འུ་ལག་རི་བོ་འགྱེང་ངེར་ལངས་ནས་གནམ་གྱི་ཀ་བ་ལྟ་བུར་གྱུར་ཏེ་ཁམས་པ་དང་ནང་ལོགས་ས་ཁུལ་གྱི་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་པ་རེད།
གཅིག་བྱས་ན་རི་བོ་དེའི་ཆགས་ཚུལ་གྱེན་ཐུར་གཟར་པོ་ཡིན་པས་འགྲོ་འོང་བྱེད་དཀའ་བའི་རྐྱེན་གྱིས་ཡིན་རྒྱུ་རེད་པ། ལོ་དུ་མའི་རིང་ལ་ཁམས་པའི་བུ་དང་བུ་མོ་ཚོས་ནུབ་རྒྱུད་བསྐོར་ཏེ་ལམ་ཆེན་དེད་ནས་ཏ་ཤང་གླིང་རི་བོ་དང་འཕུར་མཆོང་གླིང་རི་བོ་སྟེ་རི་བོ་མཐོན་པོ་གཉིས་དེ་བརྒལ་ནས་འགྲོ་རྒྱུར་དགའ་བ་ལས། ཐག་ཉེ་སར་ཡོད་པའི་འུ་ལག་རི་བོ་བརྒལ་ནས་འགྲོ་མཁན་མེད་པ་རེད།
དངོས་གནས་བཤད་ན། འུ་ལག་རི་བོ་ལ་ལམ་མེད་པ་མ་རེད། ལམ་དེ་ནི་དོ་པོ་དབོར་མཁན་ཚོས་རྐང་ལག་ཤ་མཁྲེགས་ཀྱིས་དོད་ནས་ཆགས་པའི་མཇུག་འབྲས་ཡིན་ལ། རྟ་དྲེལ་གྱི་རྨིག་པས་བརྫིས་པའི་ལམ་འཕྲང་ཡང་ཡིན་པ་རེད། ལམ་འདི་ནི་གཡང་གཟར་དུ་བརྒྱུད་ཡོད་པར་བརྟེན།དཔོན་ཕྱོགས་ཡིན་ནའང་འདྲ། དམངས་ཁྲོད་ཡིན་ནའང་ཐང་། ཉེན་ཁ་ཆེ་བའི་འགྲོ་ས་ཞིག་ཏུ་བརྩིས་ནས་འུ་ཐུག་ཐབས་ཟད་མ་བྱུང་ན་ཉེན་མཆོང་བྱེད་མཁན་ཧ་ལམ་ཡོད་ལེ་མ་རེད།
མཐོན་པོ་ནམ་མཁའི་ཀ་བ་ལྟར་ཆགས་པའི་ས་སྟོང་མུག་རིའི་འུ་ལག་རི་བོའི་དཀའ་ཚེགས་ནི་སྔོན་བྱོན་མི་སྣ་ཚོའི་ཞབས་རྗེས་ནས་ཤུགས་བསྟན་དུ་ཤེས་ཐུབ་པ་ཞིག་རེད། འོན་ཀྱང་འགག་གནས་སུ་ཆགས་པའི་འུ་ལག་རི་བོ་ནི་ཆེས་གལ་ཆེན་པོ་ཞིག་ཡིན་ཞིང་། གལ་ཆེན་ཚུལ་ནི་རྒྱལ་ཁབ་གཅིག་གྱུར་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས། མི་རིགས་བར་འབྲེལ་འདྲིས་བྱེད་སའི་གང་འཚམ་ཐོག་སླེབས་ཡོད་པ་རེད། ནམ་མཁའ་དབྱིངས་སུ་རེག་པའི་འུ་ལག་རི་བོ་ཡིས་ཁམས་པའི་བུ་དང་བུ་མོ་འགེབས་སྲུང་བྱས་པ་ཆབས་ཅིག ཁམས་པའི་དར་རྒྱས་ལ་འགོག་རྐྱེན་ཆེན་པོ་བཟོས་པར་བརྟེན། འུ་ལག་རི་བོའི་གཡང་གཟར་ལམ་འཕྲང་བདེ་བགྲོད་ཐུབ་པ་བྱ་རྒྱུ་ནི་ཁམས་པའི་བུ་དང་བུ་མོ་ཚོས་ཉིན་མཚན་ཀུན་ཏུ་རེ་སྒུག་བྱ་ཡུལ་ཡིན་ལ། ཕྱི་ཕྱོགས་ནས་འོང་མཁན་ཚོས་བརྩོན་ལེན་ཡང་ཡང་བྱ་ཡུལ་ཡང་ཡིན་པ་རེད།
འབུམ་ཤོག་བཅོ་བརྒྱད་པས་འུ་ལག་རི་བོར་གཞུང་ལམ་བསྐྲུན།
འུ་ལག་རི་བོའི་གཞུང་ལམ་སྐོར་བཤད་སྐབས་འབུམ་ཤོག་བཅོ་བརྒྱད་པའི་ཁྲི་ཤོག54པ་དང་མདའ་ཤོག162པའི་གཏམ་རྒྱུད་མི་བཤད་ཐབས་མེད་རེད།
ཐབས་མཁས་ཇུས་མཆོག་ལྡན་པའི་མའོ་ཙེ་ཏུང་སྐུ་དངོས་མས་འུ་ལག་རི་བོ་བརྒལ་མྱོང་མེད་མོད། རྒྱང་སྐྱོད་ལམ་བར་ཟུར་ནས་བརྒྱུད་མྱོང་བའི་རི་བོ་འདི་བརྗེད་མེད་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག ཉམས་པ་ཐམས་ཅད་སོར་དུ་ཆུད་རྒྱུར་ལུས་ཡོད་ནའང་མའོ་ཙེ་ཏུང་གིས་བློ་ཐག་ཆོད་པོས་བོད་ལ་དཔུང་འཇུག་བྱ་རྒྱུའི་བཀའ་ཕབས་པས་མ་ཚད། ལས་འགན་ལྗིད་པོ་འདི་མའོ་ཙེ་ཏུང་ཁོང་རང་དང་མཉམ་དུ་ཅིང་ཀང་རི་བོ་ནས་འོངས་པའི་གཅེས་སྐྱོང་དམག་དཔོན་ལ་སྤྲད་པ་རེད།དུས་དེ་ནས་བཟུང་དམག་དཔོན་ཀྲང་གོ་ཧྭ་ཡིས་འབུམ་ཤོག་བཅོ་བརྒྱད་པ་ཁྲིད་ནས་འུ་ལག་རི་བོ་དང་མཚོ་བོད་མཐོ་སྒང་ལ་ལས་འབྲེལ་གྱི་མདུད་པ་དམ་དུ་བཅིངས། ཕྱོགས་གཅིག་ནས་དཔུང་འཇུག་བྱས་པ་དང་ཕྱོགས་གཅིག་ནས་གཞུང་ལམ་བསྐྲུན་རྒྱུའི་བླང་བྱ་ལྟར།
1950ལོའི་སྤྱི་ཟླ4པར་གཞུང་ལམ་སྐྲུན་མགོ་བཙུགས་ནས1954ལོའི་སྤྱི་ཟླ12པར་སླེབས་སྐབས་གཞུང་ལམ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་ཡོད། དུས་ཡུན་ལོ་བཞི་ལྷག་གི་ནང་བཅིངས་འགྲོལ་དམག་གིས་སྡུག་རུས་ཚད་མེད་བརྒྱབ་ནས་སྲིད་པའི་གངས་འཁྱག་ཁེངས་པའི་རི་བོ14བརྒྱུད་ནས་འཛམ་གླིང་ཐོག་མཚོ་འཕགས་ཆེས་མཐོ་བའི“གནམ་ལམ”བསྐྲུན་པ་རེད། དཔོན་དམག་སྟོང་ཕྲག་ཁ་ཤས་ཀྱིས་རིན་ཆེན་ཚེ་སྲོག་ཕུལ་ནས་དེར་སྐུ་གཤེགས་ཤིང་། དཔྱད་གཞིའི་ཡིག་རིགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྲོན་བོད་གཞུང་ལམ་ཐོག་ཆ་སྙོམས་སྤྱི་ལེ་གཉིས་རེའི་ནང་དམག་མི་གཅིག་སྐུ་གཤེགས་པ་རེད། འབུམ་ཤོག་བཅོ་བརྒྱད་པའི་ཁོངས་གཏོགས་ཀྱི་ཁྲི་ཤོག54པའི་མདའ་ཤོག162པ་སོགས་ཀྱི་སྡེ་ཚན་གྱིས་འུ་ལག་རི་བོར་གཞུང་ལམ་བསྐྲུན་པའི་སྐབས་སུ་ཚེ་སྲོག་ཤོར་ཚད་དེ་བས་མང་བ་དང་ཆ་སྙོམས་སྤྱི་ལེ་རེའི་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་མི་བདུན་ལ་ཟིན་པ་རེད།
2017ལོར་སྨྱུག་འཛིན་པས་འུ་ལག་རི་བོའི་རི་འདབས་སུ་དེའི་སྐབས་ཀྱི་མདའ་ཤོག162པའི་སྡོད་གནས་ཏ་ལུའོ་ཕིང་གྲོང་སྡེའི་ནང་ཡུལ་དངོས་སུ་བཅར་འདྲི་བྱས་པའི་གོ་སྐབས་ཤིག་རྙེད་པ་ཡིན། ཁང་པའི་དོ་བདག་གིས་ང་ཚོ་ཡོང་རྐྱེན་ཤེས་རྗེས་མ་སྐུལ་དང་བླངས་ཀྱིས་དེའི་མཐའ་སྐོར་གྱི་ཁང་པ་དང་ར་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་ངོ་སྤྲོད་བྱས་བྱུང་། དུས་ཚོད་ཀྱི་ཆུ་རྒྱུན་ལོ་རབས་ཕྱེད་ཙམ་འདས་ནའང་ལོ་ན85ལ་སོན་པའི་དབྱང་ཁྲང་དབྱིན་གྱིས་དེའི་སྐབས་སུ་ལམ་སྐྲུན་དམག་མི་ཚོའི་གཏམ་རྒྱུད་ནི་སེམས་སུ་ད་དུང་གསལ་ལྷང་ལྷང་ཡོད་པ་རེད། སྙན་པའི་གདངས་དང་བརྩེ་བའི་སེམས་ཀྱིས་ཕྱུག་པའི་གཏམ་རྒྱུད་ལ་ཉན་འཇོག་བྱེད་དུས་དེའི་སྐབས་སུ་གཞུང་ལམ་བསྐྲུན་པའི་རྣམ་པ་སླར་ཡང་མིག་ལམ་དུ་མངོན་པའི་རིགས་སུ་མཐུན། ཁ་བས་གཡོག་པའི་རི་ཀླུང་ཁྲོད་དཀའ་ཉེན་ལ་མི་སྐྲག་པའི་བཅིངས་འགྲོལ་དམག་མི་ཚོས་སྐེད་པར་ཐག་པ་བཅིངས་ནས་བར་སྣང་དུ་འཕུར་འཁྱོམ་བྱས་ཤིང་། བྲག་རི་གཟར་པོར་འཇོར་དང་ཐོ་བ་འཕྱར་ཞིང་རྫས་ཁུང་འབིགས་པའི་ལག་རྩལ་རྩེ་གྲ་ཅན་བཏོད་པ་འདི་ནི་ས་གནས་དེ་གའི་མི་ཚོས་སྔར་མཐོང་ཐོས་བྱུང་མ་མྱོང་ལ། ཆེད་རམས་པ་ཚོས་ཧ་ལས་པའི་གནས་སུའང་གྱུར་པ་རེད།
འུ་ལག་རི་བོར་སླེབས་མ་མྱོང་བའི་མི་ཞིག་ལ་ཆ་བཞག་ནས་བཤད་ན། འུ་ལག་རི་བོའི་བརྗིད་ཆགས་ཉམས་སུ་མྱོང་ཐུབ་ཀྱིན་མ་རེད། འུ་ལག་རི་བོར་འགྲེ་ལོག་གོག་བགྲོད་བྱས་མྱོང་མེད་ན་འུ་ལག་རི་བོའི་རྫིག་ཉམས་ཀྱི་ཉམས་དྲོད་འཛིན་ཐབས་བྲལ་བ་ནི་སྨོས་མེད་རེད། གཡང་གཟར་བྲག་རི་ཡིས་ཁེབས་ཤིང་གནམ་གཤིས་སྡུག་ཅིང་འགྱུར་ལྡོག་ཆེ་བ། བྲག་རྡོ་ཧྲུག་ཆག་ཐེབས་ནས་ལྷུང་ཉེན་ཡོད་པ། ས་གཤིས་རྙོག་འཛིང་ཆེ་བ་ནི་འུ་ལག་རི་བོ་གྲུབ་ཚུལ་གྱི་རྣམ་པ་རེད། ས་གནས་འདི་འདྲ་ཞིག་ཏུ་གཞུང་ལམ་བསྐྲུན་པ་ནི་གཤིན་རྗེ་དང་རང་ཤུགས་འགྲན་པ་ནི་གདོན་མི་ཟ་བ་ཞིག་རེད།འགག་སྨད་རྫོང་ལམ་གཉིས་མདོའི་གྲོང་སྡེའི་ཟུར་གྱི་ནགས་ཁྲོད་དུ་དུར་ས་བཅུ་ལྷག་ད་ལྟའང་བཞག་ནས་ཡོད་པ་རེད། དངོས་གནས་བཤད་ན།དེའི་སྐབས་སུ་འུ་ལག་རི་བོར་གཞུང་ལམ་བསྐྲུན་ཆེད་ལྔ་ལམ་དུ་གྱུར་པའི་སྔོན་གཤེགས་དཔའ་བོ་དེ་ཙམ་ག་ན་ཚད་རྒྱུ་རེད། དཔྱད་གཞིའི་ཡིག་རིགས་སུ་ཟིན་ཐོ་བཀོད་པ་ལྟར་ན། ལོ་དེ་གར་ཁྲོན་བོད་གཞུང་ལམ་བསྐྲུན་པའི་སྐབས་སུ་མི་གྲངས་ཁྲི11ཙམ་དེའི་ནང་ཞུགས་ཡོད་ཅིང་། ལྔ་ལམ་དུ་གྱུར་པའི་སྔོན་གཤེགས་དཔའ་བོ་སུམ་སྟོང་ཙམ་ཡོད་པའི་ནང་འུ་ལག་རི་བོ་རྐྱང་པར་མི་བརྒྱ་ཕྲག་ཁ་ཤས་ལྔ་ལམ་དུ་གྱུར་པ་རེད། དོན་སྙིང་འདིའི་ཐོག་ནས་བཤད་ན། གཞུང་ལམ་འདི་ནི་ཤ་ཁྲག་ཕུང་པོ་ཡིས་བསྐྲུན་པའི་གནམ་ལམ་ཞིག་ཡིན་ལ། དད་མོས་དང་ངར་ཤུགས་ཀྱིས་བསྐྲུན་པའི་གནམ་ལམ་ཞིག་ཀྱང་ཡིན་པ་རེད།
འུ་ལག་རི་བོའི་རང་གྲུབ་འགག་བཙན།
སྤྱི་ཚོགས་རྙིང་པའི་སྐབས་སུ་འུ་ལག་རི་བོ་བརྒལ་དུས་འགག་སྨད་ལམ་གཉིས་མདོ་ནས་མགོ་བཙུགས་ཏེ་མཚོ་འཕགས་སྨི3000ཙམ་ཡོད་པའི་འུ་ལག་རི་བོའི་ལ་ཉག་བརྒྱུད་དེ་ལྕགས་ཟམ་ཁའི་རི་མཇུག་བར་དུ་སྤྱི་ལེ100ལྷག་ཡོད་པ་རེད།
དུས་རབས་ཉི་ཤུ་པའི་ལོ་རབས་བདུན་བཅུ་གྱ་བཅུ་པའི་སྐབས་སུ། མི་ཚོས་འུ་ལག་རི་བོ་བརྒལ་དུས་སྲོག་འབེན་ལ་བཞག་ནས་ཉེན་མཆོང་བྱེད་པ་རེད་ཟེར་ནའང་སྒྲོག་བཏགས་ཡིན་རྒྱུ་མ་རེད། ཅི་ཕྱིར་ན།གཞུང་ལམ་དེའི་བརྒྱུད་ཡུལ་དུ་ལམ་ཀྱོག་མང་ལ་གྱེན་གཟར་ལམ་ངན། ལམ་ངོས་དོག་པས་མ་ཚད། ད་དུང་ལ་དུག་ཕོག་ཉེན་ཆེ་བའི་ཐོག་ལ་འདམ་རྫབ་རློན་འདྲེད་ཀྱི་རང་བཞིན་ཅན་གྱི་གཞུང་ལམ་ཡིན་པས་རེད།
འུ་ལག་རི་བོའི་གནམ་གཤིས་སྡུག་ཅིང་འགྱུར་ལྡོག་ཆེ་བས་མིང་ངན་ཡོངས་སུ་གྲགས་པ་དང་འུ་ལག་རི་བོའི་གཞུང་ལམ་བརྒྱུད་ཡུལ་དུ་སྔར་ནས་བཟུང་རི་ལྡེབས་ཀྱི་ས་གནོད་འཚེ་མང་བས་མིང་གྲགས་ཡོངས་སུ་ཁྱབ་པ་རེད། དབྱར་དུས་སུ་དྲག་ཆར་གྱིས་མནར་གཅོད་གང་སྡུག་གཏོང་བའི་ཐོག་ས་རྡོ་བཤུད་པ་དང་རི་རྡིབས་པ།འདམ་རྡོ་ཆུ་རུད་ཤར་བའི་རྣམ་པ་ནི་རྒྱུན་མི་ཆད་པ་རེད། དགུན་དུས་སུ་ཁ་བ་རི་ཀླུང་ཡོངས་སུ་ཁེབས་ནས་ལམ་ངོས་སུ་འཁྱགས་རོམ་ཆགས་པར་བརྟེན། ཏིལ་འབྲུ་ཙམ་གཟབ་ནན་མ་བྱེད་ན་རླངས་འཁོར་བརླག་ཅིང་མི་འཆི་ལམ་དུ་བསྐྱལ་བ། ཤི་ན་རོ་བདག་མི་ལོན་པའི་གནས་སུ་ལྷུང་ཉེན་ཡོད་པ་རེད།
གཡང་གཟར་བདེ་བགྲོད་ལམ་དུ་གྱུར།
བཅོས་བསྒྱུུར་སྒོ་འབྱེད་དང་ནུབ་རྒྱུད་གསར་སྤེལ་ཆེན་པོར་བྱས་པར་བརྟེན། རྒྱལ་སྲུང་གཞུང་ལམ318པའི་ཁྲོན་བོད་གཞུང་ལམ་ལ་སྔོན་རྗེས་སུ་རིམ་སྤར་ཐེངས་བཞི་བྱས་ཡོད་པ་རེད། རིམ་སྤར་བྱེད་སྟངས་མི་འདྲ་ས་ནི་ཁྲོན་བོད་གཞུང་ལམ་གྱི་ལམ་དུམ་མང་ཆེ་བ་ལེགས་སྒྱུར་བྱེད་མཁན་ནི་ས་གནས་ཀྱི་ཨར་ལས་རུ་ཁག་ཡིན་ཞིང་། འུ་ལག་རི་བོའི་གཞུང་ལམ་དུམ་བུ་རིམ་སྤར་བྱ་རྒྱུ་འདི་ནི་དམག་དཔུང་དང་ཀྲུང་དབྱང་ཁེ་ལས་ཀྱིས་ལག་ལེན་བྱས་པ་རེད། འདི་འདྲ་བྱས་པའི་རྒྱུ་རྐྱེན་ཅི་ཡིན་པའི་སྐོར་འུ་ལག་རི་བོའི་ཐོག་དུས་ཡུན་རིང་པོར་ལས་ཀ་བསྒྲུབས་མྱོང་མཁན་གྱི་ལམ་སྐྱོང་པ་ཚོར་ཆེས་སྐད་ཆ་བཤད་དབང་ཡོད་པ་རེད། “འུ་ལག་རི་བོའི་ས་གཤིས་ཆགས་ཚུལ་རྙོག་དྲ་ཆེ་ལ་ཨར་ལས་ཀྱི་ཆ་རྐྱེན་དཀའ་ཚེགས་ཆེ་བ། ཁོར་ཡུག་ཞན་པ་དང་ལྷག་པར་དུ་ཕུག་ལམ་རིང་ཤོས་རྒྱག་དགོས་པར་བརྟེན། ས་གནས་ཀྱི་ཨར་ལས་རུ་ཁག་གིས་ཨར་ལས་འདི་སྐྲུན་ག་ན་ཐུབ་རྒྱུ་རེད། ”
ལོ་རྒྱུས་ཀྱིས་འགག་གནད་ཀྱི་དུས་ཚོད་མཚམས་ཐིག་བཀོད་ཡོད་པ་སྟེ། 1999ལོ་སྤྱི་ཟླ12པར་དྲག་ཆས་ཉེན་རྟོག་དམག་དཔུང་འགྲིམ་འགྲུལ་རུ་ཁག་གིས་ཀྲུང་གོའི་ལྕགས་ལམ་སྤྱི་གཉེར་ཁང་དང་མཉམ་འབྲེལ་བྱས་འོག ལོ་ཁ་ཤས་རིང་ལ་འབད་བརྩོན་ལྷོད་མེད་བྱས་མཐར། མ་དངུལ་སྒོར་དུང་ཕྱུར4.7བཏང་ནས་འགག་སྨད་སྤང་རྒྱན་ཆུ་མིག་ནས་མགོ་བཙུགས་ཏེ་ལྕགས་ཟམ་ཁའི་པད་ཐོག་བར་རིང་ཚད་བསྡོམས་འབོར་སྨི8000ཡོད་པ་དང་རིང་ཚད་གཙོ་བོ་སྨི4176ཡོད་པའི་རྒྱལ་སྲུང་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ་གྱི་ཨར་ལས་མཇུག་བསྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ཕུག་ལམ་གྱིས་རི་བརྒལ་སའི་ལ་ཉག་ཟུར་དུ་དོར་ནས་ལམ་ཐག་སྤྱི་ལེ25ཇེ་ཐུང་བཏང་སྟེ་དུས་ཚོད་བསྲི་ཚགས་བྱས་ལ། རླངས་འཁོར་གཏོང་བའི་ཉེན་ཁ་ཆེས་ཆེར་ཆུང་དུ་བཏང་བ་རེད། རླངས་འཁོར་བཏང་ནས་རི་བརྒལ་དུས་སྔོན་ཆད་མ་མཐའ་ཡང་ཉིན་གཅིག་འགོར་བ་དེ་དུས་དེ་ནས་བཟུང་ཆུ་ཚོད་གཅིག་ལས་མི་འགོར་བ་རེད།
2017ལོའི་སྤྱི་ཟླ12པའི་ཚེས31ཉིན་གྱི་ཆུ་ཚོད8པའི་ཐོག ལོ་རྒྱུས་ཀྱིས་སླར་ཡང་འོད་སྟོང་འབར་བའི་ཟིན་ཐོ་ཞིག་བཀོད་པ་རེད།
འུ་ལག་རི་བོར་མགྱོགས་འགྲོ་གཞུང་ལམ་གྱི་ཕུག་ལམ་གསར་པ་བསྐྲུན་ནས་སི་ཁྲོན་ལ་ནང་ལོགས་ས་ཁུལ་ནས་མཐོ་སྒང་དུ་འགྲོ་སའི་མགྱོགས་འགྲོ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།
ཕུག་ལམ་གསར་པ་འདི་ཁྲོན་བོད་གཞུང་ལམ་གྱི་ཕུག་ལམ་རྙིང་པའི་མཐོ་ཚད་ལས་སྨི700དམའ་རུ་བཅུག་ནས་གངས་འཁྱག་མཚམས་ཐིག་ལས་རྦད་དེ་གཡོལ་ཟུར་བྱས་མཐར། འགྲོ་འོང་སྟབས་བདེ་ཞིང་ལས་ཆོད་མཐོ་བའི་རྣམ་པ་མངོན་འགྱུར་བྱུང་། རིང་ཚད་བསྡོམས་འབོར་སྨི13000ཡོད་པའི་ཕུག་ལམ་གསར་པ་འདི་ས་ཡོམ་གས་ཆག་ས་རྒྱུད་བཅུ་གསུམ་བརྒྱུད་ནས་སྐར་མ་བཅོ་ལྔ་ལས་མི་འགོར་ནས་རི་ཆེན་བརྒལ་ཐུབ་པར་བརྟེན། སྔོན་ཆད་འུ་ལག་རི་བོ་བརྒལ་དུས་མ་མཐའ་ཡང་ཉིན་གཅིག་འགོར་ཞིང་ཉེན་ཁ་ཆེ་བ་འདི་དེང་སང་དུས་ཚོད་སྐར་མ་བཅོ་ལྔ་ལས་མི་འགོར་བའི་བདེ་བགྲོད་གཞུང་ལམ་དུ་གྱུར་པ་རེད།
ལོ་རབས་ཕྱེད་ཙམ་གྱི་དུས་ཚོད་ནང་འུ་ལག་རི་བོའི་གཞུང་ལམ་འདི་ལ་ཉག་བརྒལ་དགོས་པའི་རྣམ་པ་ནས་ཕུག་ལམ་བརྒྱུད་པའི་འཕེལ་རིམ་བྱུང་། འདམ་རྫབ་རྡོ་ཧྲུག་ལམ་ངོས་ནས་ཨར་འདམ་གཞུང་ལམ། དེ་ནས་འགྱིག་སྣུམ་གཞུང་ལམ་དུ་འཕེལ་འགྱུར་བྱུང་། གཞུང་ལམ་གཅིག་རྐྱང་ནས་གཞུང་ལམ་གཉིས་གཤིབས་སུ་ལེགས་གྱུར་བྱུང་ནས་ངོ་བོའི་ཐོག་མཐོར་འདེགས་བྱུང་བར་མ་ཟད། གྲངས་ཚད་ཐོག་འཕུར་མཆོང་ལྟ་བུའི་འགྱུར་ལྡོག་བྱུང་བར་བརྟེན། ཀྲུང་གོ་གསར་པས་གཡང་གཟར་དུ་གཞུང་ལམ་ཤར་གཏོང་ཐུབ་པར་བྱེད། བཅོས་བསྒྱུར་སྒོ་འབྱེད་ཀྱིས“གནམ་སྐས”བདེ་བགྲོད་ལམ་དུ་བསྒྱུར། དུས་རབས་གསར་པས་ཚང་ཚིང་གིས་ཁེབས་པའི་འུ་ལག་རི་བོའི“གནམ་ལམ”རྒོད་པོས་ནམ་འཕང་གཅོད་པ་བཞིན་གོང་ནས་གོང་དུ་འཕེལ་དུ་བཅུག་དང་འཇུག་བཞིན་ཡོད་པ་རེད།།