བསོད་ནམས་རྒྱ་མཚོ།
དཔྱད་རྩོམ་འདི་ནི་་རྒྱ་གར་གྱི་རིག་གནས་བོད་དུ་དྲངས་པའི་ཆེད་དུ་མཁན་སློབ་རྣམ་གཉིས་བོད་དུ་ཇི་ལྟར་གདན་དྲངས་ཚུལ་གྱི་སྐོར་ལ་དཔྱད་པ་ཞིག་ཡིན། འདི་ནི་དགེ་རྒན་གྱི་སློབ་ཁྲིད་ཞལ་རྒྱུན་དང་། སྦ་བཞེད་དང་། ཆོས་འབྱུང་མཁས་པའི་དགའ་སྟོན། པདྨ་བཀའ་ཐང་རྣམས་ཀྱི་ནང་དོན་མདོར་བསྡུས་ནས་གོ་བདེའི་ཚིག་གིས་བཀྲལ་བ་ཞིག་ཡིན། །
༡ ཆོས་ལུགས་གསར་རྙིང་གི་ཆེད་དུ་བོད་སྲིད་ལ་ཐེབས་པའི་ཤུགས་རྐྱེན། ཁྲི་སྲོང་ལྡེའུ་བཙན་སྐུ་གཞོན་པའི་སྐབས་སུ་བློན་པོའི་ནང་གི་དྲག་ཤོས་རྣམས་ཕྱོགས་ཁག་གཉིས་སུ་གྱེས་ཏེ་བན་བོན་ཆོས་ལུགས་ཀྱི་ཁ་འཛིན་ཏུ་གྱུར་པ་རེད། བོན་ཕྱོགས་ཀྱི་ཁ་འཛིན་གཙོ་བོ་མ་ཞང་ཁྲོམ་པ་སྐྱེས་དང་། ཅོག་རོ་སྐྱེས་བཟང་རྒྱལ་མ། སྟག་ར་ཀླུ་གོང་རྣམས་ཡིན། བན་ཆོས་ཀྱི་ཁ་འཛིན་གཙོ་བོ་མང་དང་། འབལ། སྦལ། ཞང་། མགོས་ལ་སོགས་པ་རྣམས་ཡིན། ཁྲི་སྲོང་ལྡེའུ་བཙན་ཡང་རིམ་བཞིན་སྦལ་ཚང་དང་འབྲེལ་བ་ཇེ་ཟབ་ཕྱིན་ཏེ་ནང་ཆོས་ལ་དད་པ་ཅན་ཏུ་གྱུར། སྦལ་གྱི་སྤུན་མཆེད་རྣམས་ཀྱི་རྒྱ་དཀར་ནག་གཉིས་ཀ་ནས་ཆོས་དཔེ་བཙལ་ཞིང་ལྐོག་ཏུ་བོད་ཡིག་ཏུ་བསྒྱུར། རྒྱལ་པོས་སྦ་གསལ་སྣང་ལ་དངུལ་གཡུང་དྲུང་ཅན་གྱི་གོ་གནས་དང༌། སྦ་སང་ཤི་གཉིས་ལ་ཕྲ་མེན་གཡུང་དྲུང་ཅན་གྱི་གོ་གནས་གནང༌།
སྦ་གསལ་སྣང་མང་ཡུལ་ནས་རྒྱ་གར་ཏུ་ཕྱིན། ཞང་མ་ཞང་གི་བཀའ་ལས་ལྡོག་སྟེ། མ་ཧཱ་བྷོ་དྷི་དང་ཤྲཱི་ན་ལེན་དྲར་མཆོད་པ་བྱས། དེ་ནས་བལ་ཡུལ་དུ་ཕེབས་ཏེ་བལ་རྗེ་ལ་ངོ་ཆེན་ཞུས་ཏེ། ཤན་ཏ་རཀྵི་ཏ་མང་ཡུལ་དུ་གདན་དྲངས་ནས་གཙུག་ལག་ཁང་གཉིས་བརྩིགས། དེ་ནས་སྦ་གསལ་སྣང་དབུས་སུ་བྱོན་ཞིང་རྒྱལ་པོ་ལ་ལྷ་ཆོས་རིག་པའི་སྐོར་དང༌། བལ་ཡུལ་ན་མཁས་པ་ཤན་ཏ་རཀྵི་ཏ་བཞུགས་པའི་སྐོར་གྱི་སྙན་གསན་མང་པོར་ཕུལ། དེ་ནས་སྦ་གསལ་སྣང་རེ་ཞིག་མང་ཡུལ་དུ་ཕྱིན། ཞང་ཉ་བཟང་དང༌། ཁྲི་བཟང་ལ་སོགས་པའི་ཆོས་ལ་དགའ་བའི་བློན་པོ་ཀུན་འདུས་ནས་དམ་ཆོས་ཇི་ལྟར་སྤེལ་ཚུལ་གྲོས་མོལ་གནང༌། ཞང་ཉ་བཟང་གིས་ཞལ་ནས། ཞང་མ་ཞང་ཆོས་ལ་མི་དགའ་སྟབས་ང་ཚོས་རྒྱལ་པོའི་ཐུགས་བཞེད་ལྟར་དམ་ཆོས་སྤེལ་བའི་བྱ་བ་འདི་འགྲུབ་ཐབས་དཀའ་ཟེར། བློན་པོ་ཁྲི་བཟང་གིས། མ་ཞང་ཁྲོམ་པ་སྐྱེས་ལྐོག་གསད་བྱ་རྒྱུའི་གྲོས་གཞི་བཏོན་ཅིང་དེ་བཞིན་ལག་ལེན་ཏེ་མ་ཞང་ཁྲོམ་པ་སྐྱེས་བསད།
༢ མཁན་པོ་བོ་དྷི་སྭ་ཏོ་ཐེངས་དང་པོ་བོད་དུ་གདན་དྲངས་པའི་དགོས་པ་དང་རྙོགས་འཛིང་སྐོར། བོ་དྷི་སྭ་ཏོ་ཐེངས་དང་པོ་བོད་དུ་ཕེབས་པའི་དུས་ནི་ཧ་ལམ་སྤྱི་ལོ་༧༥༨ལོ་ཡས་མས་ཙམ་ཞིག་ན་ཡིན་དགོས་ཏེ། རྒྱལ་པོ་སྐུ་གཞོན་བློན་པོ་རྣམས་ཀྱིས་ཁ་ལོ་སྒྱུར་བཞིན་པའི་སྐབས་ཡིན་པ་དང་། བསམ་ཡས་གཙུག་ལག་ཁང་མ་བཞེངས་པའི་སྔོན་དུ་ཡིན་པའི་ཕྱིར། བསམ་ཡས་གཙུག་ལག་ཁང་བཞེངས་པའི་དུས་ནི་ལོ་རྒྱུས་ཡིག་ཆ་ཕལ་ཆེར་གཅིག་མཐུན་དུ་འཁོད་ལྕགས་གླང་ལོ་ཡིན་པ་དང་། ལྕགས་གླང་དེ་ནི་རྒྱ་བོད་ལོ་རྒྱུས་གུང་བསྒྲིགས་པའི་ཚེ་སྤྱི་ལོ་༧༦༡ལོར་ཡིན་པ་གཅིག་མཐུན་དུ་གྲུབ། འོ་ན་མཁན་པོ་ཇི་ལྟར་བོད་དུ་གདན་དྲངས་པ་ཡིན་ཞེ་ན། མ་ཞང་ཁྲོམ་པ་སྐྱེས་ལྐོག་གསོད་གྲུབ་པ་དང་། རྒྱལ་བློན་ཐམས་ཅད་ལ་ཆོས་བྱ་རྒྱུར་གྲོས་འཆམ། རྒྱལ་པོས་སྦ་གསལ་སྣང་མང་ཡུལ་ནས་མར་ཕེབས་སྐབས་མདུན་དུ་བོས་ནས། རྒྱ་གར་དང་བལ་ཡུལ་ན་ཆོས་མཁས་པ་སུ་ཡོད་གདན་དྲངས་དགོས་ཚུལ་རྣམས་གསུངས། སྦ་གསལ་སྣང་གིས། ཟ་ཧོར་རྒྱལ་པོའི་སྲས་དགེ་སློང་ཤན་ཏ་རཀྵི་ཏ་ཞེས་པ་གཙུག་ལག་ཐམས་ཅད་ལ་མཁས་པ་གཅིག་ཡོད་པ་དེ་ད་ལྟ་བལ་ཡུལ་ན་བཞུགས་ཡོད་ཞུས་པར། རྒྱལ་པོས་བལ་རྗེའི་མདུན་དུ་དགེ་སློང་ཤན་ཏ་རཀྵི་ཏ་བོད་དུ་གཏོང་དགོས་པའི་བཀའ་སྒྲོམ་དང་བཅས་ཏེ་སྦ་གསལ་སྣང་བལ་ཡུལ་དུ་བཏང༌། སྦ་གསལ་སྣང་གིས་བལ་རྗེ་ལ་ཞུས་པས་དེ་བཞིན་གནང་
བར་ཐོབ། དགེ་སློང་ཨ་ཙར་ཡ་མང་ཡུལ་དུ་བཞུགས་པར། བོད་རྗེའི་བློན་པོ་འཁོར་ལང་འགྲོ་སྣང་ར་དང༌། སྙེར་བཏག་པ་ལྡོང་བཙན། འབྲང་རྒྱ་ར་ལེགས་གཟིགས་གསུམ་མང་ཡུལ་དུ་མཁན་པོ་བསུ་བར་བཏང༌། ཁོ་ཚོས་མཁན་པོ་གདན་དྲངས་ནས་ལྷ་སར་སླེབས་པ་དང་དགེ་སློང་ཤན་ཏ་རཀྵི་ཏ་དང༌། ལང་འགྲོ་སྣང་ར་གཉིས་དེར་བཞག་སྟེ་སྦ་གསལ་སྣང་ཕོ་བྲང་དུ་རྒྱལ་པོའི་མདུན་དུ་སྙན་གསོལ་ཞུ་བར་ཕྱིན། སྐབས་དེར་ཞང་བློན་རྣམས་ཀྱིས་ལྷོ་བལ་གྱི་མི་ལ་ངན་སྔགས་བྱེད་མཁན་དང༌། སྒྱུ་མ་ཕྲ་མེན་བྱེད་མཁན་མང་པོ་ཡོད་པས་དེ་ལ་བརྟག་དཔྱད་དགོས་པ་བགྲོས་ནས། སྦ་སང་ཤི་དང༌། སེང་མགོ་ལྷ་ལུང་གཟིགས་དང༌། མཆིམས་མེ་ལྷ་གསུམ་དེར་བཏང་ཡང་ཨ་ཙ་རའི་སྐད་མ་གོ། དེ་ནས་ཁོ་ཚོས་དར་ཚག་སྒོང་གསེག་གི་ཚོང་འདུས་ན། ཁ་ཆེ་སྐྱེས་བཟང་གི་བུ་ཨ་ནན་ཏ་ལོ་ཙཱ་བསླབས་མྱོང་མཁན་གྱི་ཚོང་པ་ཞིག་ཡོད་པ་དེ་བོས་ནས་སྐད་བསྒྱུར་བྱས་ཏེ། ཨ་ཙ་ར་ལ་ཁྱོད་རང་གི་ལྟ་སྤྱོད་གཙོ་བོ་གང་དྲིས་པར། དགེ་སློང་གི་ཞལ་ནས། སྤྱོད་པ་ལེགས་སོ་ཅོག་ལ་ལག་ལེན་བྱ། ཉེས་སོ་ཅོག་ལ་བཀག་སྡོམ་བྱ། ལྷ་དཀོན་མཆོག་གསུམ་ལ་མཆོད། གཙོ་བོར་སེམས་ཅན་ཐམས་ཅད་ལ་ཕན་པ་བྱ་རྒྱུ་དེ་ཡིན། ཞེས་སོགས་གསུངས། དེ་ནས་ཁོང་རྣམས་ཀྱིས་དགེ་སློང་འདི་ལྟ་སྤྱོད་རྣམ་དག་ཡིན་པ་ཐེ་ཚོམ་མི་དགོས་པ་ཞིག་ཡིན་པའི་སྐོར་རྣམས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་འོ་ན་ཕོ་བྲང་དུ་གདན་དྲངས་ཤོག་གསུངས། ཨ་ཙ་རས་རྒྱལ་པོ་དང་ཞལ་མཇལ་སྐབས་སུ་ང་ལ་ཕྱག་གྱིས་དང་ངས་རྟེན་འབྲེལ་ལེགས་ཉེས་ཤིག་བརྟག་དགོས་ཟེར། རྒྱལ་པོས་གསེར་ཁྱོར་བ་གང་གིས་ཕྱག་རྟེན་ཕུལ་ནས་ཕྱག་བྱས་པས་ཨ་ཙ་ར་ཕོ་བྲང་ནང་དུ་གདན་དྲངས། ཨ་ཙར་ཡས། རྒྱལ་པོ་ལ་ཁྱོད་དབུ་ལ་ལ་ཐོད་གསོལ་བ་དང་སྦྱར་ན། སྟོད་དུ་མངའ་རིས་ཞྭ་ཙམ་ཞིག་ཆགས་པའི་ལྟས་དང༌། རྐང་ལ་ལྷམ་གསོལ་བས། སྨད་དུ་མངའ་རིས་ལྷམ་ཙམ་གཅིག་ལ་ཁྲིམས་ཆགས། སྐུ་ལ་སྐེ་རགས་མ་བཅིངས་པ་དང་སྦྱར་ན་བར་ཁམས་འདིར་རྒྱལ་པོའི་ཁྲིམས་མྱུར་དུ་འཇིག་ཉེན་ཡོད། འོན་ཀྱང་གསེར་གྱི་ཕྱག་རྟེན་ཕུལ་བས། དམ་པའི་ཆོས་བྱར་བཏུབས་པར་འོང་གསུངས། །
དེ་ནས་ཕོ་བྲང་རླུང་འཚུབས་སུ། ཁ་ཆེ་ཨ་ནན་ཏས་ལོ་ཙཱ་བགྱིས་ཏེ་ཟླ་བ་བཞིར་དགེ་བ་བཅུ་དང༌། ཁམས་བཅོ་བརྒྱད་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་པས། ལོ་དེར་ཕོ་བྲང་འཕང་ཐང་ཆུས་ཁྱེར། ལྷ་ས་དམར་པོ་རི་ལ་ཐོག་བརྒྱབ། མི་ནད་དང་ལོ་ཉེས་བྱུང་བར་བོད་འབངས་རྣམས་ཀྱིས་བཙན་པོས་ཆོས་བྱས་པས་ལན། ཨ་ཙར་ཡ་ཕྱིར་ཕུད་དགོས་ཟེར་ནས་ཆོས་བགྱི་བར་ངོ་རྒོལ་ཤུགས་ཆེན་བྱས་སྟབས། འབངས་རྣམས་ཕོ་བྲང་མདུན་དུ་འཚོགས་ནས་ཟིང་འབོད་བྱས། རྒྱལ་པོས་གསེར་ཕྱེ་བྲེ་གང་ཁྱེར་ཞིང་སྦ་གསལ་སྣང་དང༌། སེང་མགོ་ལྷ་ལུང་གཟིགས་དང༌། ཞང་ཉ་བཟང་དང༌། སྦ་སང་ཤི་དང༌། སྙེར་སྟ་ཙན་ལྡོང་གཟིགས་དང་བློན་པོ་ལྔ་ཁྲིད་ནས་ཨ་ཙར་ཡ་ཁང་སྟེང་སྒོམ་ཁང་དུ་བཞུགས་པའི་མདུན་དུ་ཕྱིན་ནས། བདག་རྒྱལ་པོ་བསོད་ནམས་ཆུང་བས་བོད་འབངས་རྣམས་ནག་པོ་ལ་དགའ་བའི་དུས་སུ་སྐྱེས་སྟབས་ད་ལན་དམ་པའི་ཆོས་འགྲུབ་པའི་ཐབས་དཀའ། ཨ་ཙར་ཡ་ཁྱེད་གནས་སྐབས་སླར་རྒྱ་གར་དུ་གཤེགས་པར་ཞུ། སླད་ནས་བདག་གིས་ཞང་བློན་ཐམས་ཅད་ཐབས་ཀྱིས་བྲིད། བརྔན་པ་བྱིན་སྟེ། ཆོས་མ་བྱས་ན་མི་རུང་བའི་རྒྱུ་མཚན་རྣམས་བཤད་དེ་བསླབ་བྱ་གཏོང་བ་དང༌། ནམ་ཞིག་ཆོས་བྱེད་ཐུབ་པར་བྱུང་ན་ངས་སླར་ཡང་གདན་འདྲེན་བཏང་གི་ཡིན་པས་དེའི་སྐབས་ཕེབས་རོགས་ཞུ། ཞེས་གསུངས། ཨ་ཙར་ཡའི་ཞལ་ནས། སྔོན་ཡབ་མེས་ཀྱི་སྐུ་རིང་ལ། ལྷ་ཀླུ་གདུག་པ་ཅན་རྣམས་དམ་འོག་ཏུ་མ་ཚུད་པས། བོད་ཁམས་སུ་གནོད་སྦྱིན་གདུག་པ་ཅན་ཆོས་ལ་མི་དགའ་བ་རྣམས་ཀྱིས་ལྟས་ངན་བཏང་བས་རྒྱལ་པོ་རྣམས་སྐུ་ཚེ་ཐུང་པའི་རྒྱུ་རྐྱེན་ཡང་དེ་ཡིན། སླད་ནས་ངེས་པར་དུ་ལྷ་ཆོས་བྱ་དགོས། ལྷ་ཀླུ་འདི་དག་དམ་འོག་ཏུ་འདུལ་བ་ལ་ཨོ་རྒྱན་ཡུལ་གྱི་སློབ་དཔོན་པདྨ་སཾ་བྷ་བ་ཞེས་བྱ་བ་དྲག་སྔགས་ཀྱི་ནུས་མཐུ་འགྲན་ཟླ་དང་བྲལ་བ་ཞིག་ཡོད་པ་དེ་གདན་དྲངས་ན་འདྲེ་སྲིན་གདུགས་པ་ཅན་རྣམས་འདུལ་ཐུབ། ཞེས་གསུངས་ཏེ་གསེར་ཁྱོ་བ་གང་བལ་རྗེ་ལ་འབུལ་རྟེན་དུ་ཁྱེར། གཞན་རྣམས་རྒྱལ་པོ་ལ་ཕྱིར་ཕུལ་ཏེ། བོད་འབངས་སྤྱིའི་ངོར་ཨ་ཙར་ཡ་མཐར་སྐྲོད་པའི་ཚུལ་གྱིས་བལ་ཡུལ་དུ་ཕྱིར་བཞུད། སེང་འགོ་ལྷ་ལུང་གཟིགས་ཀྱིས་སྔོན་ལ་ཤ་མི་ཟ་བའི་སྲུང་སྡོམ་ཞུས་ཡོད་པ་དང༌། སྐབས་དེར་ཨ་ཙར་ཡའི་མདུན་ནས་ཆང་མི་འཐུང་པའི་སྲུང་སྡོམ་ཞུས་ཏེ་གླང་སྣ་གྲུ་ཚུགས་བར་དུ་སྐྱེལ་མར་ཞུས། ལང་འགྲོ་སྣང་ར་དང༌། སྦ་གསལ་སྣང་གཉིས་ཀྱིས་ཨ་ཙར་ཡ་བལ་ཡུལ་དུ་སྐྱེལ་ནས་ཕྱིར་བོད་དུ་ཕེབས། ཞེས་སྦལ་བཞེད་ལ་སོགས་ལོ་རྒྱུས་ཡིག་ཆ་རྣམས་གསལ་བ་འདི་ནི་སློབ་དཔོན་བོ་དྷི་སྭ་ཏོ་བོད་དུ་ཐེངས་དང་པོ་གདན་དྲངས་པ་བོད་དུ་མི་བདེ་བ་བྱུང་བས་སྡེ་འབངས་ཀྱིས་རྙོག་ཟིང་སློང་བའི་སྐོར་ཡིན། །
༣ བོ་དྷི་སྭ་ཏོ་ཐེངས་གཉིས་པ་གདན་དྲངས་པའི་སྐོར། དེ་ནས་རྒྱལ་པོས་སྦ་གསལ་སྣང་ཆོས་ཀྱི་སྤྱན་སྔ་པར་[①]བསྐོས། བོད་ཀྱི་རྒྱལ་པོས་ངེས་པར་དུ་དམ་ཆོས་སྤེལ་དགོས་པའི་བཀའ་མོལ་གནང་བ་ལྟར་སྐུ་འཁོར་རྗེ་འབངས་རྣམས་ཡིད་མཐུན་པར་བྱུང༌། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་ཞང་བློན་རྣམས་ལྷ་ཁང་བརྩིགས་པའི་བཀའ་བགྲོས་པས། བློན་ཁྲི་བཟང་གིས། ལྷ་ཁང་བཞེངས་པ་ལ་བོད་འབངས་རྣམས་ཀྱིས་ངོ་རྒོལ་གྱིས་བཀག་འགོགས་ཐེབས་སྲིད་པས་དེ་བས་ཐབས་ཇུས་ཀྱི་སྒོ་ནས་གདམས་ཀ་ཞིག་བསྐུར་ན་ལེགས་པའི་གྲོས་བཏོན། རྒྱལ་པོས་བོད་འབངས་ཀུན་འཚོགས་ཏེ་བཀའ་སྩལ་པར། འཛམ་གླིང་འདིར་བོད་ཀྱི་རྒྱལ་པོ་ཆེ། བོད་ཀྱི་རྒྱལ་པོ་ང་ལས་ཆེ་བ་སྔར་མ་བྱུང༌། འོན་ཀྱང་ང་ལ་ཕྱག་རིས་གང་ཡང་མེད་པས་ཕྱག་རིས་གསར་པ་ཞིག་འཇོག་དགོས་ཟེར། ཁྱོད་བོད་འབངས་མཛངས་པ་རྣམས་དེའི་སྐོར་ལ་བཀའ་བགྲོས་ཀྱི་གླེང་མོལ་ཞིག་གནང་དགོས་གསུངས། དེར་བློན་པོ་ཁྲི་བཟང་ལངས་ནས། རྗེའི་བཀའ་ནི་རི་གཟར་རྦབ་བས་གཉན། ཁྲིམས་ཀྱི་ལ་རྩེ་ཨ་སྔོན་དགུང་བས་མཐོ། ཕྱག་རྗེས་མཛད་པ་གང་དགོས་བཀའ་ལུང་ཞུའོ། །ཞེས་གསོལ་བར། རྒྱལ་པོས་འོ་ན། 1 མཁར་མཐོན་པོ་རྒྱ་ཡི་ཡུལ་མཐོང་བ་ཞིག་བརྩིགས་པ་དང་གཅིག 2 ཤེལ་གྱི་མཆོད་རྟེན་གངས་རི་ཙམ་བཞེངས་པ་དང་གཉིས། 3 ཝ་ལུང་གྲོག་པོ་གསེར་ཕྱེས་དགང་བ་དང་གསུམ། 4 ཧས་པོ་རི་ཟངས་ཀྱིས་གཏུམ་པ་དང་བཞི། 5 གཙང་པོ་ཟངས་ཀྱི་སྦུབས་སུ་བཅུག་པ་དང་ལྔ། 6 བཀའ་ཆུའི་ཐང་ལ་ཁྲོན་པ་འདོམ་དགུ་བརྒྱ་དང་དགུ་བཅུ་བྲུ་བ་དང་དྲུག 7 ལྷ་ཁང་བྲེ་ཙམ་གཅིག་བརྩིགས་པ་དང་བདུན། དེ་དག་ལས་གང་འདོད་གཅིག་འདེམས་ནས་བསྒྲུབ་དགོས་ཞེས་བཀའ་སྩལ། རྗེའི་བཀའ་ལུང་ཧ་ཅང་ལྗིད་དྲགས་པའི་སྟབས་ཀྱིས་བོད་འབངས་ཀུན་བྲེད་དེ་འདམ་ཁ་གང་ཡང་ཁས་ལེན་མི་ཕོད་པར་ཡོད་པའི་སྐབས་དེར། ཞང་ཉ་བཟང་གིས། རྗེ་རྒྱལ་པོ་ལགས། མཁར་མཐོན་པོ་དེ་ཙམ་བརྩིགས་ཐབས་མེད། ཤེལ་རིན་པོ་ཆེ་དཀོན་པས་སུས་ཀྱང་དེའི་མཆོད་རྟེན་མི་འགྲུབ། ཝ་ལུང་གྲོག་པོ་གསེར་ཕྱེ་ལྟ་ཅི་བྱེ་མས་ཀྱང་ཁེངས་དཀའ། ཧས་པོ་རི་གཏུམ་ཡས་ཀྱི་ཟངས་ཀྱང་མི་འགྲུབ། གཙང་པོ་ནི་དགུན་སྦུབས་སུ་ཆུད་ཀྱང་དབྱར་ཆུས་ཁྱེར། ས་འདོམ་གང་ཙམ་བྲུས་པས་ཆུ་བརྡོལ་བས་བྲུར་མི་གཏུབ། དེ་བས་ལྷ་ཁང་བྲེ་ཙམ་ཞིག་བཞེངས་པ་དེ་འདམ་པ་ལས་འོས་མེད་ཅེས་གསུངས་པར་བོད་འབངས་ཀུན་དེ་ལ་བློ་འཆམ་པར་བྱུང༌། དེ་ལ་བློན་རྟ་ར་ཀླུ་གོང་ཆོས་ལ་གནག་པས། སྦ་ལྕག་ས་ལ་བརྡབས་ཏེ་ལྷ་ཁང་བརྩིགས་པ་དེ་ཆོས་ཡིན་པས་ང་མི་དགའ། ངེད་རང་བོན་བྱ་ཟེར་བཀའ་ལན་སློག་པར། རྗེའི་ཞལ་ནས། ངའི་བཀའ་ཅོག་པ་ཁྱོད་ལ་བཀའ་ཆད་ཆོད་ཅིག་གསུངས། བློན་རྟ་ར་བཟུང་སྟེ། འབངས་སྒབ་མི་གཉིས་ཀྱིས་རྩྭ་ཐག་གིས་བསྡམས་ནས་ཚེར་ལྕག་གཞུས་པས། འབངས་མི་ཀུན་བྲེད་དེ་སུས་ཀྱང་ཅི་ཡང་སྨྲ་མ་ནུས་སོ། །
དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བླ་མཁྱེན་བི་རྗེ་བཙན་པ་ལ་ལྷ་ཁང་བརྩིགས་པའི་གནས་བོད་ཡུལ་གྱི་ས་དཔྱད་གཟིགས་རྒྱུའི་ལས་འགན་གནང༌། བླ་མཁྱེན་བི་རྗེ་བཙན་པ་བསམ་ཡས་མཚོ་མོ་མགུལ་དུ་བྱོན་ནས་ས་དཔྱད་གཟིགས། རྒྱལ་པོ་སྐུ་འཁོར་རྣམས་བསམ་ཡས་བྲག་དམར་འོམ་བུའི་ཚལ་དུ་བྱོན་ནས་བཙན་པོས་གསེར་གྱི་འཇོར་ཁྲུ་གང་བ་ཞིག་གིས་ས་བསྐོས་ནས་བསམ་ཡས་ལྷ་ཁང་བརྩིགས་པའི་ཁང་རྨང་བཏིང༌། ལས་གཞི་འགོ་བཙུགས་པའི་སྐབས་སུ། གནམ་གཤིས་ལ་སོགས་པ་འགལ་རྐྱེན་མང་པོ་ཞིག་དང་འཕྲད་དེ་བརྩིགས་འགྲེལ་བ། ཐོག་རྡིབ་པ་སོགས་ལྷ་ཁང་འགྲུབ་ཐབས་མེད་པའི་སྐབས་སུ། མོ་མ་དང༌། རྩིས་པ། པྲ་པ་རྣམས་ལ་ལུང་བརྟགས་ལུང་ཞུས་པར། རྒྱ་གར་དང༌། ཟ་ཧོར་ཡུལ་ནས་ས་འདུལ་མཁན་པོ་གདན་དྲངས་ན་རྒྱལ་པོའི་ཐུགས་དགོངས་རྫོགས་པར་འོང་ཞེས་ལུང་བསྟན། །
དེ་ནས་རྒྱལ་པོས་སྦ་གསལ་སྣང་ལ་ཟ་ཧོར་གྱི་མཁན་པོ་ཤནྟ་རཀྵི་ཏ་སླར་ཡང་གདན་འདྲེན་དགོས་པའི་བཀའ་ཕེབས། དེ་ནས་སྦ་ཡེ་ཤེས་དབང་ཕྱུག་དང༌། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་བལ་ཡུལ་དུ་ཕྱིན་ཏེ་རྒྱལ་པོའི་བཀའ་འཕྲིན་ཕྱག་རྟེན་དང་བཅས་པ་མཁན་པོའི་ཕྱག་ཏུ་ཕུལ། མཁན་པོ་ཐུགས་རབ་ཏུ་དགྱེས་ཏེ་མྱུར་དུ་ཕོ་ཉ་བ་གཉིས་དང་བསྡོངས་ནས་བོད་དུ་ཕེབས། གསང་ཕུ་རུ་སླེབས་པ་དང་རྒྱལ་པོ་དང་མཇལ་བས་ཟ་ཧོར་མཁན་པོས་ཐོག་མར་རྒྱལ་པོ་ལ་མཇལ་ཕྱག་འཚལ་ནས་བསྟོད་བསྔགས་ཕུལ། ཡོན་མཆོད་རྣམ་གཉིས་ཐུགས་དགོངས་གཅིག་ཏུ་འདྲེས་པར་གྱུར། དེ་ནས་སྤྱི་ལོ་༧༦༡པའི་ལྕགས་གླང་ལོར་ཡོན་མཆོད་རྣམ་གཉིས་བསམ་ཡས་སུ་ཕེབས་ཏེ། གླིང་བཞི་གླིང་ཕྲན་བཅུ་གཉིས། ཡཀྵ་ལྟག་འོག་ཉི་ཟླ་གཉིས་དང་བཅས་པའི་རྣམ་པ་ཅན་གྱི་བསམ་ཡས་གཙུག་ལག་ཁང་གི་བཀོད་པ་གཏིང༌། ཟ་ཧོར་གྱི་མཁན་པོ་བོ་དྷི་ས་ཏྭས་ས་འདུལ་མཛད། རྗེ་ཡི་བསམ་པ་འགྲུབ་པ་དང་སངས་རྒྱས་ཀྱི་བསྟན་པ་དར་བར་ལུང་བསྟན། དེ་ནས་གཙུག་ལག་ཁང་རྩིག་བཞིན་པའི་སྐབས་སུ། གནས་དེར་ཀླུ་གནས་པའི་སེ་ཕུང་ཞིག་ཡོད་པ་དེ་བཅད་པས་བོད་ཀྱི་ལྷ་འདྲེ་རྣམས་མ་དགའ་བར་གྱུར་ཏེ། ལྷ་ཁང་བརྩིགས་པ་ལ་འཐོ་འཚམས་པར་བྱུང༌། ཉིན་མོར་མི་ཡིས་བརྩིགས་པ་རྣམས་མཚན་མོར་ལྷ་འདྲེས་བཤིགས་[②]ཏེ་ས་རྡོ་རྣམས་རང་མལ་དུ་བསྐྱལ་ནས་དེ་འགྲུབ་ཐབས་མེད་པ་ཞིག་ཆགས། དུས་དེར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་པོ་ལ། ད་ལྟ་དང་མ་འོངས་པའི་སེམས་ཅན་རྣམས་ཀྱི་ཚོགས་བསོགས་ཀྱི་རྟེན་དུ་གཙུག་ལག་ཁང་འདི་ངེས་པར་དུ་འགྲུབ་དགོས་པ་འདུག་པས་ཉིད་ཀྱིས་ཐུགས་རྗེ་དང་བྱིན་རླབས་ཞུ། གསུངས་པར། མཁན་པོའི་ཞལ་ནས། བོད་ཀྱི་ལྷ་འདྲེ་རྣམས་ཞི་བས་མི་དུལ་བར་དྲག་པོས་འདུལ་དགོས་པ་འདུག དེས་ན་ད་ལྟ་རྒྱ་གར་རྡོ་རྗེའི་གདན་ན། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཞེས་པ། རིག་པའི་གནས་ལྔ་ལ་མཁས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པ། བདུད་སྡེ་བྲན་དུ་འཁོལ་བ། ལྷ་འདྲེ་འདར་ཞིང་འབྱུང་པོའི་ཚོགས་རྣམས་འདུ་བ་ཞིག་བཞུགས་ཡོད་པ་དེ་གདན་དྲངས་ན་དོན་འདི་འགྲུབ་བོ། ཞེས་གསུངས། །
༤ སློབ་དཔོན་པདྨ་བོད་དུ་དྲངས་པའི་སྐོར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་བོ་དྷི་ས་ཏྭས་ལུང་བསྟན་པ་ལྟར། སྦ་ཁྲི་གཞེར་དང༌། སྣ་སྣམ་རྡོ་རྗེ་བདུད་འདུལ། མཆིམས་ཤཱཀྱ་པྲ་བྷ། ཤུད་པུ་དཔལ་སེང་དང་ནང་འཁོར་གྱི་བློན་པོ་བཞི་རྒྱ་གར་དུ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་དུ་བརྫངས། རྒྱ་གར་རྒྱལ་པོ་ཉི་མ་སེང་གེ་ལ་གསེར་གྱི་པ་ཏྲ་དང༌། རྒྱལ་པོའི་བཀའ་འཕྲིན་རྣམས་ཕྱག་ཏུ་ཕུལ་ཏེ་ཨོ་རྒྱན་གྱི་སློབ་དཔོན་བོད་དུ་གཏང་རྒྱུའི་རེ་ཞུས་ཕུལ། གསེར་བྲེ་གང་སློབ་དཔོན་པདྨ་འབྱུང་གནས་ལ་ཕུལ་ཏེ་གདན་འདྲེན་པར་ཞུས། དེ་ནས་རྒྱ་གར་རྒྱལ་པོའི་བཀའ་ཁྲོལ་ཞིང༌། སློབ་དཔོན་ཡང་བོད་དུ་འབྱོན་པར་ཞལ་གྱིས་བཞེས་ཏེ་ཁོང་རྣམས་བལ་ཡུལ་དུ་འབྱོར། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བལ་ཡུལ་དུ་འགྲོ་དོན་གལ་ཆེན་འགའ་ཞིག་གི་དོན་དུ་ཟླ་བ་གསུམ་ཙམ་འགོར། བློན་པོ་རྣམས་སྔོན་དུ་བོད་ལ་བཏང༌། དེ་ནས་ཆུ་ཡོས་དབྱར་ཟླ་ར་བའི་ཚེས་གཅིག་ཉིན་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་ལམ་དུ་ཞུགས་ནས་བོད་དུ་འབྱོན་པར་ཆས་པའི་ཚེ། རྒྱ་བལ་གྱི་རྩི་ཤིང་གི་རྩེ་མོ་རྣམས་བོད་དུ་བསྟན། མེ་ཏོག་རྣམས་ཁ་བོད་དུ་བསྟན་ནས་བྱེ། རྒྱ་བལ་གྱི་མཁས་པ་རྣམས་རྨི་ལྟས་ལོག་སྟེ་བོད་དུ་ཉི་ཟླ་གཉིས་དུས་གཅིག་ཏུ་ཤར་ཡོད་པ་དང༌། རྒྱ་གར་གྱི་ཆོས་ཐམས་ཅད་བོད་དུ་སོང་བ་དང༌། མཐའ་འཁོབ་ཀྱི་ཡུལ་དུ་གཙུག་ལག་ཁང་གིས་ཁེངས་པ་སོགས་རྨི་ལྟས་མི་འདྲ་བ་མང་དུ་བྱུང༌། བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་ཁར་བོད་ཀྱི་རྒྱལ་པོས་ཡང་བསྐྱར་དུ་བཏང་པའི་གདན་ཞུས་པ་ནམ་མཁའི་སྙིང་པོ་གཙོས་པའི་མི་བདུན་དང་མཇལ། གདན་ཞུས་པ་རྣམས་སྔོན་དུ་བསམ་ཡས་སུ་བཏང༌། གུ་རུ་ཉིད་མང་ཡུལ་གུང་ཐང་དུ་ཕེབས་ནས་ཟླ་བ་གསུམ་ཙམ་བཞུགས། དེ་ནས་རྒྱལ་པོ་སླར་ཡང་སྐ་བ་དཔལ་བརྩེགས་དང༌། རྡོ་རྗེ་བདུད་འཇོམས། ཅོག་རོ་ཀླུ་ཡི་རྒྱལ་མཚན་གསུམ་ལ་གསེར་གྱི་འབུལ་བ་དང་བཅས་ཏེ་གདན་འདྲེན་མང་ཡུལ་དུ་བཏང༌། དེ་ནས་ཁོང་རྣམས་ལྷན་ཏུ་མང་ཡུལ་ནས་ཐོན་ཏེ་དབུས་ཕྱོགས་སུ་ཕེབས་པའི་ལམ་བར་དུ་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་རིམ་བཞིན་བཀའ་འོག་ཏུ་བསྡུས་ཏེ་དམ་ལ་བཏགས་ཤིང་ཕེབས། དེ་ནས་སློབ་དཔོན་ལྷ་སར་འབྱོར་ཉེ་བ་དང༌། ལྷ་བཟང་ཀླུ་དཔལ་སྐུ་འཁོར་དང་བཅས་པ་རྒྱལ་པོའི་སྐུ་ཚབ་དུ་བསུ་བར་བཏང༌། སྟོད་ལུང་གཞོང་པ་མདའ་རུ་ཕན་ཚུན་མཇལ་འཕྲད་བྱུང་ཞིང༌། དེར་ཁོ་ཚོས་ངལ་གསོ་གནང་ཞིང་གསོལ་ཇ་བསྐོལ་གྲབས་མཛད་ཚེ་ཇ་ཆུ་མ་རྙེད་པར། སློབ་དཔོན་གྱིས་སྟོད་ལུང་དོང་པའི་གདོང་ལ་ཕྱག་མཁར་བཙུགས་པས་ཆུ་འབབ་པ་དང༌། ལྷ་བཟང་ཀླུ་དཔལ་ལ་ཆུ་ཐོན་བྱུང་གཞོང་པ་བཟེད་ཅིག་གསུངས་པར་ཡུལ་དེའི་མིང་ལ་གཞོང་པ་ལྷ་ཆུ་ཞེས་ཐོགས་པའི་བཤད་སྲོལ་བྱུང༌། དེ་ནས་ཟུང་མཁར་ལོ་ཧི་ཏ་འགྲམ་ཚལ་དུ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གོས་དཀར་གྱོན་པའི་ཕོ་སྐྱེས་རྣམས་ཀྱིས་བསྐོར་ནས་ཕུག་རོན་ཁྱུ་བཞིན་དཀར་ཁྲིགས་ཁྲིགས་སུ་ཕེབས་པ་དང༌། བཙུན་མོ་གཉིས་ལ་མོ་སྐྱེས་ཡོངས་ཀྱིས་བསྐོར་ནས་ཟ་འོག་གུར་བཞིན་དུ་ཁྲ་ཤིགས་སེར་བསུ་བར་ཕེབས། སྐབས་དེར་སློབ་དཔོན་ཆེན་པོའི་དགོངས་པ་ལ། ང་ནི་རྫུས་སྐྱེས་ཡིན་པ་དང༌། ཆོས་ཀྱི་རྒྱལ་པོའི་སྲས་ཡིན་པ་དང༌། ང་བོད་ཀྱི་རྒྱལ་པོས་གདན་འདྲེན་ཞུས་པ་ཡིན་པ་དང༌། རིག་པའི་གནས་ལྔ་ལ་མཁས་པ་ཡིན་པ་བཅས་ཀྱིས་ཐོག་མར་རྒྱལ་པོས་ང་ལ་ཕྱག་བྱ་འོས་སྙམ་ནས་རྒྱལ་པོ་ལ་ཕྱག་མ་འཚལ། བོད་ཀྱི་རྒྱལ་པོས་དགོངས་པ་ལ། ང་ནི་བོད་མགོ་ནག་ཡོངས་ཀྱི་རྗེ་བོ་ཡིན་པ་མ་ཟད། མཁན་པོ་བོ་བྷི་ས་ཏྭས་ཀྱང་སྔོན་ནས་ང་ལ་ཕྱག་འཚལ་བ་ཡིན་སྟབས། ཐོག་མར་སློབ་དཔོན་གྱིས་ང་ལ་ཕྱག་འཚལ་རྒྱུས་རེད་སྙམ་ནས་ཕྱག་མ་འཚལ་པར་ཕན་ཚུན་རེ་ཞིག་ལུས། དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ང་ཆེ་དང༌། ང་བཙན་གྱི་མགུར་གསུངས་ནས་ཕྱག་སོར་ནས་རྫུའཕྲུལ་གྱི་མེ་སྦར་བས་རྒྱལ་བློན་ཀུན་གྱིས་སློབ་དཔོན་ལ་ཕྱག་འཚལ། ཞེས་པ་འདི་ནི་ལོ་རྒྱུས་ཡིག་ཚང་དག་ལས་འཁོད་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་མཁན་པོ་བོ་དྷི་སྭ་ཏོ་ཐེངས་གཉིས་དང་། སློབ་དཔོན་པདྨ་འབྱུང་གནས་ཐེངས་གཅིག་བོད་དུ་གདན་དྲངས་ཏེ་རྒྱ་གར་དང་བོད་ཀྱི་རིག་གནས་འབྲེལ་བ་བྱུང་བའི་སྐོར་གནད་བསྡུས་པ་ཞིག་ཡིན། །