འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ཐད་རྟོག་ཞིབ་གནང་ཡོད་པ་རེད། ཞི་ཅིན་ཕིང་སྔ་ཕྱིར་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཁུལ་དུ་གནས་པའི་རྒྱལ་སའི་ལུས་རྩལ་ཁང་དང་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཁུལ་དུ་གནས་པའི་རྒྱལ་ཁབ་རི་མཐོའི་མགྱོགས་སྟབས་གངས་ཤུད་ལྟེ་གནས་དང་། རྒྱལ་ཁབ་གངས་འཁོར་གངས་གྲུའི་ལྟེ་གནས་སུ་ཕེབས་ནས་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད་ཅིང་། ལུས་རྩལ་ཐང་དང་ལུས་རྩལ་ཁང་གི་འཛུགས་སྐྲུན་དང་ལུས་རྩལ་པའི་འགྲན་ཞུགས་གྲ་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ལུས་རྩལ་པ་དང་རྩལ་སློབ་པ། དེ་བཞིན་ཡན་ཆིང་འགྲན་ཁུལ་གྱི་འཁོར་སྐྱོད་འགན་སྲུང་ཚོགས་པ་དང་འཛུགས་སྐྲུན་པའི་འཐུས་མི་བཅས་ལ་གཟིགས་གནང་ཡོད་པ་རེད།
རྒྱལ་སའི་ལུས་རྩལ་ཁང་དུ། རྒྱལ་ཁབ་ཀྱི་གར་སྟབས་འཁྱགས་ཤུད་རུ་ཁག་དང་རྒྱུག་ལམ་ཐུང་བའི་འཁྱགས་ཤུད་རུ་ཁག་གི་ལུས་རྩལ་པ་དང་རྩལ་སློབ་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་སྦྱོང་བརྡར་དང་འགྲན་བསྡུར་གྱི་གྲ་སྒྲིག་གནས་ཚུལ་སྙན་སེང་ཞུས་པ་དང་། གསེར་གྱི་རྟགས་མ་བླང་རྒྱུའི་སེམས་ཤུགས་མཚོན་ཡོད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་དང་སྦྱོང་བརྡར། དེ་བཞིན་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ལ་ཐུགས་ཁུར་ཆེན་པོ་བྱེད་པ་དང་། ཏང་དང་མི་དམངས་ཀྱིས་དངོས་པོ་དང་བསམ་པའི་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། ད་ཐེངས་འདིར་ཡོང་ནས་ཚང་མས་སེམས་ནུས་གང་ཡོད་འདོན་བཞིན་ཡོད་པ་དང་གྲབས་གཉེར་ལས་དོན་གྱི་འཕེལ་རིམ་བདེ་བླག་ཡིན་པ། སྦྱོང་བརྡར་དང་འགྲན་བསྡུར་གྲ་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པ་བཅས་མཐོང་སྐབས། ང་རང་ཧ་ཅང་དགའ་པོ་བྱུང་། ངས་སྐབས་འདིའི་འགྲན་ཚོགས་གཟབ་རྒྱས་ངང་གཉེར་ཐུབ་རྒྱུར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
དེ་ཉིན་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཁུལ་དུ་གནས་པའི་རྒྱལ་ཁབ་རི་མཐོའི་མགྱོགས་སྟབས་གངས་ཤུད་ལྟེ་གནས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། རྩལ་ནུས་འགྲན་བསྡུར་མཇུག་སྒྲིལ་སའི་ཁུལ་དུ། ཞི་ཅིན་ཕིང་གིས་རི་མཐོའི་མགྱོགས་སྟབས་གངས་ཤུད་འགྲན་རའི་འཁོར་སྐྱོད་འགན་སྲུང་དང་རྩལ་ནུས་འགྲན་བསྡུར་གྱི་སྦྱོང་བརྡར་གནས་ཚུལ་ཐད་གཟིགས་སྐོར་གནང་ཡོད། ཞི་ཅིན་ཕིང་གིས། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་རྨང་གཞི་ནི་མང་ཚོགས་ལུས་རྩལ་ཡིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉེར་བ་བརྒྱུད། རང་རྒྱལ་གྱི་གངས་འཁྱག་ལུས་རྩལ་དང་ལྷག་པར་དུ་གངས་ཐོག་ལུས་རྩལ་འཕེལ་རྒྱས་གཏོང་དགོས་པ་དང་། མི་དུང་ཕྱུར་གསུམ་གྱི་ནང་གངས་འཁྱག་ལུས་རྩལ་ཁྱབ་གདལ་དེ་བས་ཡག་པོ་བཏང་ནས། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་དེ་ནས་ཞལ་གྱེས་སྐབས། ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག ཀྲུང་གོའི་གངས་འཁྱག ཤུགས་རྒྱོབ་ཅེས་འབོད་ཡོད་པ་དང་། ཞི་ཅིན་ཕིང་གིས་ཀྱང་ཚང་མར་ཤུགས་རྒྱོབ་ཅེས་སྐུལ་མ་གནང་ཡོད་པ་རེད།
སྤྱི་ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅིང་ཀྲང་མྱུར་བགྲོད་མེ་འཁོར་ལ་བཞུགས་ནས་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་དུ་ཕེབས་པ་དང་། སྔ་ཕྱིར་ཅིང་ཀྲང་མྱུར་བགྲོད་མེ་འཁོར་གྱི་ཐའེ་ཙེ་ཁྲེང་འབབ་ཚུགས་དང་རྒྱལ་ཁབ་མཆོང་སྟེགས་གངས་ཤུད་ལྟེ་གནས། རྒྱལ་ཁབ་དགུན་དུས་རྣམ་གྲངས་གཉིས་ཀྱི་ལྟེ་གནས་བཅས་སུ་རྟོག་ཞིབ་གནང་བ་དང་། ལུས་རྩལ་པ་དང་རྩལ་སློབ་པ། དེ་བཞིན་ཀྲང་ཅ་ཁའུ་འགྲན་ཁུལ་གྱི་འཁོར་སྐྱོད་འགན་སྲུང་ཚོགས་པ་དང་འཛུགས་སྐྲུན་པའི་འཐུས་མི་བཅས་ལ་གཟིགས་གནང་ཡོད་པ་རེད།