[ནང་དོན་གནད་བསྡུས།] སྨན་གསར་ལུགས་ནི་དུས་རབས་བཅུ་བདུན་པར་དབུས་གཙང་དུ་བྱུང་བའི་རི་མོའི་འབྲི་ལུགས་ཤིག་ཡིན་ཞིང་། འདི་ནི་སྨན་ཐང་ལུགས་ལ་དཔེ་བགྱིས་པའི་རྨང་གཞིའི་སྟེང་བྱུང་བས་སྨན་ལུགས་གསར་མ་ཞེས་མིང་བཏགས་པ་རེད། དཔྱད་རྩོམ་འདིར་སྨན་གསར་ལུགས་ཀྱི་སྲོལ་གཏོད་མཁན་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་བཀྲ་ཤིས་ལྷུན་པོ་དང་པོ་ཏ་ལ་སོགས་སུ་སྐུ་བརྙན་བཞེངས་པའི་བརྒྱུད་རིམ་དང་། དེ་མིན་སྐབས་དེའི་ལོ་རྒྱུས་རིག་གནས་རྒྱབ་ལྗོངས་དང་སྦྱར་ཏེ། འབྲི་ལུགས་དེ་ཉིད་འཕེལ་རྒྱས་སུ་ཕྱིན་པའི་རྒྱུ་མཚན་དང་། སྨན་གསར་ཞེས་པའི་མིང་ཇི་ལྟར་བྱུང་ཚུལ་སོགས་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] སྨན་གསར། རི་མོའི་འབྲི་ལུགས། བྱུང་ཚུལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] J196.21
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2020-01-0177-11
བོད་ལ་གདོད་མའི་དུས་ནས་བྲག་ཕུག་དང་། རྡོ་ལེབ། གྱང་ངོས། རས་གཞི་སོགས་ཀྱི་སྟེང་དུ་རི་མོ་དང་རྒྱན་རིས་སྣ་ཚོགས་འབྲི་བའི་སྲོལ་དར་ཡོད་དེ། བགྲང་བྱ་སྟོང་ཕྲག་འགའི་ལོ་རྒྱུས་ལྡན་པའི་མངའ་རིས་དང་ཆབ་མདོ། མཚོ་སྔོན་སོགས་ཀྱི་བྲག་བརྐོས་རི་མོ་དག་གིས་ཚུལ་དེ་གསལ་བར་ར་སྤྲོད་ཐུབ་ཅིང་། དེ་དག་གི་ཁྲོད་དུ་ཁག་ཅིག་ལ་ཚོན་དམར་པོ་དང་ནག་པོས་བྱུགས་པ་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད་པས། འདི་ལས་རི་མོ་ལ་ཚོན་འབྱུག་པའི་སྲོལ་ཡང་དར་སྔ་བ་རྟོགས་ཐུབ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་བོད་ལ་སངས་རྒྱས་ཆོས་ལུགས་དར་བ་དང་བསྡོངས་ནས། ཆོས་ལུགས་ཀྱི་བསམ་བློ་མཚོན་པ་དང་ཆོས་ལུགས་དྲིལ་བསྒྲགས་བྱེད་པའི་རི་མོའི་སྒྱུ་རྩལ་ཡང་དར་ཡོད་དེ། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་གཙུག་ལག་ཁང་དུ་སྐུ་འདྲ་དང་ལྡེབས་རིས་མང་པོ་བཞེངས་ཚུལ་གྱི་སྐོར་《སྦ་བཞེད་》སོགས་སུ་གསལ་པོར་བཀོད་ཡོད་པ་ལྟར་དང་།① ལྷག་པར་དུ་དུས་རབས་བཅུ་གཅིག་པ་ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་མང་པོ་བྱུང་བ་དང་ཆབས་ཅིག་སངས་རྒྱས་དང་བྱང་སེམས། ཡི་དམ་དང་ཆོས་སྐྱོང་། གྲུབ་མཐའི་སྲོལ་འབྱེད་མཁན་དང་བླ་སྤྲུལ་རྣམས་ཞལ་ཐང་དང་ལོགས་རིས་ཀྱི་སྟེང་དུ་འབྲི་བཞེངས་མཛད་པའི་སྲོལ་ཆེས་ཆེར་དར་བར་གྱུར་ཅིང་། རྒྱ་གར་དང་བལ་པོ། ཁ་ཆེ་སོགས་ཀྱི་རི་མོའི་འབྲི་ལུགས་བོད་ལ་དར་ཁྱབ་ཏུ་སོང་བ་རེད།② དུས་རབས་བཅོ་ལྔ་པ་ནི་བོད་ཀྱི་རི་མོའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་པ་གོར་མ་ཆག་སྟེ།③ བོད་ཀྱི་ལྷ་བྲིས་པས་རིམ་གྱིས་རྒྱ་གར་དང་བལ་པོ་སོགས་ཕྱི་ཡུལ་གྱི་འབྲི་ལུགས་སྔ་མ་རྣམས་དོར་ཏེ། བོད་རང་ས་རང་ཡུལ་གྱི་འབྲི་ལུགས་གསར་གཏོད་མཛད་པ་ཡིན་ཏེ། “རྗེས་སུ་ལྷ་བཟོ་ལ་མཁས་པ་རྡོ་པ་བཀྲས་རྒྱལ་ཞེས་པར་སློབ་དཔོན་ལས་མཁས་པ་གཉིས་བྱུང་བ་ལྷོ་བྲག་ཕྱོགས་ནས་སྨན་ཐང་དུ་སྨན་བླ་དོན་གྲུབ་པ་སྐུ་འཁྲུངས་པ་དང་མཉམ་དུ་ལྷོ་བྲག་སྨན་ཐང་གི་མཚལ་ཁ་ཡང་ཐོན། ན་ཐོག་ཚར་བ་དང་། རང་གི་ཆུང་མ་དང་མ་མཐུན་པར་ཡུལ་འཁྱར་ནས་བྱོན་པ་ཡར་འབྲོག་སྟག་ལུང་དུ་པིར་སྣོད་དང་བྲིས་དཔེ་ཞིག་རྙེད་པས་བྲིས་ལ་བློ་ཕྱོགས། གཙང་ས་སྐྱ་སོགས་བྲིས་ཤེས་ཨེ་ཡོད་ལ་ཕྱིན་མཐར་རྡོ་པ་བཀྲས་རྒྱལ་དང་ཐུག་པའི་རི་མོ་གསན་མཁྱེན་གྱི་ཚུལ་མཛད། རང་གི་སྐྱེ་བ་སྔོན་མ་རྒྱ་ནག་ཏུ་འཁྲུངས་དུས་བྲིས་པའི་སི་ཐང་རྒྱ་མཛོད་ཆེན་པོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་དྲན་གྱི་ཚུལ་བསྟན་པའི་རྒྱལ་རིགས་དང་ཉེ་བའི་ལྡན་ལུགས་ཀྱི་རི་མོ་འདི་ཐུགས་ལ་བཀྲ་ལམ་གྱིས་ཤར་རྒྱུད་སྡེ་གཉིས་དང་བསྟུན་ཡིག་ཆ་མཛད་ཅིང་ཚུགས་ཆེན་བརྒྱད་ལ་ཤ་ཚུགས་རེ་དང་། ན་བཟའ་རྒྱན་སྤྲོད་རེ་བཅས་བཅུ་དྲུག་གིས་གཏན་ལ་ཕབ། སྐྱབས་མགོན་དམ་པ་འདིའི་ཡང་སྲིད་གོང་མ་པཎ་ཆེན་དགེ་འདུན་གྲུབ་ལ་མནལ་ལམ་དུ་རྗེ་བཙུན་སྒྲོལ་མས་སང་འཇམ་དབྱངས་ཀྱི་སྤྲུལ་པ་ཞིག་འོང་བ་ཡོད་ཅེས་ལུང་བསྟན་པ་སྨན་བླ་དོན་གྲུབ་པ་དང་མཇལ་བའི་འཇམ་དབྱངས་ཀྱི་སྤྲུལ་པར་ངོས་ཟིན་པ་སོགས་སྨན་ཐང་ཆེན་མོ་དང་།” ④ཞེས་པ་ལྟར་དང་། མཁྱེན་བརྩེ་ཆེན་མོ་དགེ་བསྙེན་རྣམ་པར་རྒྱལ་བ་སོགས་བོད་ཀྱི་ལྷ་རིས་པས་རང་རང་ལུགས་ཀྱི་རི་མོ་འབྲི་ལུགས་གསར་གཏོད་མཛད་པ་རེད།⑤ དུས་རབས་བཅོ་ལྔ་པའི་སྐབས་སུ་ལྷོ་བྲག་ཏུ་སྨན་བླ་དོན་གྲུབ་ཅེས་པ་ལྷ་བྲིས་ལ་དད་བརྩོན་ལྷག་ཏུ་ཆེ་བའི་ན་གཞོན་ཞིག་གིས་རྡོ་པ་བཀྲ་ཤིས་རྒྱལ་པོ་དགེ་རྒན་དུ་བསྟེན་ནས་རི་མོ་ལ་གསན་སྦྱོང་ཆེས་ཆེར་མཛད་དེ།⑥ གནས་དེ་ལ་ཐོགས་པ་མེད་པར་གྱུར་ནས་སྨན་ཐང་ལུགས་སམ་སྨན་ལུགས་ཞེས་པའི་རི་མོ་འབྲི་ལུགས་གསར་གཏོད་མཛད་ཅིང་། ཁོང་ནི་རྒྱལ་བ་དགེ་འདུན་གྲུབ་པའི་སྐབས་ཀྱི་ལྷ་བཟོ་ཞིག་ཡིན་ཞིང་། འདིར་གླེང་བར་བྱ་བ་ནི་དུས་རབས་བཅུ་བདུན་པའི་སྐབས་སུ་བྱུང་བའི་སྨན་གསར་ལུགས་དང་། ལུགས་གང་དབུས་གཙང་དུ་དར་འཕེལ་བྱུང་བའི་སྐོར་ཞིབ་ཏུ་གླེང་བར་བྱ་བ་ལ།
དང་པོ། སྨན་གསར་ལུགས་གསར་གཏོད་མཛད་མཁན་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་སྐོར།
སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་ནི་བོད་ཀྱི་ལོ་རྒྱུས་སྟེང་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པའི་པིར་ཐོགས་དབང་པོ་ཞིག་ཡིན་ཞིང་། ཁོང་གིས་སྨན་གསར་རི་མོའི་འབྲི་ལུགས་གསར་གཏོད་གནང་བས། བོད་ཀྱི་ལྷ་རིས་སྒྱུ་རྩལ་ལ་མཛད་རྗེས་རླབས་ཆེན་བཞག་ཅིང་བོད་ཀྱི་རི་མོའི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཁོང་ལ་རྣམ་ཐར་མེད་པ་དང་། ད་ཡོད་ཀྱི་འབྲེལ་ཡོད་ཡིག་ཚང་དུ་ཁོང་གི་འཁྲུངས་འདས་ལོ་ཚིགས་ཀྱང་གསལ་པོར་བཀོད་མེད་པས་ཁ་ཚོན་བཅད་ནས་སྨྲ་མི་བཏུབ། “དེ་བཞིན་ཁོང་གི་འཁྲུངས་གཞིས་མི་རྒྱུད་དང་བཅས་པ་ད་ལྟ་ཡང་སྣང་རྒྱུ་ཡོད།” ⑦ ཅེས་པ་ལྟར། ཁོང་ནི་གཙང་རྟ་ནག་ཏུ་སྐུ་འཁྲུངས་ཤིང་། ཁོང་གིས་ཕོ་བྲང་པོ་ཏ་ལ་རུ་ལྡེབས་རིས་བཞེངས་པ་རྒྱལ་དབང་ལྔ་པའི་རྣམ་ཐར་དུ་གསལ་བ་ན། སྤྱི་ལོ་1648ལ་ཕོ་བྲང་པོ་ཏ་ལའི་གསར་བཞེངས་ཡོངས་སུ་གྲུབ་པས། སྐབས་དེར་ཁོང་དབུས་སུ་བྱོན་ནས་པོ་ཏ་ལའི་ལྡེབས་རིས་བཞེངས་པའི་འགན་བཞེས་པར་འདོད། སྐབས་དེར་ཁོང་དགུང་ལོ་20ཡས་མས་སུ་སླེབས་ཡོད་པའི་དབང་དུ་བཏང་ན། གང་ཉིད་དུས་རབས་བཅུ་བདུན་པའི་དུས་འགོར་འཁྲུངས་ཤིང་དུས་མཇུག་ཏུ་སྐུ་གཤེགས་པར་བརྗོད་ན་ལུང་དང་རིགས་པའི་གནོད་པ་ཅི་ཡང་མེད་པར་སྙམ།
“དེ་ནས་མི་རིང་བར་ཆོས་རྗེ་བློ་བཟང་ཆོས་འཕེལ་དཔོན་སློབ་ཀྱིས་བཀའ་འགྱུར་ལྷ་ཁང་དུ་མཛད་བཅུའི་རི་མོའི་མགོ་བརྩམས་ཤིང་།” ⑧ཞེས་པ་དང་། “ཆོས་རྗེ་བློ་བཟང་ཆོས་འཕེལ་གྱིས་བཀོད་པ་མཛད་ནས་ཙན་དན་དམར་པོ་འབའ་ཞིག་ལས་བྱས་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ་ཁྲི་འོད་བསྐོར་དང་བཅས་པ་ལ་མི་ཚད་ཙམ་ཡོད་པ་ཞིག་ཟླ་བ་གཉིས་ཀྱི་ནང་དུ་གྲུབ།” ⑨ ཅེས་པ་ལྟར། ཆོས་རྗེ་བློ་བཟང་ཆོས་འཕེལ་ནི་བཀྲ་ཤིས་ལྷུན་པོ་དགོན་པའི་སྤྲུལ་པའི་ལྷ་བཟོ་ཞིག་ཡིན་ཞིང་། ཁོང་གི་འབྲི་ལུགས་ནི་སྨན་ཐང་ལུགས་ཡིན་ལ། ཁོང་ནི་ལྷ་བཞེངས་པ་ལ་ཐོགས་པ་མེད་ཅིང་། ངོ་མཚར་བའི་སོར་མོའི་འདུ་བྱེད་ལས་འཁྲུངས་པའི་ཕྱག་བྲིས་མང་པོ་ཡོད་ཅིང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གམ་བཅར་རི་མོ་བའི་འགན་བཞེས་ཡོད། བགྲང་བྱ་བརྒྱ་ཕྲག་འགའ་ཤས་སྔོན་གྱི་ལྷ་བཟོ་རྣམས་ནི་ལྷ་བྲིས་ལ་མཁས་པར་མ་ཟད། རིག་པའི་གནས་མཐའ་དག་ལའང་གསན་སྦྱོང་མཛད་ནས་ལ་ལ་ཞིག་མཁས་པའི་རྩེ་མོར་སོན་པའང་ཡོད། པིར་ཐོགས་དབང་པོ་རྣམས་ལ་མཚོན་ནའང་གཞོན་ནུའི་དུས་སུ་བཟོ་རིག་གི་དགེ་རྒན་གྱི་དྲུང་དུ་གཞུང་ལུགས་དང་ལག་ལེན་ལ་གསན་སྦྱོང་མཛད་པ་ཆོས་ཉིད་དུ་འཁུམས་པ་ལྟར། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་ནི་དགུང་ལོ་བརྒྱད་ཡས་མས་སུ་གཙང་བཀྲ་ཤིས་ལྷུན་པོར་ཞུགས་ནས་རབ་ཏུ་བྱུང་ཞིང་། རིག་པའི་གནས་མང་པོ་ལ་སློབ་གཉེར་མཛད་པས་ཐོགས་པ་མེད་པར་གྱུར། སྨན་ལུགས་ཀྱི་དགེ་རྒན་བསྟེན་ནས་བཟོ་རིག་གཞུང་ལུགས་དང་ལག་ལེན་ལ་གསན་སྦྱོང་གནང་ཞིང་།⑩ “དེ་རྗེས་སྐབས་དེའི་སྨན་ལུགས་ཀྱི་རི་མོ་མཁས་པ་པིར་ཐོགས་རྒྱལ་པོ་སྨན་བླ་ཆོས་ཀྱི་རྗེ་བློ་བཟང་པས་གཙོས་སྨན་ལུགས་ཀྱི་རི་མོ་མཁས་ཅན་འགའ་སློབ་དཔོན་དུ་བསྟེན་ཏེ་ལྷ་སྐུའི་ཆ་ཚད་ལ་སོགས་པའི་རི་མོའི་རིག་གཞུང་དང་ཕྱག་ལེན་མན་ངག་ལ་སོགས་པ་ཆ་ཚང་གསན་སྦྱོང་མཛད་པས།” ⑪ རིམ་གྱིས་བཟོ་རིག་ལ་ནང་བྱན་ཆུད་པའི་མཁས་པའི་རྩེ་མོར་སོན་པ་རེད།
སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དང་ཆོས་རྗེ་བློ་བཟང་ཆོས་འཕེལ་གཉིས་ལས་ཕྱི་མ་སྐུ་ན་ཅུང་བགྲེས་པས། “སྐབས་དེར་པཎ་ཆེན་སྐུ་ཕྲེང་བཞི་པ་མཆོག་གི་སྐུ་ཚེའི་སྟོད་ཀྱི་གམ་བཅར་རི་མོའི་ཞབས་ཞུ་བ་པིར་ཐོགས་རྒྱལ་པོ་སྨན་བླ་ཆོས་ཀྱི་རྗེ་བློ་བཟང་ཆོས་འཕེལ་དང་། ཆོས་ཀྱི་རྗེ་དཀོན་མཆོག་ལྷུན་གྲུབ་རྣམ་གཉིས་སྐུ་ན་བགྲེས་རྐྱེན། ཁོང་ཉིད་པཎ་ཆེན་རིན་པོ་ཆེའི་གམ་བཅར་རི་མོའི་ཞབས་ཞུ་བར་མཚམས་སྦྱོར་གནང་།” ⑫ ཞེས་པ་ལྟར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གམ་བཅར་རི་མོ་བའི་གོ་གནས་དེ་ཆོས་དབྱིངས་རྒྱ་མཚོ་ལ་སྤྲད་པ་རེད།⑬
གཉིས་པ། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དང་བཀྲ་ཤིས་ལྷུན་པོ་དགོན་པ།
སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་ནི་གཞོན་དུས་ནས་བཀྲ་ཤིས་ལྷུན་པོ་དགོན་པའི་ལྷ་བྲིས་པ་ཡིན་ལ། སྒོས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་(སྤྱི་ལོ་1567-1662)གམ་བཅར་རི་མོ་བ་ཞིག་ཡིན་པས། དགོན་པ་འདི་རུ་ལོགས་རིས་དང་ཞལ་ཐང་མང་པོ་བཞེངས་པའི་སྐལ་བ་དང་ལྡན་པར་གྱུར་ཅིང་། སྐུ་བརྙན་དེ་དག་ལས་ཁག་ཅིག་ཁོང་གིས་དངོས་སུ་ཕྱག་བསྟར་མཛད་ནས་བཞེངས་ཤིང་། ལ་ལ་ནི་སྐྱ་རིས་དང་ཞལ་བཀོད་མཛད་རྗེས་ལྷ་བཟོ་གཞན་ལ་བཞེངས་སུ་བཅུག་པ་སྟེ་རིགས་གཉིས་སུ་འདུས་པ་རེད།
ཁོང་གིས་ཕྱག་བསྟར་མཛད་པའི་སྐུ་བརྙན་ནི། “ངོ་མཚར་བཀོད་པར་པིར་ཐོགས་དབང་པོ་ཆོས་རྗེ་བློ་བཟང་ཆོས་འཕེལ་དཔོན་སློབ་ཀྱིས་ཡི་དམ་དང་ལྷ་མོ་གཙོ་བོར་བྱས་པ་སོགས་དང་། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དཔོན་སློབ་ཀྱིས་ཆོས་འཕྲུལ་ཆེན་པོའི་མཛད་པ་རྒྱས་པ་དང་། ཁོང་རང་གིས་སྦྱིན་བདག་བྱས་བླ་མའི་རྣམ་ཐར་བཀོད་པ་རྣམས་གཟབ་བྲིས་རྨད་དུ་བྱུང་བ་གྲུབ་པ་ལ་དཔལ་གསང་བ་འདུས་པའི་སྒོ་ནས་རབ་ཏུ་གནས་པ་རྒྱས་པར་མཛད།” ⑭ཅེས་པ་ལྟར་སངས་རྒྱས་ཀྱི་མཛད་པ་དང་བླ་མའི་རྣམ་ཐར་བྲིས་ཤིང་། ཤིང་བྱ་སྟེ་1645ལོར། “པིར་ཐོགས་དབང་པོ་ཆོས་དབྱིངས་རྒྱ་མཚོས་མགོན་བྱས། གཙུག་ལག་ཁང་བདེ་བར་གཤེགས་པ་དང་འཕགས་པའི་གནས་བརྟན་ལ་སོགས་པའི་སྐུ་བརྙན་གྱི་རི་མོ་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་སྤུངས་པ་ལྟ་བུས་མཛེས་པར་བྱས་པ་དང་། དེ་ཁའི་གཙང་ཁང་དང་མགོན་ཁང་གཉིས་སུ་ཡང་། སངས་རྒྱས་བྱམས་སེམས་དང་བསྟན་བསྲུང་མ་རྣམས་མངོན་སུམ་མཚར་དུ་དངར་བ་ལྟ་བུ་བསྒྲུབས་པ་རྣམས་ལ་ཕྱོགས་གཅིག་ཏུ་སྤྱན་དབྱེ་དང་རབ་སྟོན། འགྱེད་སོགས་ལུས་ཅན་རྣམས་ཀྱི་ཕན་བདེའི་རྒྱན་དུ་འགྱུར་བ་བྱས།” ⑮ ཞེས་པ་ལྟར་སངས་རྒྱས་བྱང་སེམས་དང་སྲུང་མ་ཁག་ཅིག་འབྲི་བཞེངས་མཛད་ཅིང་། མེ་ཕག་སྟེ་1647ལོར། “དེ་ཡང་བདག་ཅག་གི་སྟོན་པའི་མཛད་པ་ངོ་མཚར་བ་གཙོ་བོ་འགའ་ཞིག་དང་། འཕགས་པའི་གནས་བརྟན་བཅུ་དྲུག རྗེ་བཙུན་བྱམས་པ་འཚང་རྒྱ་ཚུལ་བསྟན་པའི་རྣམ་ཐར། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རྒྱས་པ། རྒྱལ་བ་བློ་བཟང་དོན་གྲུབ་དང་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར་ཏེ། རས་བྲིས་བཅུ་གཉིས་ཀྱི་ཇི་ལྟར་བྱ་བའི་ཚུལ་ལེགས་པར་མངགས་པ་ལྟར། པིར་ཐོགས་དབང་པོ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས། དད་འདུན་བརྩོན་པ་ཆེན་པོས་ཡང་དག་པར་བསྒྲུབས་པ་མཐར་ཕྱིན་ནས། ཧོར་གོས་བཟང་པོའི་གོང་གཤམ་ལགབྱང་དར་གྱི་ཞལ་ཁེབས་སོགས་འཇིག་རྟེན་མཐའ་དག་གི་རྒྱན་དང་མཆོད་པའི་རྟེན་དུ་གྱུར་པ་ཡོངས་སུ་རྫོགས་པ་གྲུབ།” ⑯ཅེས་པ་ལྟར་སྟོན་པའི་མཛད་པ་འགའ་ཞིག་དང་། གནས་བརྟན་བཅུ་དྲུག རྗེ་བཙུན་བྱམས་པ། རྗེ་ཙོང་ཁ་པའི་རྣམ་ཐར་སོགས་བཞེངས་པར་གསལ། ཁོང་གིས་ལྗགས་བཀོད་མཛད་ནས་བཞེངས་ཚུལ་ནི།“དགུན་སྟོད་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྐྱ་བྲིས་དང་བཀོད་པ་བྱས། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་གོས་སྐུ་བཟང་པོ་ཕུལ་དུ་བྱུང་བ་བསྒྲུབས་ཏེ། ཞ་ལུར་རྣམ་སྲས་མཆོད་པའི་ཐོག་ཕྱིན་ནས་ཕུལ།” ⑰ ཅེས་པ་ལྟར། ཁོང་གིས་རྣམ་ཐོས་སྲས་ཀྱི་སྐུ་བརྙན་ཞིག་ལ་སྐྱ་རིས་དང་ཞལ་བཀོད་མཛད་པར་གསུངས་པ་ལྟར་ན་ལྷ་བཟོ་གཞན་ལ་འབྲི་རུ་བཅུག་པ་ངང་གིས་ཤེས་ཐུབ། “གོས་སྐུ་བཞེངས་ཤིང་རྒྱབ་ཏུ་སྨོན་ལམ་གྱི་ཚིགས་བཅད་བྲིས་ཡོད་དེ། འགལ་བའི་ལོ་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་ལ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོར་མངགས་ཏེ་བྱམས་ཆེན་གྱི་གོས་སྐུའི་ཐིག་བཏབ། སྐྱ་བྲིས་སྐབས་རས་གཞིའི་སྟེང་དུ་ནམ་མཁའ་ལས་འོད་ཀྱི་ཕུང་པོ་བབས་པ་སྐྱེ་བོ་མང་པོས་མཐོང་ཞིང་དེ་རྗེས་ཀྱང་འཇའ་སྤྲིན་ངོ་མཚར་བ་སྔོན་མཐོང་མ་མྱོང་བ་ལྟ་བུ་འཁྲིགས་པ་བྱུང་། སྟོན་པའི་གཟུངས་རིང་གཟུངས་ཐུང་། བྱམས་པས་དམ་བཅས་ཀྱི་གཟུངས་དང་གཟུངས་ཆེན་སྡེ་ལྔ་སོགས་དང་སྨོན་ལམ་རྒྱས་འབྲིང་བསྡུས་པའི་ཚིགས་བཅད་སོགས་ཀྱིས་གོས་སྐུའི་རྒྱབ་ཤའི་ཁྱོན་གང་བ་བྲིས།” ⑱ ཞེས་པ་ལྟར། ཁོང་གིས་བྱམས་པའི་གོས་སྐུ་ཞིག་ལ་སྐྱ་ཐིག་བཏབ་ཅིང་རྟགས་མཚན་མང་པོ་བྱུང་ཞིང་། གོས་སྐུའི་རྒྱབ་ཏུ་སྨོན་ལམ་གྱི་ཚིགས་བཅད་མང་པོ་བྲིས་ཡོད་ལ། ཞལ་ཐང་དང་གོས་སྐུ་འདི་རྣམས་ཀྱི་ཚོན་ནི་ཁོང་གིས་གནང་བ་མིན་པར། སྐྱ་རིས་མཛད་རྗེས་ལྷ་བཟོ་གཞན་ལ་འབྲི་རུ་བཅུག་པར་གསལ།
སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་ཕྱག་རིས་འཁྲུལ་མེད་ཅིག་ད་ལྟ་དངོས་སུ་མཇལ་དུ་ཡོད་པ་ནི་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་འདུ་ཁང་གི་ཉིས་ཐོག་གི་དངུལ་གདུང་ལྷ་ཁང་དུ་བཞུགས་པའི་ལྡེབས་རིས་རྣམས་ཡིན། ཁོང་གིས་སྨན་ལུགས་ཀྱི་རི་མོ་འབྲི་བ་ལ་ཐོགས་པ་མེད་པའི་སྤྲུལ་པའི་ལྷ་བཟོ་ཆོས་རྗེ་བློ་བཟང་ཆོས་འཕེལ་དང་ལྷན་དུ་སྐུ་བརྙན་བཞེངས་ཤིང་། ལྷག་པར་དུ་སྐུ་ན་གཞོན་དུས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གམ་བཅར་རི་མོ་བའི་འགན་བཞེས་ཏེ། སྐུ་བརྙན་ཁག་ཅིག་ཁོང་གིས་དངོས་སུ་ཕྱག་བསྟར་མཛད་དེ་བཞེངས་ཤིང་། ཁ་ཤས་ལ་སྐྱ་ཐིག་གམ་ཞལ་བཀོད་མཛད་དེ་རྗེས་འབྲངས་པ་རྣམས་ལ་འབྲི་རུ་བཅུག་པ་སོགས་ལ་བརྟེན་ནས་གཙང་བཀྲ་ཤིས་ལྷུན་པོ་རུ་སྐུ་བརྙན་མང་པོ་གྲུབ་པའི་གོ་རིམ་ཁྲོད། བྲིས་རྒྱུན་གསར་པ་ཞིག་གསར་གཏོད་མཛད་པར་རང་སྟེང་ངམ་ནང་གི་ཆ་རྐྱེན་གལ་ཆེན་ཞིག་འཛོམས་པ་དང་ཆབས་ཅིག རི་མོའི་གཞུང་ལུགས་དང་ལག་ལེན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཐོབ་ཡོད་པ་དེས་ཁོང་གིས་འབྲི་ལུགས་གསར་པ་ཞིག་གསར་གཏོད་མཛད་པ་ལ་རྨང་གཞི་བརྟན་པོ་བཞག་ཡོད་དོ། །
གསུམ་པ། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དང་ཕོ་བྲང་པོ་ཏ་ལ།
སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་བཀྲ་ཤིས་ལྷུན་པོ་རུ་ལྡེབས་རིས་མང་པོ་བཞེངས་པས། རི་མོའི་ལག་ལེན་གྱི་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་གསོག་འཇོག་བྱ་གནང་ཡོད་མོད། འོན་ཀྱང་ཁོང་གི་བྲིས་རྒྱུན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་། འབྲི་ལུགས་གསར་པ་ཞིག་ཏུ་འགྱུར་བ་ལ་དེ་ཙམ་གྱིས་མི་ཆོག་པར། སྐུ་བརྙན་མང་པོ་འབྲི་བའི་གོ་སྐབས་ལྡན་དགོས་ཤིང་། སྒོས་སུ་ཆོས་སྲིད་གཉིས་ཀྱི་ཆ་ནས་རྒྱབ་སྐྱོར་འཐོབ་རྒྱུ་གནད་ཆེ་བར་གྲུབ་པ་ལྟར། ཕོ་བྲང་པོ་ཏ་ལ་དངོས་སུ་གསར་སྐྲུན་གནང་བ་ཡིས་ཁོང་ལ་སྐབས་དེའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་སྟེ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་ཞལ་བཀོད་འོག་ཏུ་སྐུ་བརྙན་བཞེངས་པའི་སྐལ་བ་དང་ལྡན་པར་གྱུར་པ་རེད། པོ་ཏ་ལའི་ཕོ་བྲང་དཀར་པོ་ནི་སྤྱི་ལོ་1645ལ་བཞེངས་འགོ་བརྩམས་ཤིང་། 1648ལོར་ཕལ་ཆེར་ཡོངས་སུ་གྲུབ། དེ་བས་“པོ་ཏཱ་ལའི་ཚོམས་ཆེན་ལོགས་བྲིས་ལ་བོད་དུ་འགྲོ་བ་མི་བྱུང་ཚུལ་ལས་བརྩམས་ཏེ་བསྟན་པ་དར་བའི་ལོ་རྒྱུས།དེ་ཐོག་སྡེ་པའི་དགོངས་པ་བཞིན་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་སྔ་ཕྱི་རྣམས་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་གཙོས་པའི་དབུས་གཙང་གི་ལྷ་བྲིས་པ་མཁས་མང་བསྡུས་ནས་བཀོད།” ⑲ ཞེས་པ་དང་། “ཡང་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་གྱི་ལྡེབས་རིས་ལ་བོད་དུ་འགྲོ་བ་མིའི་བྱུང་ཚུལ་དང་རྒྱལ་བའི་འཁྲུངས་རབས་རྣམས་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་ཕྱག་བཟོ་ཡིན་པ་དང་།” ⑳ ཞེས་པ་ལྟར། སྡེ་པ་བསོད་ནམས་རབ་བརྟན་གྱི་དགོངས་པ་བཞིན་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་ལྷ་བཟོ་མང་པོ་དང་ལྷན་དུ་པོ་ཏ་ལའི་ཚོམས་ཆེན་ཤར་མའི་ལོགས་རིས་སུ་བོད་དུ་འགྲོ་བ་མིའི་བྱུང་ཚུལ་དང་། བོད་ལ་སངས་རྒྱས་བསྟན་པ་དར་བའི་ལོ་རྒྱུས། རྒྱལ་བ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་རྣམས་བཞེངས་པ་རེད།(21)དེ་ལས་གཞན་དུ་“བཀའ་འགྱུར་ལྷ་ཁང་དུ་ལམ་རིམ་བླ་རྒྱུད་ཀྱི་ལྡེབས་རིས་རྣམས་ཀྱང་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་ཕྱག་བཟོ་ཡིན།” (22) སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་པོ་ཏ་ལའི་རྟེན་བཞེངས་ཀྱི་འགན་བཞེས་ཏེ་བཞེངས་པའི་འགྲན་པའི་ཟླ་དང་བྲལ་བའི་སྐུ་བརྙན་མང་པོ་ཞིག་ནི་ཀུན་གྱི་དད་པའི་རྟེན་དུ་གྱུར་པས། རྒྱལ་དབང་ལྔ་པས།“སྣང་སྲིད་གཟུགས་སུ་འཆར་བའི་སྒྱུ་མ་མཁན། ཆོས་དབྱིངས་རྒྱ་མཚོར་ཉེར་གྲགས་རི་མོ་བས། བི་ཤྭ་ཀརྨ་ལྟ་བུའི་རི་མོ་བ་ཆོས་དབྱིངས་རྒྱ་མཚོས་ཤར་གླིང་ཆོས་སྡེའི་གནས་བཅུ་ཁང་ལ་ཞིག་གསོས” (23)ཞེས་ཁོང་ནི་བི་ཤྭ་ཀརྨ་དང་འདྲ་བར་གསུངས་པ་ལ་གཞིགས་ན།(24) ཁོང་གི་རི་མོའི་ལག་རྩལ་དང་སོར་མོའི་འདུ་བྱེད་ལ་རྒྱལ་དབང་ལྔ་པས་ཀྱང་གདེང་འཇོག་མཐོན་པོ་མཛད་པར་གསལ།
མདོར་ན། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་བྲིས་རྒྱུན་བྱུང་བ་ནས་བཟུང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་ལ་རྒྱུ་མཚན་འགའ་མཆིས་ཏེ། གཅིག་ནི་དམ་པ་ཁོང་ནི་ལྷ་བྲིས་ལ་ཐོགས་པ་མེད་ཅིང་། སྒོས་སུ་བཀྲ་ཤིས་ལྷུན་པོ་དང་པོ་ཏ་ལ་སོགས་སུ་སྐུ་བརྙན་སྤུས་དག་ཅན་མང་པོ་བཞེངས་པས། དགའ་ལྡན་ཕོ་བྲང་སྲིད་དབང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་སྟེ་རྒྱལ་དབང་ལྔ་པ་མཆོག་གི་རྒྱབ་སྐྱོར་ཆེན་པོ་ཐོབ་ལ། དོན་གྱིས་དེ་ནི་ལྔ་པ་ཆེན་པོ་གཅིག་པུ་མ་ཡིན་པར། དགའ་ལྡན་ཕོ་བྲང་སྲིད་དབང་གིས་ཁས་ལེན་ཐོབ་པས། རིམ་གྱིས་གཞུང་ཕྱོགས་ཕྱེད་ཀའི་རང་བཞིན་ཅན་གྱི་རི་མོའི་འབྲི་ལུགས་ (半官方性质的绘画流派) ཤིག་ཏུ་གྱུར་པས་ན། བྲིས་རྒྱུན་འདི་མུ་མཐུད་ནས་འཕེལ་རྒྱས་དང་ཁྱབ་གདལ་དུ་འགྲོ་བ་ལ་ཆ་རྐྱེན་ལེགས་པོ་བསྐྲུན་ཅིང་རྨང་གཞི་བརྟན་པོ་བཞག་ཡོད། དེ་བས་སྨན་གསར་ལུགས་ནི་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་བཀྲ་ཤིས་ལྷུན་པོ་རུ་སྐུ་བརྙན་མང་པོ་བཞེངས་ནས་རི་མོའི་ལག་ལེན་ཐད་ཀྱི་རྨང་གཞི་བཞག་སྟེ་བྲིས་རྒྱུན་རང་སྟེང་ངམ་ནང་གི་ཆ་རྐྱེན་འཛོམས་ཡོད་པའི་ཁར། པོ་ཏ་ལ་རུ་རྟེན་བཞེངས་མཛད་པ་དང་སྒོས་སུ་རྒྱལ་དབང་ལྔ་པ་དང་དགའ་ལྡན་ཕོ་བྲང་སྲིད་དབང་གི་རྒྱབ་སྐྱོར་ཐོབ་པ་ལ་བརྟེན་ནས་ཕྱིའི་ཆ་རྐྱེན་ཡང་བསྐྲུན་པས། མཇུག་མཐར་འབྲི་ལུགས་ཤིག་ཏུ་གྱུར་པ་རེད་ཅེས་བརྗོད་ན་ལུང་དང་རིགས་པ་གཉིས་ཆ་ནས་གནོད་པ་མེད་པར་སྙམ།
བཞི་པ། སྨན་གསར་དང་སྨན་ལུགས་བར་གྱི་འབྲེལ་བ།
བོད་ཀྱི་རི་མོའི་འབྲི་ལུགས་མང་པོ་ཞིག་ལ་མཚོན་ན།སྔ་མ་རྣམས་ཀྱིས་ཕྱི་མ་དག་ལ་ཤུགས་རྐྱེན་ཐེབས་ཡོད་དེ། ལྷ་བྲིས་པ་རྣམས་ཀྱིས་རི་མོའི་འབྲི་ལུགས་ཤིག་གསར་གཏོད་མཛད་སྐབས་འབྲི་ལུགས་གཞན་གྱི་ལེགས་ཆ་སྡུད་ལེན་བྱེད་པ་ལྟར། སྨན་གསར་དང་སྨན་ལུགས་ཀྱི་བར་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་དེ། ཇི་སྐད་དུ་རྒྱལ་དབང་ལྔ་པ་ཆེན་མོའི་ཞལ་ནས། “འོན་ཀྱང་སྙིགས་དུས་རང་བཟོའི་ཆུ་ཚོད་ཀྱིས། །རྫུན་ལུང་གཏམ་གྱི་མཚན་མོར་ཉེར་འཁྲིད་དེ། །ཆ་ཚད་བྲལ་བའི་མུན་པར་མལ་འཆའ་བ། །བླུན་པོ་འགའ་ཡིས་རིང་ལུགས་འདི་ཉམས་བྱས། །དེ་ལྟ་ན་ཡང་ཉིན་བྱེད་དབང་པོ་དག །ཤར་ཚེ་མུན་པའི་སྨག་རུམ་གཞོམ་པ་ལྟར། །སྨན་ཐང་ལུགས་བཟང་གངྒའི་ཆུ་རྒྱུན་གྱིས། །བཟོ་རིག་དྲི་མ་ཀུན་བཀྲུས་དྲུངས་པར་བྱས། །ཀུན་ལ་ཆེ་སྨན་གཙུག་ལག་ཚུལ་འདིའི་བླ། །སྨན་ཐང་པ་(25)ཞེས་སྨན་པའི་གྲགས་པ་འབར། །དེའི་སྲོལ་མཁའ་ལ་རྗེས་འབྲང་རྒྱུ་སྐར་གྱི། །འཕྲེང་དབུས་གྲངས་མེད་རྣམ་འགྱུར་འོད་དཀར་ཅན། །སྤྲོ་མཁས་ཆོས་དབྱིངས་རྒྱ་མཚོ་ལ་སོགས་པ། །སོར་མོའི་འཕྲུལ་གྱི་རྣམ་དཔྱོད་ཡངས་པ་རྣམས། །” (26)ཞེས་པས་ཆོས་དབྱིངས་རྒྱ་མཚོའི་རི་མོ་ནི་སྨན་བླ་དོན་གྲུབ་ཀྱིས་གསར་གཏོད་མཛད་པའི་སྨན་ཐང་ལུགས་ཀྱི་རི་མོའི་བྲིས་རྒྱུན་ཡིན་པ་གསལ་པོར་གསུངས་ཤིང་། “ལྷག་པར་དུ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་ཞེས་པའི་རི་མོར་ཤིན་ཏུ་མཁས་པ་ཞིག་བྱུང་། སྨན་ལུགས་ལས་ཟུར་ཁྱད་ཅུང་བསྣན་ཏེ་སྨན་གསར་ཞེས་པའི་སྲོལ་བཏོད།” (27) ཅེས་པ་དང་། “དུས་རབས་བཅུ་བདུན་པའི་སྐབས་སུ། གཙང་གི་ཕུལ་དུ་བྱུང་བའི་ལྷ་བྲིས་པ་མཚན་ལ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོར་ཞུ་བས་འབྲི་སྟངས་གསར་པ་སྨན་རིས་ལུགས་དང་བསྲེས། ཁོང་གི་འབྲི་ལུགས་ཐོག་མར་ཁོང་གི་ཕ་ཡུལ་གཙང་དང་ཁྱད་པར་དུ་བཀྲ་ཤིས་ལྷུན་པོ་དགོན་དང་གཞིས་ཀ་རྩེའི་ཉེ་འཁོར་དུ་དར་བ་རེད། འདི་ལ་ཕྱིས་སུ་སྨན་བྲིས་གསར་མ་ཞེས་འབོད།” (28) ཅེས་པ་དང་།“ཁོང་གིས་སྨན་རྙིང་གི་བྲིས་རྒྱུན་ལ་ཚོན་མདངས་དང་གསེར་རིས་ཀྱི་ཐད་ལ་རང་གི་ཁྱད་ཆོས་འགའ་ཞིག་གསར་དུ་བསྣན་ཏེ་སྨན་གསར་གྱི་བྲིས་རྒྱུན་ཞེས་པ་ཞིག་སྤེལ། དེ་ནས་བཟུང་ཀུན་གྱིས་སྨན་གསར་ཆོས་དབྱིངས་རྒྱ་མཚོ་ཞེས་འབོད།” (29) ཅེས་པ་ལྟར་ཁོང་གི་བྲིས་རྒྱུན་ནི་སྨན་ལུགས་ཀྱི་རྨང་གཞིའི་སྟེང་བྱུང་ཞིང་།(30) དེ་ལའང་རྒྱུ་མཚན་ཡོད་དེ།“སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྐུ་ཚེ་སྟོད་དུའང་བྲིས་རྒྱུན་འདི་ལ་གསན་སྦྱངས་མཛད། སྨན་ལུགས་བྲིས་རྒྱུན་འདི་ལ་ཡོངས་གྲགས་སུ་སྨན་རྙིང་ལུགས་ཞེས་བཤད་དོ། །” (31)ཞེས་པ་ལྟར། ཁོང་གིས་གཞོན་དུས་སུ་སྨན་ཐང་ལུགས་ལ་གསན་སྦྱོང་མཛད་ཅིང་སྐུ་བརྙན་བཞེངས་སྐབས་སྨན་ལུགས་ཀྱི་ལེགས་ཆ་དང་རི་མོའི་ཁྱད་ཆོས་མང་པོ་ཚུར་བླངས་པ་གོར་མ་ཆག སྨན་ཐང་ལུགས་ནི་བོད་ཀྱི་རི་མོའི་འབྲི་ལུགས་གང་གིས་ཀྱང་ཁས་ལེན་པའི་བྲིས་རྒྱུན་ཞིག་ཡིན་ལ། སྨན་གསར་ལུགས་ཀྱི་ཁུངས་གང་སྨན་ཐང་ལུགས་ལ་འདེད་པ་ནི། ཕྱོགས་གཅིག་ནས་ཆུ་མགོ་གངས་ལ་གཏུགས་པའི་དཔེ་ལྟར་བྲིས་རྒྱུན་འདིའི་ལོ་རྒྱུས་ཀྱི་རྒྱུན་ཇེ་རིང་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་བྲིས་རྒྱུན་གྱི་ཁུངས་གཙང་མ་ཡིན་པའང་ར་སྤྲོད་ཐུབ། གོང་སྨྲས་ལྟར་རྒྱལ་དབང་ལྔ་པ་སོགས་ཀྱི་རྣམ་ཐར་གཙོས་པའི་ཡིག་ཚང་མང་པོ་རུ་སྨན་གསར་ལུགས་ནི་སྨན་ལུགས་ཀྱི་རྨང་གཞིའི་སྟེང་བྱུང་བར་བསྟན་པ་བཞིན། རི་མོའི་ཆ་ནས་བསྡུར་ནའང་སྨན་གསར་གྱིས་སྨན་ལུགས་ཀྱི་ཁྱད་ཆོས་མང་པོ་བསྡུ་ལེན་བྱས་ཡོད་པ་བོད་ཀྱི་རི་མོའི་འབྲི་ལུགས་མི་འདྲ་བ་ལ་རྒྱུས་མངའ་བ་རྣམས་ཀྱིས་བལྟས་ན་མངོན་པར་གསལ།
མདོར་ན། “ཉེ་བའི་དུས་རབས་འགའི་ནང་གཙང་དུ་བྱུང་བའི་ཆེས་གལ་ཆེ་བའི་རི་མོའི་འབྲི་ལུགས་ནི་གཙང་བྲིས་ཏེ། གཙང་པ་ཆོས་དབྱིངས་རྒྱ་མཚོའི་སྨན་རིས་གསར་མའི་རྗེས་འཇུག་པ་རྣམས་ཀྱིས་བཀྲ་ཤིས་ལྷུན་པོ་སོགས་སུ་རྒྱུན་བསྐྱངས་པའི་འབྲི་ལུགས་ཡིན།” (32) ཞེས་པ་ལྟར་སྨན་གསར་ལུགས་ནི་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྨན་ལུགས་ཀྱི་རྨང་གཞིའི་སྟེང་འབྲི་ལུགས་གཞན་གྱི་ལེགས་ཆ་བསྡུ་ལེན་བྱས་པའི་ཁར། ཁོང་གི་བློ་གྲོས་ཀྱི་རྩལ་དང་སོར་མོའི་འདུ་བྱེད་ལས་འཁྲུངས་པ་རེད། འདིས་ཁོང་ནི་རི་མོའི་གཞུང་ལུགས་དང་ལག་ལེན་ལ་གསན་སྦྱོང་མཛད་པར་དགའ་ཞིང་། འབྲི་ལུགས་མི་འདྲ་བའི་ལེགས་ཆ་བསྡུ་ལེན་བྱེད་པར་མོས་ལ། པིར་རྩལ་མཐོན་པོ་མངའ་ཞིང་འབྲི་ལུགས་གསར་པ་ཞིག་གསར་གཏོད་མཛད་པའི་བློ་སྤོབས་ལྡན་པ་གསལ་ལེར་མཚོན་ཐུབ།
ལྔ་པ། སྨན་གསར་ཞེས་པའི་མིང་ལ་དཔྱད་པ།
སྨན་གསར་ཞེས་པ་ད་ལྟ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་བྲིས་རྒྱུན་ལ་གོ་མོད། མིང་དེ་ཐོག་མར་དུས་ནམ་ཞིག་ལ་ཐོག་མར་བྱུང་བའི་སྐོར་ལ་མཚོན་ན། རྒྱལ་དབང་ལྔ་པ་ཆེན་མོ་དགུང་ལོ་སོ་བརྒྱད་པའི་ཟླ་བ་གསུམ་པའི་འགོར།འབྲས་སྤུངས་དགོན་པའི་འདུ་ཁང་གསར་སྐྱེད་ཀྱི་ཞིག་གསོ་མཛད་པའི་ལྡེབས་རིས་བཞེངས་སྐབས། “ཇོ་བོའི་ལམ་ཡིག་བཀོད་པའི་གོང་གསལ་ལ་སྨན་ཐང་པའི་དབུ་ཆེན་སྟག་ལུང་དཔལ་མགོན། ལྷ་ས་སྐལ་ལྡན། འབྲོང་རྩེ་བློ་བཟང་།མཁྱེན་བརྩེ་བའི་དབུ་མཛད་གོང་དཀར་གསང་སྔགས་མཁར་བ། ཞོ་ར་དགོས་དགོས་ཀྱིས་གཙོས་སྨན་མཁྱེན་བསྡོམས་པ་དྲུག་ཅུ་རེ་བརྒྱད་ཀྱིས་ཟླ་བ་དྲུག་ལ་གྲུབ་པའི་དོ་དམ་སྟག་རུ་བ་ནོར་བུ་དང་རོང་དཔལ་གླིང་པས་བྱས།” (33) ཞེས་པ་ལྟར། ལྷ་བཟོ་རྣམས་ཀྱི་མཚན་གྱི་སྔོན་དུ་སྨན་ཐང་དང་མཁྱེན་བརྩེ་ཞེས་འབྲི་ལུགས་གང་ལ་གཏོགས་པ་གསལ་པོར་བཀོད་ཡོད་མོད། རྒྱལ་དབང་ལྔ་པའི་རྣམ་ཐར་《དུ་ཀུ་ལའི་གོས་བཟང་》དང་ཁོང་གི་གསུང་རྩོམ་དུ། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་བྲིས་རྒྱུན་ནི་སྨན་ཐང་ལུགས་ཡིན་པ་དང་། “སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་”དང་“རི་མོ་བ་ཆོས་དབྱིངས་རྒྱ་མཚོས་”སྐུ་བརྙན་འདི་དང་འདི་བཞེངས་ཞེས་བརྗོད་པ་ལས།“སྨན་གསར་ཆོས་དབྱིངས་རྒྱ་མཚོ་”ཞེས་མཚན་གྱི་སྔོན་ལ་འབྲི་ལུགས་ཀྱི་མིང་སྦྱར་མེད་ཅིང་། རྒྱལ་དབང་ལྔ་པས་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་བྲིས་རྒྱུན་ཞེས་ལོགས་སུ་བཀར་ནས་གླེངས་པ་ལས། དེ་ལ་སྨན་གསར་ལུགས་ཞེས་པའི་མིང་བཏགས་མེད་པ་ཤིན་ཏུ་གསལ། གཞན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་དགའ་ལྡན་ཕོ་བྲང་སྲིད་དབང་གི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལས་འགན་ཆེན་པོ་ཕྲག་ཏུ་བཞེས་ལ། ཁོང་དང་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་གཉིས་འཚོ་བཞེས་གནང་བའི་དུས་ནི་ཧ་ལམ་མཉམ་པ་ཡིན་མོད། སྡེ་སྲིད་མཆོག་གིས་བརྩམས་པའི་《བེེ་ཌུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བའི་གླེགས་བམ་དང་པོ་》རུ་བཟོ་རིག་གི་སྐོར་བརྗོད་སྐབས་སྨན་ཐང་ལུགས་དང་མཁྱེན་བརྩེ་ལུགས། བྱིའུ་ལུགས་བཅས་(34)གླེངས་པ་ལས་སྨན་གསར་ལུགས་ཀྱི་མིང་ཙམ་ཡང་བཀོད་མེད་པས། མིང་འདི་དགའ་ལྡན་ཕོ་བྲང་སྲིད་དབང་གིས་བཏགས་པ་མིན་པར་སེམས་ཏེ། བརྒྱ་ལ་དགའ་ལྡན་ཕོ་བྲང་སྲིད་དབང་གི་མཐོ་རིམ་མི་སྣས་དེ་ལྟར་བཏགས་ཡོད་པའི་དབང་དུ་བཏང་ན། རྒྱལ་དབང་ལྔ་པའི་གསུང་འབུམ་དང་སྡེ་སྲིད་ཀྱི་གསུང་དུའང་ཡོད་ངེས་པ་རེད། འོ་ན་མིང་དེ་ནམ་ཞིག་ལ་བྱུང་བ་རེད་ཅེ་ན། རིན་ཆེན་གྲུབ་མཆོག་ནི་དུས་རབས་བཅུ་བདུན་པའི་སྐབས་ཀྱི་བཀའ་བརྒྱུད་པའི་ལྷ་བྲིས་པ་ཞིག་ཡིན་ཞིང་། ཁོང་གིས་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་(1604-1674)ལས་རི་མོའི་སྐོར་གསན་བསམ་གནང་བས་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དང་ཧ་ལམ་དུས་མཉམ་ཡིན་པ་ཤེས་ཐུབ་ཅིང་།(35) ཁོང་གིས་“ད་ལྟའི་དུས་ཚད་ཀྱི་གཞུང་ཙམ་མ་ཐོས་ཤིང་གལ་ཏེ་ཅུང་ཟད་གོ་ཡང་དེ་ནི་མི་ལེགས། གང་ཟག་ཆེ་གེ་དང་ག་གེའི་རྒྱུན་འདི་ཁྱད་དུ་འཕགས་སོ་ཞེས་སྔོན་གྱི་གཞུང་དང་བྲི་རྒྱུན་གཉིས་ཀ་བོར་ཏེ་ཕ་ཤུལ་བུས་མ་ཟིན་པའི་སྒྲིབས་ཤིང་དུ་སྨན་ལུགས་གསར་མ་ཞེས་མིང་སྨྲས་སྙན་སྙན་དུ་བྱེད་པ་ལ་ནི་བརྟགས་ན་སྙིང་པོ་གང་ཡང་མ་མཐོང་བས་འགྲམ་ཆུ་མི་ལྡང་ངོ་། །” (36)ཞེས་གསུངས་པ་ནི་ད་ཕན་ལག་སོན་བྱུང་བའི་ཡིག་ཚང་ལས་སྨན་གསར་ཞེས་པའི་མིང་ཐོག་མར་བྱུང་བའི་གསུང་རྩོམ་ཡིན་ལ།(37) རིན་ཆེན་གྲུབ་མཆོག་གིས་སྨན་གསར་གྱིས་སྨན་ལུགས་ཀྱི་རི་མོའི་གཞུང་ལུགས་དང་བྲིས་རྒྱུན་གཉི་ག་བོར་ཞིང་། ཕ་ཤུལ་བུས་མ་ཟིན་པའི་ཚད་དུ་ཡོད་པ་ལྟར་སྨྲས་པས། ཞོར་དུ་སྨན་གསར་གྱི་བྲིས་རྒྱུན་ལ་དམའ་འབེབས་ཀྱང་བྱས་ཡོད་པར་སྣང་།
རིན་ཆེན་གྲུབ་མཆོག་དང་པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་དབང་ལྔ་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམས་ནི་དུས་རབས་བཅུ་བདུན་པའི་ནང་དུ་འཚོ་གཞེས་གནང་ཡོད་པས། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དང་དུས་མཉམ་ཡིན་མོད། དགེ་ལུགས་པའི་བླ་སྤྲུལ་གསུམ་ཀས་སྨན་གསར་གྱི་མིང་སྦྱར་མེད། འོན་ཀྱང་རིན་ཆེན་གྲུབ་མཆོག་གིས་སྨན་ལུགས་གསར་མ་ཞེས་པའི་མིང་དངོས་སུ་བཏགས་པ་རེད། དེའི་རྗེས་སུ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་(1697-1774)གྱིས་སྤྱི་ལོ་1763ལ། “སླར་ཆོས་དབྱིངས་རྒྱ་མཚོ་སོགས་དང་། ལྷོ་བྲག་པ་སོགས་སྨན་གསར་པའི་ལུགས་ཀྱི་རི་མོའི་རྒྱུན་ཡང་འདྲེས་པའི་སྲོལ་བཟུང་བ།” (38) ཞེས་གསུངས་པ་དང་། སི་ཏུ་པན་ཆེན་ཆོས་ཀྱི་འབྱུང་གནས་(1700-1774)ཀྱིས་“སྨན་ཐོང་གསར་རྙིང་མཁྱེན་ལུགས་པ། བྱང་པ་བྱེའུ་སྒར་བྲིས་པའི། །རྣམ་དཔྱོད་དེ་ཀུན་འདིར་ལྡན་མོད། །ཉམས་འགྱུར་འབུམ་གྱིས་ཁྱད་པར་བྱས། །” (39)ཞེས་གསུངས་ཤིང་། ཀརྨ་མཁན་པོ་རིན་ཆེན་དར་རྒྱས་ཀྱིས། “སྨན་གསར་སྒར་རིས་འདྲེས་མ་རི་མཁར་ལུགས།” (40) ཞེས་གསུངས་པ་སོགས་ཀྱིས་མཚོན་པ་ལྟར། སྨན་གསར་ཞེས་པའི་མིང་ནི་དགེ་ལུགས་པས་ཐོག་མར་བཏགས་པ་ཞིག་མིན་པར་སེམས་ཏེ། རིན་ཆེན་གྲུབ་མཆོག་གིས་དེ་ལྟར་བཏགས་པ་ནས་བཟུང་ས་སྐྱ་པ་དང་བཀའ་བརྒྱུད་པས་གཙོས་པའི་མཁས་པ་རྣམས་ཀྱིས་མུ་མཐུད་ནས་བཀོལ་པར་སྣང་།
སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་ནས་བཟུང་ད་ལ་ཐུག་གི་བར་དུ་བཀྲ་ཤིས་ལྷུན་པོ་དགོན་པ་དང་པོ་ཏ་ལ་སོགས་ཀྱི་རི་མོའི་འབྲི་ལུགས་གཙོ་བོ་ནི་སྨན་གསར་ཡིན་མོད། དེ་གའི་ལྷ་བྲིས་པ་རྣམས་ཀྱིས་ཁོ་ཚོའི་བྲིས་རྒྱུན་ནི་སྨན་ལུགས་ཡིན་ཞེས་བརྗོད་པའམ། འགའ་ཤས་ཀྱིས་གཙང་བྲིས་དང་དབུས་བྲིས་ཞེས་འབོད་པ་ལས།(41) སྨན་གསར་གྱི་མིང་བཀོལ་མཁན་ཤིན་ཏུ་ཉུང། ཨ་མདོ་རེབ་གོང་དུའང་དུས་རབས་བཅོ་བརྒྱད་པའི་མཇུག་དང་དུས་རབས་བཅུ་དགུ་པའི་དུས་མགོ་ནས་བཟུང་སྨན་གསར་ལུགས་དར་ཡོད་མོད།(42) ཡུལ་དེའི་ལྷ་རིས་པ་རྣམས་ཀྱིས་ཁོང་ཚོའི་འབྲི་ལུགས་ནི་སྨན་ཐང་ལུགས་ཡིན་ཞེས་བརྗོད་པ་ལས། སྨན་གསར་ལུགས་ཞེས་འབོད་པར་མི་བྱེད། དེ་ནི་གནའ་དེང་གི་མཁས་པ་མང་པོས་སྨན་གསར་ལུགས་འདི་ཉིད་འབྲི་ལུགས་ཐ་དད་དམ་ཡན་གར་བ་ཞིག་ཏུ་མི་བགྲང་བར། སྤྱིའི་ཆ་ནས་སྨན་ཐང་ལུགས་ཀྱི་བྲིས་རྒྱུན་ཡིན་ཞེས་བརྗོད་པ་དང་།(43) དགེ་ལུགས་པའི་དགོན་སྡེ་གལ་ཆེན་ཁག་ཅིག་ཏུ་སྨན་གསར་ལུགས་ལ་ད་དུང་སྨན་ལུགས་ཞེས་འབོད་པ་སོགས་ལ་ཐུག་ཡོད་པར་སེམས་སོ། །
མཇུག་སྡུད་པ།
སྨན་གསར་ལུགས་ནི་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྨན་ཐང་ལུགས་ཀྱི་རྒྱུན་བསྐྱངས་པའི་རྨང་གཞིའི་སྟེང་དུ་རི་མོའི་འབྲི་ལུགས་མི་འདྲ་བའི་ལེགས་ཆའམ་ཉིང་བཅུད་སྡུད་ལེན་བྱས་ཐོག ཁོང་གི་བློ་གྲོས་ཀྱི་རྩལ་དང་སོར་མོའི་འདུ་བྱེད་ལ་བརྟེན་ནས་གསར་གཏོད་མཛད་པའི་རི་མོའི་འབྲི་ལུགས་ཤིག་ཡིན་ལ། དེ་ནི་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་བཀྲ་ཤིས་ལྷུན་པོ་དང་པོ་ཏ་ལ་སོགས་སུ་སྐུ་བརྙན་མང་པོ་འབྲི་བཞེངས་མཛད་དེ་འཁྲུངས་པའི་པིར་རྩལ་མཐོན་པོ་དང་། སྒོས་སུ་རྒྱལ་དབང་ལྔ་པ་ཆེན་མོ་དང་དགའ་ལྡན་ཕོ་བྲང་སྲིད་དབང་གིས་ཆོས་སྲིད་གཉིས་ཀྱི་ཐད་ནས་རྒྱབ་སྐྱོར་གནང་བ་སོགས་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་འཛོམས་པ་ལ་བརྟེན་ནས་འཕེལ་རྒྱས་ཆེན་པོ་ཕྱིན་ཞིང་། སྨན་གསར་ཞེས་པའི་མིང་ནི་དགེ་ལུགས་པས་བཏགས་པ་ཞིག་མིན་པར།གྲུབ་མཐའ་གཞན་དུ་ཐོག་མར་བྱུང་ཞིང་། གཙང་དུ་དེ་ལ་གཙང་བྲིས་དང་། དབུས་སུ་དབུས་བྲིས། ཡང་ན་ས་ཆ་ལ་ལར་ཐད་ཀར་སྨན་ལུགས་ཞེས་འབོད་ཀྱིན་ཡོད་ལ།བྲིས་རྒྱུན་འདི་ཁམས་དང་། ཨ་མདོ། སོག་པོ། པེ་ཅིན་སོགས་ཡུལ་གྲུ་མང་པོར་དར་ཁྱབ་ཏུ་སོང་བས། བོད་ཀྱི་གལ་ཆེ་བའི་རི་མོའི་འབྲི་ལུགས་ཤིག་ཡིན་ནོ། །
དཔྱད་གཞིའི་ཡིག་ཆ།
①བདེ་སྐྱིད་ཀྱིས་བསྒྲིགས། 《རྦ་བཞེད་ཕྱོགས་བསྒྲིགས》[C] སྦ་གསལ་སྣང་། 《སྦ་བཞེད་ཅེས་བྱ་བ་ལས། སྦ་གསལ་སྣང་གི་བཞེད་པ་བཞུགས》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་116-127
②རྒྱ་གར་གྱི་རི་མོའི་འབྲི་ལུགས་ནི་དུས་རབས་བཅུ་གཅིག་པའི་སྐབས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་ཀྱིས་བོད་ལ་དྲངས་ཤིང་། གྲྭ་ཐང་དགོན་པ་དང་སྟག་ལུང་དགོན་པའི་ལྡེབས་རིས་དང་། དེ་མིན་ཞལ་ཐང་མང་པོ་འབྲི་ལུགས་འདི་སྤྱད་ནས་བཞེངས་ཡོད། བལ་བྲིས་ནི་དུས་རབས་བཅུ་གསུམ་པའི་ཡས་མས་སུ་བོད་ལ་དར་ཞིང་། ས་སྐྱ་དགོན་པ་དང་ཞ་ལུ་དགོན་པའི་ལྡེབས་རིས་རྙིང་པ་རྣམས་སྤྱིའི་ཆ་ནས་འབྲི་ལུགས་འདིར་གཏོགས་པ་ཡིན། མངའ་རིས་ཡུལ་དུ་དུས་རབས་བཅུ་གཅིག་པའི་སྐབས་སུ་ཁ་ཆེའི་རི་མོ་འབྲི་ལུགས་དར་བ་རེད།
③དེ་ལས་གཞན་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ལྡེབས་རིས་རྣམས་ཀྱང་དུས་རབས་བཅོ་ལྔ་པར་བཞེངས་ཤིང་། དེ་དག་ནི་ཕྱི་ནས་འོངས་པའི་འབྲི་ལུགས་དག་བོད་རང་ས་རང་ཡུལ་གྱི་འབྲི་ལུགས་སུ་འགྱུར་བའི་ཐོད་བརྒལ་གྱི་དུས་རིམ་ཞིག་ཡིན།
④སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《བེེ་ཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བའི་གླེགས་བམ་དང་པོ་བཞུགས་སོ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་458
⑤སྨན་བླ་དོན་གྲུབ་ནི་རི་མོའི་ལག་ལེན་ལ་ནང་བྱན་ཆུད་པའི་པིར་ཐོགས་དབང་པོ་ཞིག་ཡིན་པར་མ་ཟད། རི་མོའི་གཞུང་ལུགས་ལའང་ཐོས་བསམ་རྒྱ་ཆེར་མཛད་དེ། 《དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རབ་ཏུ་བྱེད་པ་ཡིད་བཞིན་ནོར་བུ་》ཞེས་བྱ་བ་ལྷ་སྐུའི་ཆ་ཚད་ཀྱི་བསྟན་བཅོས་བརྩམས་ཏེ། ཁོང་གི་རི་མོའི་འབྲི་ལུགས་ཀྱི་ལྷ་སྐུའི་ཐིག་རྩ་གཞུང་ལུགས་ཀྱི་ལམ་ནས་གཏན་ལ་ཕབ་པ་རེད། ཁོང་གིས་བཞེངས་པའི་སྟོན་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་ཞིག་ལོ་འགའི་སྔོན་དུ་ས་སྐྱ་དགོན་པར་རྙེད་ཅིང་། ཡོངས་གྲགས་ལྟར་ན་ཁོང་གིས་བཀྲ་ཤིས་ལྷུན་པོ་རུའང་སྐུ་བརྙན་འབྲི་བཞེངས་མཛད་ཅིང་། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་(སྤྱི་ལོ་1700-1774)ཀྱི་རང་རྣམ་《དྲི་བྲལ་ཤེལ་གྱི་མེ་ལོང་》དུ་ཁོང་ཡངས་པ་ཅན་དུ་ཕེབས་ནས་སྨན་ཐང་པའི་ཕྱག་རིས་ཡོད་པའི་ལྷ་ཁང་དུ་བསྡད་ཅེས་བརྗོད་པར་དཔགས་ན། སྨན་བླ་དོན་གྲུབ་ཀྱིས་དགོན་པ་དེར་རི་མོ་བྲིས་པ་མངོན་གསལ་ཡིན། མཁྱེན་བརྩེ་ཆེན་མོ་ནི་མཁྱེན་བརྩེ་ལུགས་གསར་གཏོད་མཛད་མཁན་ཡིན་ལ། ཁོང་གིས་བཞེངས་པའི་ལྡེབས་རིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྒང་སྟོད་གྲོང་བརྡལ་གྱི་གོང་དཀར་ཆོས་སྡེ་དགོན་དུ་བཞུགས་ཡོད་པ་རེད།
⑥རྡོ་པ་བཀྲ་ཤིས་རྒྱལ་པོ་ནི་ལྷོ་ཁས་ཆར་འཁྲུངས་ཤིང་། ད་ཕན་གྱི་ཡིག་ཚང་དུ་འདི་བས་འབྲི་བཞེངས་མཛད་པའི་ཞལ་ཐང་དང་ལྡེབས་རིས། ཁོང་གི་འཁྲུངས་འདས་ལོ་ཚིགས་སོགས་ལ་གསལ་ཁ་ཅི་ཡང་བཏོན་མེད་པའི་རྐྱེན་གྱིས། ཁོང་གིས་རི་མོ་འདི་དང་འདི་བཞེངས་ཞེས་འཆད་པའི་སྤོབས་པ་བྲལ། མཁྱེན་བརྩེ་ཆེན་མོས་ཀྱང་རྡོ་པ་བཀྲ་ཤིས་རྒྱལ་པོ་རི་མོའི་དགེ་རྒན་དུ་བསྟེན་མྱོང་བར་བཤད། འོན་ཀྱང་སྨན་བླ་དོན་གྲུབ་ཀྱིས་བརྩམས་པའི་《བསྟན་བཅོས་ལེགས་བཤད་ནོར་བུའི་ཕྲེང་བ་》རུ་དཔལ་འབྱོར་རིན་ཆེན་དགེ་རྒན་དུ་བསྟེན་པར་བརྗོད་ཡོད། ད་ཡོད་ཀྱི་ཡིག་ཆར་གཞིགས་ན། དུས་རབས་བཅུ་བདུན་པའི་ནང་རིན་ཆེན་གྲུབ་མཆོག་གིས་བརྩམས་པའི་《སྐུ་གཟུགས་ཀྱི་མཚན་ཉིད་རྣམ་པར་བཞག་པ་དགེ་ལེགས་སྙིང་པོ་》ནི་སྨན་བླ་དོན་གྲུབ་ཀྱིས་རྡོ་པ་བཀྲ་ཤིས་རྒྱལ་པོ་དགེ་རྒན་དུ་བསྟེན་ཚུལ་བཀོད་པ་ཐོག་མ་ཡིན་ཞིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《བེེ་ཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བ་》རུ་དེའི་རྗེས་འབྲངས་ནས་བཀོད་ཡོད།
⑦ནོར་བུ་སྲི་ཐར། 《སྨན་གསར་ལུགས་ཀྱི་རི་མོའི་བྱུང་ཚུལ་ལ་དཔྱད་པ》[J] 《བོད་ལྗོངས་ཞིབ་འཇུག》 2012ལོའི་དེབ་གཉིས་པ། ཤོག་ངོས་126
⑧⑨《པཎ་ཆེན་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་གྱི་རྣམ་ཐར》[C] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་263;261
⑩སྨན་བླ་དོན་གྲུབ་ཀྱིས་སྨན་ལུགས་སམ་སྨན་ཐང་ལུགས་གསར་གཏོད་མཛད་པ་དང་། ཁོང་ནི་རྒྱལ་བ་དགེ་འདུན་གྲུབ་པའི་སྐབས་ཀྱི་སྤྲུལ་པའི་ལྷ་བཟོ་ཞིག་ཡིན་ལ། བཀྲ་ཤིས་ལྷུན་པོ་རུ་གྲུབ་ཆེན་བརྒྱད་ཅུ་དང་། གནས་བརྟན་བཅུ་དྲུག སྟོན་པའི་མཛད་རྣམ་བཅས་ཀྱི་ལྡེབས་རིས་བཞེངས་ཡོད་པར་བཤད། འདི་ལས་ཁོང་གི་འབྲི་ལུགས་དེའང་གཙང་དང་སྒོས་སུ་བཀྲ་ཤིས་ལྷུན་པོ་རུ་དར་བ་ཤེས་ཐུབ།
⑪⑫ནོར་བུ་སྲི་ཐར། 《སྨན་གསར་ལུགས་ཀྱི་རི་མོའི་བྱུང་ཚུལ་ལ་དཔྱད་པ》[J] 《བོད་ལྗོངས་ཞིབ་འཇུག》 2012ལོའི་དེབ་གཉིས་པ། ཤོག་ངོས་126;126
⑬སྐབས་དེར་བཀྲ་ཤིས་ལྷུན་པོའི་དགོན་པ་རུ་རི་མོ་བཞེངས་མཁན་གྱི་ཚོགས་པ་གཉིས་ཡོད་ལ། གཅིག་ནི་པིར་ཐོགས་དབང་པོ་ཆོས་རྗེ་བློ་བཟང་ཆོས་འཕེལ་དཔོན་སློབ་ཡིན་ལ། ཅིག་ཤོས་ནི་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་དཔོན་སློབ་ཡིན། ད་ལྟའི་བར་དུ་བོད་ཀྱི་རི་མོའི་སྐོར་ལ་ཞིབ་འཇུག་བགྱིས་དང་བགྱིད་བཞིན་པའི་མཁས་པ་མང་ཤོས་ཀྱིས་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་མཆོག་གི་གམ་བཅར་རི་མོ་བ་ཡིན་ཞེས་བསྔགས་བརྗོད་མཛད་པས། སྤྱིའི་ཆ་ནས་ཀུན་གྱི་སེམས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་མཆོག་ལ་གམ་བཅར་རི་མོ་བ་གཅིག་ལས་མེད་པའི་བག་ཆགས་བཞག་ཡོད་མོད། འོན་ཀྱང་ངེས་པར་དུ་ངེས་དགོས་པ་ཞིག་ལ། པཎ་ཆེན་སྐུ་ཕྲེང་བཞི་པའི་རྣམ་ཐར་ལ་གཞིགས་ན། ཁོང་ལ་མ་མཐའ་ཡང་གམ་བཅར་རི་མོ་བ་གཉིས་ཡོད་དེ། གཅིག་ནི་ཆོས་རྗེ་བློ་བཟང་ཆོས་འཕེལ་དང་། ཅིག་ཤོས་ནི་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་ཡིན།
⑭⑮པཎ་ཆེན་བློ་བཟང་ཆོས་རྒྱན་དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད། 《པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་214-215; 228
⑯⑰⑱པཎ་ཆེན་བློ་བཟང་ཆོས་རྒྱན་དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད། 《པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་234; 235; 240
⑲རྒྱལ་དབང་ལྔ་པ་ཆེན་པོ། 《ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་》(གླེགས་བམ་དང་པོ)[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་237
⑳(22)བསྟན་པ་རབ་བརྟན། 《བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་12;12
(21)སྐུ་བརྙན་འདི་རྣམས་ཀྲུང་གོའི་བོད་ལྗོངས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་བརྩམས་ཤིང་། ཅིའི་ཀྲོའུ་དཔེ་སྐྲུན་ཁང་གིས་2000ལོར་དཔར་དུ་བསྐྲུན་པའི་《ཕོ་བྲང་པོ་ཏ་ལའི་ལྡེབས་བྲིས་རི་མོའི་འབྱུང་ཁུངས་གསལ་བའི་མེ་ལོང་》ཞེས་པའི་ཤོག་ངོས་52-82ན་ཡོད། ད་ལྟ་མཁས་པ་མང་པོས་འདི་རྣམས་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་བཞེངས་པར་བཞེད་མོད། དཔྱད་པར་བྱ་བའི་གནས་ཤིག་ཡིན་ཏེ། བཀྲ་ཤིས་ལྷུན་པོའི་དངུལ་གདུང་ལྷ་ཁང་དུ་བཞུགས་པའི་ལྡེབས་རིས་ནི་ཁོང་གིས་བཞེངས་པ་ཤ་སྟག་ཡིན་ཞིང་། དེ་དག་དང་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་ཤར་མའི་ལྡེབས་རིས་ཀྱི་རི་མོའི་ཁྱད་ཆོས་ཅུང་མི་འདྲ་བ་དང་། 《དུ་ཀུ་ལའི་གོས་བཟང་》དུ་གསུངས་པ་བཞིན་པོ་ཏ་ལའི་ཚོམས་ཆེན་གྱི་ལྡེབས་རིས་རྣམས་ཁོང་གིས་ལྷ་བཟོ་མང་པོ་དང་ལྷན་དུ་བཞེངས་པས། བརྒྱ་ལ་ཁག་ཅིག་ཁོང་གིས་བཞེངས་པའི་དབང་དུ་བཏང་ཡང་། ཡོད་ཚད་ཁོང་གཅིག་པུའི་ཕྱག་བྲིས་ཡིན་ཞེས་ཐག་གཅོད་དཀའ་བས། ཁོང་གི་སློབ་མས་བྲིས་པའང་ཡིན་སྲིད།
(23)རྒྱལ་དབང་ལྔ་པ། 《རྒྱལ་དབང་ལྔ་པའི་གསུང་འབུམ》(པོད་ཉེར་བཞི་པ)[M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་70
(24)བི་ཤྭ་ཀརྨ་ནི་བལ་པོའི་ལྷ་བཟོ་གྲགས་ཅན་ཞིག་ཡིན་ཞིང་། བོད་ཀྱི་པིར་ཐོགས་དབང་པོ་གྲགས་ཅན་མང་པོ་ཁོང་ལ་འགྲན་པར་ནུས་པའམ་ཁོང་གི་རྣམ་སྤྲུལ་དུ་བཤད།
(25)སྨན་ཐང་པ་ཞེས་པ་སྨན་བླ་དོན་གྲུབ་ལ་གོ་དགོས་པ་དང་། སྨན་ཐང་བ་ཁུ་དབོན་ཞེས་པ་ཁུ་བོ་སྨན་བླ་དོན་གྲུབ་དང་དབོན་པོ་སྨན་ཐང་པ་ཞི་བ་འོད་ལ་གོ་ཞིང་། སྨན་ཐང་ཡབ་སྲས་ཞེས་པ་ནི་སྨན་བླ་དོན་གྲུབ་དང་འཇམ་དབྱངས་ལ་ཟེར་བ་ཡིན།
(26)རྒྱལ་དབང་ལྔ་པ། 《རྒྱལ་དབང་ལྔ་པའི་གསུང་འབུམ》(པོད་བཅུ་དགུ་པ)[M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང། 2009ལོ། ཤོག་ངོས་39-40
(27)བསྟན་པ་རབ་བརྟན། 《བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་12
(28)David Jackson, A History of Tibetan Painting,The Great Tibetan Painters and Their Traditions,Austrian Academy of SciencesPress,1996,P219.
(29)བསྟན་པ་རབ་བརྟན་གྱིས་རྩོམ་སྒྲིག་བྱས། 《བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་126
(30)ཡོངས་གྲགས་སུ་སྨན་རྙིང་ནི་སྨན་བླ་དོན་གྲུབ་ཀྱི་རི་མོའི་འབྲི་ལུགས་ལ་གོ་དགོས་མོད། སྐབས་ལ་ལར་ཁོང་གི་དངོས་སློབ་འཕྲེང་ཁ་པ་བློ་གྲོས་དཔལ་ལྡན་བཟང་པོའི་བྲིས་རྒྱུན་ལ་གོ་བའང་ཡོད། འཕྲེང་ཁ་པ་བློ་གྲོས་དཔལ་ལྡན་བཟང་པོའམ་རི་མཁར་བ་ནི་སྨན་བླ་དོན་གྲུབ་ཀྱི་སློབ་མ་ཡིན་ཞིང་། ཁོང་གི་གནས་ཚུལ་ཐར་ཐོར་རྒྱལ་དབང་དགེ་འདུན་རྒྱ་མཚོའི་(སྤྱི་ལོ་1475-1542)རྣམ་ཐར་དུ་བཀོད་ཡོད།
(31)བརྩོན་འགྲུས་རབ་རྒྱས་དང་རྡོ་རྗེ་རིན་ཆེན། 《བོད་ཀྱི་རི་མོ་སྤྱིའི་རྣམ་གཞག་བློ་གསལ་འཇུག་སྒོ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2001ལོ། ཤོག་ངོས་65
(32)David Jackson, The Place of Provenance :Regional Styles in Tibetan Painting. Rubin Museum of Art,2012,P57.
(33)རྒྱལ་དབང་ལྔ་པ་ཆེན་པོ། 《ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་》(གླེགས་བམ་དང་པོ)[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་370
(34)སྡེ་སྲིད་མཆོག་གིས་བོད་ལ་རི་མོའི་འབྲི་ལུགས་གསུམ་སྟེ་སྨན་ལུགས། མཁྱེན་ལུགས། བྱེའུ་ལུགས་བཅས་གསུམ་བགྲངས་སོ། །《བེེ་ཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བའི་གླེགས་བམ་དང་པོ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་458
(35)ཁོང་གིས་བརྩམས་པའི་《སྐུ་གཟུགས་ཀྱི་མཚན་ཉིད་རྣམ་པར་བཞག་པ་དགེ་ལེགས་སྙིང་པོ་》རུ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་རི་མོའི་དགེ་རྒན་དུ་བསྟེན་ཚུལ་བཀོད་ཡོད།
(36)ཀརྨ་རྒྱལ་མཚན་དང་། བཀྲ་ཤིས་དཔལ་འབྱོར། ཨོ་རྒྱན་སྐྱབས། མཁས་གྲུབ་བཅས་ཀྱིས་བསྒྲིགས། 《བོད་བརྒྱུད་རི་མོའི་ཐིག་རྩ་མཁས་པའི་ཞལ་རྒྱུན》[C] རིན་ཆེན་གྲུབ་མཆོག 《སྐུ་གཟུགས་ཀྱི་མཚན་ཉིད་རྣམ་པར་བཞག་པ་དགེ་ལེགས་སྙིང་པོ》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་9
(37)འདིའི་སྐབས་ཀྱི་སྨན་ལུགས་གསར་མ་ཞེས་པ་ནི་ཆོས་དབྱིངས་རྒྱ་མཚོའི་བྲིས་རྒྱུན་ལ་གོ་དགོས་པར་སྣང་མོད་ཀྱི། མཐའ་གཅིག་ཏུ་བཤད་དཀའ་བ་ཞིག་ཡིན་ཏེ། འཕྲེང་ཁ་པ་བློ་གྲོས་དཔལ་ལྡན་བཟང་པོའི་རི་མོ་ལའང་སྨན་གསར་དུ་འབོད་པ་རེད། འཕྲེང་ཁ་པ་དང་རི་མཁར་པ་ནི་གང་ཟག་གཅིག་ཡིན་པ་རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དང་། ལྔ་པ་ཆེན་མོའི་ཐོབ་ཡིག་སོགས་སུ་གསལ། ཁོང་གིས་ལྷ་སྐུའི་ཆ་ཚད་ཀྱི་བསྟན་བཅོས་ཏེ་《ལྷ་སྐུའི་ཆ་ཚད་མདོ་རྒྱུད་གསལ་བའི་མེ་ལོང་》ཞེས་པ་བརྩམས་ཡོད།
(38)ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། 《ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ》 (ཆ)[M] དགའ་ལྡན་རྣམ་རྒྱལ་གླིང་དུ་རྟེན་བཞེངས་པ་ལས་བརྩམས་པའི་གླེང་བ་དབྱར་གྱི་རྔ་གསང་ཞེས་བྱ་བ། 1972ལོའི་ཤིང་དཔར། ཤོག་ངོས་318
(39)ཀརྨ་རྒྱལ་མཚན་དང་། བཀྲ་ཤིས་དཔལ་འབྱོར། ཨོ་རྒྱན་སྐྱབས། མཁས་གྲུབ་བཅས་ཀྱིས་བསྒྲིགས། 《བོད་བརྒྱུད་རི་མོའི་ཐིག་རྩ་མཁས་པའི་ཞལ་རྒྱུན》[C] སི་ཏུ་བསྟན་པའི་ཉིན་བྱེད། 《སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་གྲས་ཐང་ལས་བྱུང་བའི་སྒར་གསར་ལུགས་ཀྱི་ཁྱད་ཆོས》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་245
(40)《བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། བཀའ་བརྒྱུད་པའི་གསུང་རབ་པོད་གསུམ་པ་ཟློས་གར་དང་བཟོ་རིག》 [C] ཀརྨ་མཁན་པོ་རིན་ཆེན་དར་རྒྱས། 《རྒྱལ་བའི་སྐུ་གཟུགས་བྲིས་འབུར་གྱི་ཐིག་རྩ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་962
(41)གཙང་བྲིས་དང་དབུས་བྲིས་ཞེས་པ་ལ་སྒྲ་ཡངས་དོག་གི་ཁྱད་པར་ཡོད་དེ། སྒྲ་ཡངས་འཇུག་གི་སྐབས་སུ་གཙང་དང་དབུས་སུ་དར་བའི་རི་མོའི་འབྲི་ལུགས་ཡོད་ཚད་ལ་གོ་ཆོག་ཀྱང་། སྒྲ་དོག་འཇུག་གི་སྐབས་སུ་སྨན་གསར་ལུགས་ལ་གོ་བ་ཡིན།
(42)རེབ་གོང་བཀྲ་ཤིས་འཁྱིལ་དགོན་པར་བཞུགས་པའི་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་ཞལ་ཐང་སྐྱ་ཐིག་རང་བྱོན་མར་གྲགས་པ་དེ་ནི་ཡོངས་གྲགས་སུ་དུས་རབས་བཅུ་བདུན་པའི་ནང་ཡབ་རྗེ་བླ་མ་སྐུ་བཞུགས་དུས་བཞེངས་པར་འདོད་མོད། རི་མོའི་འབྲི་ལུགས་ལ་བལྟས་ན། དེ་ནི་སྨན་གསར་ཡིན་ཞིང་། གཉན་ཐོག་དཀའ་བཅུ་ལྷ་བཟོས་དུས་རབས་བཅོ་བརྒྱད་པའི་མཇུག་དང་དུས་རབས་བཅུ་དགུ་པའི་འགོར་བཞེངས་པ་རེད།
(43)ཁོ་བོ་ནི་དེ་ལ་མི་འཐད་དེ། སྤྱིའི་ཆ་ནས་སྨན་གསར་ནི་སྨན་ལུགས་ཀྱི་བྲིས་རྒྱུན་དུ་གཏོགས་མོད། ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་འབྲི་ལུགས་དང་བྲིས་རྒྱུན་ཆེ་མ་ཆུང་གསུམ་ཅི་རིགས་ལ་བྱེ་བྲག་གི་མིང་རེ་བཏགས་ན་ད་གཟོད་རི་མོའི་འབྲི་ལུགས་ཡོད་ཚད་ལ་ངེས་ཤེས་ཟབ་མོ་འདྲེན་ཐུབ་ཅིང་དེའི་སྐོར་གྱི་ཞིབ་འཇུག་ཀྱང་གོང་འཕེལ་དུ་འགྲོ་ཐུབ་པར་འདོད།