མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ།
སྤྱི་ཟླ་12པའི་ཚེས་20ཉིན། ཨོ་མོན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་15ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་བཞི་བའི་སྲིད་གཞུང་གི་ལས་འཁུར་མཛད་སྒོ་ཨོ་མོན་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ།
ཞི་ཅིན་ཕིང་གིས་གསུངས་རྒྱུར། ཨོ་མོན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་བཅོ་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ལ་གྲུབ་འབྲས་གཡུར་ཟ་ཐོབ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཨོ་མོན་པས་ཨོ་མོན་སྐྱོང་བ། ཚད་མཐོན་པོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨོ་མོན་སྤྱི་ཚོགས་སུ་ཡོངས་ཁྱབ་ཏུ་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། བཅའ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྒྲིག་ལམ་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱས། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་དོ་དམ་བྱེད་པའི་དབང་ཆ་ནུས་ཡོད་སྒོས་ལག་བསྟར་བྱས་པ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཚད་མཐོན་པོའི་རང་སྐྱོང་དབང་ཆར་ཁག་ཐེག་གང་ལེགས་བྱས། དེ་དང་མཉམ་དུ་ཨོ་མོན་དང་མེས་རྒྱལ་གྱི་ནང་ལོག་བར་གྱི་བརྗེ་རེས་དང་མཉམ་ལས་སྔར་ལས་ཇེ་དམ་དུ་སོང་སྟེ། རྒྱལ་ཁབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་ཐུན་མོང་མ་ཡིན་པའི་བྱས་རྗེས་བཞག་ཡོད་ཅེས་གསུངས། །