཁང་གི་སྤུས་ཚད་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་ཆེད་དུ། ཟླ་12ཚེས་21ཉིན་གྱི་དགོང་མོར། ཀྲུང་གོ་དངོས་མང་བཤམས་སྟོན་ཁང་མཐུན་ཚོགས་ཀྱིས་ཁག་བཞི་བའི་རྒྱལ་ཡོངས་དངོས་མང་བཤམས་སྟོན་ཁང་གི་རིམ་པ་གཏན་འཁེལ་བྱས་པའི་སྐོར་གྱི་འབྲས་བུ་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་བོའི་དངོས་མང་བཤམས་སྟོན་ཁང་74དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་དངོས་མང་བཤམས་སྟོན་ཁང་221། རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་དངོས་མང་བཤམས་སྟོན་ཁང་225བཅས་ལ་ཞིབ་བཤེར་གཏན་འཁེལ་བྱས་པ་དང་། དེའི་ནང་མའོ་རྫོང་ཆའང་རིགས་དངོས་མང་བཤམས་སྟོན་ཁང་དེ་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་དངོས་མང་བཤམས་སྟོན་ཁང་དུ་བདམས།
མའོ་རྫོང་ཆའང་རིགས་དངོས་མང་བཤམས་སྟོན་ཁང་དེ་1984ལོར་བཙུགས་པ་དང་2012ལོའི་ཟླ་6ཚེས་28ཉིན་དངོས་སུ་སྒོ་ཕྱེས། བཤམས་སྟོན་ཁང་གསར་བའི་རྒྱ་ཁྱོན་ལ་མུའུ་60ཡོད་པ་དང་། བཤམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་429ཡོད། ཁྱོན་རང་བྱུང་ཁང་དང་། ས་འགུལ་ཁང་། དད་མོས་ཁང་། ཆའང་ཁུངས་ཁང་། དམངས་སྲོལ་ཁང་། རིག་དངོས་རྩ་ཆེན་ཁང་། ཡིང་ཕན་ཧྲན་ཁང་། དམར་དམག་ཁང་བཅས་ཀྱི་བཤམས་སྟོན་ཁང་8བཙུགས་ནས་རྩ་ཆེའི་ལོ་རྒྱུས་ཀྱི་རིག་དངོས་དང་མི་རིགས་ཀྱི་རིག་དངོས་10566ཉར་ཚགས་བྱས་ཡོད། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་རིག་དངོས་13དང་། རིམ་པ་གཉིས་པའི་རིག་དངོས་27དང་། རིམ་པ་གསུམ་རིག་དངོས་273བཅས་ཡོད། མའོ་རྫོང་ཆའང་རིགས་དངོས་མང་བཤམས་སྟོན་ཁང་ནི་ཉར་ཚགས་དང་། སྲུང་སྐྱོང། འགྲེམས་སྟོན། ཞིབ་འཇུག སློབ་གསོ་སོགས་བྱེད་ནུས་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་ལ། རྔ་བ་ཁུལ་གྱི་ཕྱོགས་བསྡུས་རིགས་ཀྱི་དངོས་མང་བཤམས་སྟོན་ཁང་ཆེ་ཤོས་ཤིག་ཀྱང་ཡིན། 2012ལོར་རིན་མི་དགོས་པའི་ངང་སྒོ་ཕྱེས་བ་ནས་བཟུང་། དངོས་མང་བཤམས་སྟོན་ཁང་གིས་རྣམ་པ་གསར་རྐྱང་གི་ཐོག་ནས་བཤམས་སྟོན་བྱས་ཤིང་། ནང་དོན་ཕུན་སུམ་ཚོགས་པའི་རིག་དངོས་དང་། སྤུས་ཚད་མཐོ་བའི་ཞབས་ཞུས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མང་བོའི་ཡིད་དབང་བཀུག སྔ་རྗེས་སུ་“སི་ཁྲོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”དང“ཁག་ལྔ་བའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་”སོགས་སུ་བདམས།
ཐེངས་འདིའི་རྒྱལ་ཡོངས་ཀྱི་དངོས་མང་བཤམས་སྟོན་ཁང་གི་རིམ་པ་གཏན་ཁེལ་དང་དཔྱད་དཔོག་བྱ་བའི་ཡིག་ཐོག་སྙན་ཞུ་འབུལ་བའི་གོ་རིམ་ཁྲོད། མའོ་རྫོང་རིག་གནས་ལུས་རྩལ་ལྗོངས་སྐོར་ཅུས་དང་། མའོ་རྫོང་ཆའང་རིགས་དངོས་མང་བཤམས་སྟོན་ཁང་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། 2017ལོ་ནས་སྙན་ཞུའི་ལས་དོན་ཚན་ཆུང་བཙུགས་ཏེ། 《རྒྱལ་ཁབ་ཀྱི་རིམ་གསུམ་དངོས་མང་བཤམས་སྟོན་ཁང་གི་འཁོར་སྐྱོད་དཔྱད་དཔོག་ལམ་སྲོལ》དང《རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་དངོས་མང་བཤམས་སྟོན་ཁང་གི་འཁོར་སྐྱོད་དཔྱད་དཔོག་དམིགས་ཚད་མ་ལག》སོགས་ཀྱི་གཏན་འབེབས་ལ་ནན་པོར་གཞིགས་ནས་དངོས་མང་བཤམས་སྟོན་ཁང་གི་རིག་གཞུང་ཞིབ་འཇུག་མཐོ་རུ་བཏང་བ་དང་། མཁྲེགས་ཆས་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ། བཤམས་སྟོན་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ། རྒྱ་ཆེའི་ལྟད་མོ་བར་སྤུས་ལེགས་དང་བློ་ཡིད་ཚིམ་པའི་ཞབས་ཞུ་བྱས་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་བོ་ཐོབ་ཡོད།།