བོད་ལྗོངས་མེ་ཏོག་རྫོང་གི་འགྲིམ་འགྲུལ་ཐད་ཀྱི་འགྱུར་ལྡོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-21



    “ཐེངས་མང་པོར་འབྲེང་ཐག་ཟམ་པ་བརྒྱུད་མྱོང་མོད། བརྒྱུད་ཐེངས་རེར་སྔར་བཞིན་དངས་སྐྲག་སྐྱེས་བཞིན་འདུག” ད་ལོ་ལོ་64ཡིན་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་གྲོང་མི་དབང་འདུས་ཀྱིས་དེ་ལྟར་བཤད། 
    1980ལོ་ནས་བཟུང་། དབང་འདུས་ནི་མེ་ཏོག་འབྲས་སྤུངས་ཤང་དུ་ལོ་8རིང་རྒྱུ་ཟས་ལས་བྱེད་པ (ནོར་དོན་དང་འབྲུ་རིགས་ཕྱོགས་ཀྱི་ལས་འགན་འཁུར་མཁན)ཡི་འགན་འཁུར་ཡོད། གྲོང་ཚོ་དེ་ནས་ཕྱི་ལ་འགྲོ་འོང་བྱེད་པར་འབྲེང་ཟམ་བརྒྱུད་དགོས་པ་རེད། 

   མེ་ཏོག་རྫོང་ནི་བོད་ལྗོངས་ཤར་ལྷོ་རྒྱུད་དུ་ཡོད་ཅིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1200ཡོད་པ་དང་། ཆར་ཆུ་མོད་ཅིང་དུས་བཞི་དཔྱིད་དང་འདྲ། མེ་ཏོག་རྫོང་ཁོངས་སུ་“རི་ཉུལ་བ་དང་འདམ་རྡོ་ཆུ་རུད། ས་ཡོམ། གངས་ཤུད། ཆུ་ཤོར”སོགས་ས་གཤིས་གནོད་འཚེ་རིགས་20ལྷག་ཡོད་པས། གཞུང་ལམ་འདིང་རྒྱུ་ཧ་ཅང་དཀའ། 2013ལོའི་སྔོན་དུ། མེ་ཏོག་ནི་དེ་སྔོན་ཀྲུང་གོའི་གཞུང་ལམ་ཤར་གཏོང་ཐུབ་མེད་ས་གཅིག་པུ་དེ་ཡིན་ཅིང་། “ལྐོག་གྱུར་གྱི་པད་ཚལ”ཞེས་པའི་འབོད་སྲོལ་ཡོད། 2013ལོའི་ཟླ་10པར། མེ་ཏོག་རྫོང་ལ་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་ནས། “མཐོ་སྒང་གི་གླིང་ཕྲན་ཁེར་རྐྱང་”གི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། དེའི་རྗེས་སུ། མེ་ཏོག་ཤང་ཁག་གིས་གཞུང་ལམ་བསྐྲུན་འགོ་ཚུགས་པ་དང་། རི་ཁུལ་དུ་སྡོད་པའི་གྲོང་མི་རྣམས་རིམ་བཞིན་རི་གྲོང་ནས་ཐོན་པ་རེད། ཉེ་ཆར། གསར་འགོད་པས་མེ་ཏོག་དུ་བཅར་འདྲི་བྱེད་དུས། འགྲིམ་འགྲུལ་འཕེལ་རྒྱས་ཀྱིས་ས་གནས་དེ་ལ་འགྱུར་ལྡོག་བཏང་ཡོད་པའི་ཚོར་སྣང་བྱུང་། 


   ཤང་དང་གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་མ་བཟོས་སྔོན། མེ་ཏོག་མང་ཚོགས་ཕྱིར་འགྲོ་དུས་རྒྱུན་པར་འབྲེང་ཐག་ཟམ་པ་བརྒལ་དགོས་ཀྱི་ཡོད། དབང་འདུས་ཀྱིས་འདས་དོན་ཞིག་གླེང་བྱུང་། སྐབས་དེར་ཁོང་གིས་དངུལ་ཁང་ནས་སྒོར་ཁྲི་ 9(མི་དམངས་ཤོག་སྒོར། གཤམ་དུ་གཅིག་མཚུངས་ཡིན) འཁྱེར་ནས་ཤང་དུ་ལོག་སྟེ་གླ་ཕོགས་སྤྲོད་རྩིས་བྱས་པ་ཡིན། ཐག་ཟམ་བརྒྱུད་པའི་སྐབས་སུ། སྦྲང་མ་ཞིག་ཁོའི་གདོང་ལ་བབས་བྱུང་། ཡིན་ནའང་། ལག་པ་གཉིས་ཀྱིས་འབྲེང་ཐག་གི་སྣེ་མོ་དང་དངུལ་སྨར་བླུག་པའི་སླེ་བོ་དམ་པོར་བཟུང་ཡོད་པས། གདོང་གི་སྦྲང་མ་ཕུད་ཐབས་མི་འདུག  “ཚབས་ཆེ་ན་ངོ་ལ་འབྲུམ་བུ་སྐྱེས་རྒྱུ་རེད། ལུས་ལ་ཁུར་བའི་སྒོར་ཁྲི་9ནི་ཟླ་བ་ཁ་ཤས་རིང་ཚང་མས་ཁྲག་གསོག་རྣག་གསོག་བྱས་པའི་ཡོང་འབབ་རེད།” ལས་གྲོགས་ཚོས་དབང་འདུས་ཀྱི་གདོང་གི་འབྲུམ་བུ་མཐོང་དུས་དགོད་མོ་ཤོར་སོང་། 
   དེ་སྔོན་རྫོང་སྲིད་གཞུང་དུ་དྲུང་ཡིག་གི་ལས་དོན་བསྒྲུབས་མྱོང་བའི་དབང་འདུས་ཀྱིས། མེ་ཏོག་ནས་ཕད་གྲོང་རྡལ་བར་རྐང་ཐང་ལ་ཉིན་ལམ་4དགོས། སྐབས་དེར་ཟླ་རེར་ཆེས་ཉུང་མཐར་ཡང་ཐེངས་མ་གཉིས་འགྲོ་དགོས་ཤིང་། དེ་ལྟར་ཟླ་རེའི་དུས་ཚོད་མང་ཤོས་ནི་ལམ་ཐོག་ཟད་འགྲོ་བ་རེད། ཆར་ཆུ་མོད་དུས་ལྭ་བ་བརླན་ཞིང་། རྐང་པ་དང་བྱིན་པར་སྲིན་འབུ་མང་པོ་འབྱར་སྲིད། 
   ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་བར་གྱི་འགྲིམ་འགྲུལ་གྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། 2014ལོའི་ཟླ་8ཚེས་29ཉིན། སྤྱིའི་མ་དངུལ་སྒོར་དུང་ཕྱུར་20.15བཏང་བའི་ཕད་གྲོང་རྡལ་ནས་མེ་ཏོག་གི་གཞུང་ལམ་བསྐྲུན་འགོ་ཚུགས་པ་རེད། གཞུང་ལམ་འདི་ནི་ཡར་ཀླུང་གཙང་པོའི་གྲོང་རོང་བརྒལ་ཞིང་། དེ་སྔོན་སྨིན་གླིང་རྫོང་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་རྐང་ལམ་རྨང་གཞི་བྱས་ནས་བསྐྲུན་ཞིང་། ལམ་ཐིག་གཙོ་བོ་མི་མེད་ཁུལ་བརྒྱུད་ཡོད་ཅིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2890ཡི་བར་ཁྱད་ཡོད། ད་ལོའི་ཟླ་7ཚེས་1ཉིན་གཞུང་ལམ་ཡོངས་སུ་ཤར་གཏོང་ཐུབ་རྒྱུའི་འཆར་འགོད་བྱས་ཡོད། གཞུང་ལམ་འགྲུབ་རྗེས། ཕད་གྲོང་རྡལ་ནས་མེ་ཏོག་བར་རླངས་འཁོར་བཏང་ན་ཆུ་ཚོད་གཅིག་ལྷག་ལས་དགོས་ཀྱི་མེད། 
   མིག་སྔའི་བར། མེ་ཏོག་རྫོང་གཞུང་ལམ་གྱི་ལམ་ཐིག་སྤྱིའི་རིང་ཚད་ལ་སྤྱི་ལེ་529ཡོད་ཅིང་། དེའི་ཁྲོད་དུ། རྫོང་ལ་བགྲོད་པའི་ལམ་ཐིག་སྤྱི་ལེ་138ཡོད་པ་དང། ཤང་ལ་བགྲོད་པའི་ལམ་ཐིག་སྤྱི་ལེ་160ཡོད་ཅིང་། གྲོང་ཚོ་ལ་བགྲོད་པའི་ལམ་ཐིག་སྤྱི་ལེ་231ཡོད། ཤང་གྲོང་རྡལ་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་ནི་100%ཟིན་ཞིང་། སྲིད་འཛིན་གྲོང་ཚོ་46ཚང་མར་གཞུང་ལམ་བཟོས་ནས་ཤར་བགྲོད་ཡོང་ཐུབ་ཡོད། 
   “ལྐོག་གྱུར་གྱི་པད་ཚལ” གྱིས་རིམ་བཞིན་འཛམ་གླིང་ལ་གསང་ཡོལ་ཕྱེ་བ་དང་མཉམ་དུ། མེ་ཏོག་གི་སྣོད་བཅུད་སྲུང་སྐྱོང་བྱེད་ཚད་ཀྱང་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད། མེ་ཏོག་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་བསྟན་འཛིན་རྡོ་རྗེ་ཡིས། “ང་ཚོའི་ལོ་རེའི་མཇེས་ལྗོངས་ཁུལ་གྱི་སྤ་སེ་བཙོང་བའི་ཡོང་འབབ་ནི་མཛེས་ལྗོངས་ཁུལ་གྱི་དོམ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པར་བེད་སྤྱོད་ཀྱི་ཡོད”ཅེས་བརྗོད། མེ་ཏོག་གི་གྲོང་ཚོ་ཁག་གི་གྲོང་མི་ཚང་མ་ཕལ་ཆེ་བ་ནགས་སྲུང་བ་ཡིན་ཞིང་། ཁོ་ཚོས་དུས་བཀག་ནང་གྲོང་ཚོ་ཁག་གི་ནགས་ཚལ་ལ་སྐོར་ཞིབ་སྲུང་སྐྱོང་བྱེད་བཞིན་ཡོད། (http://tibet.people.com.cn/15835658.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1