ལྗང་མདོག་གཡུ་མཚོ་སྔོ་མེར་ལྡེམ་ཞིང་ཆུ་འཛིན་འདབ་སྟོང་གྲོལ་བའི་དབུས།།
འཇའ་ཚོན་སྣ་ལྔའི་དཀྱིལ་འཁོར་གསལ་ཞིང་སྲབ་འཇམ་དར་གྱི་ག་ཤལ་ཅན།།
ན་ཚོད་བཅོ་ལྔའི་ལང་ཚོ་རྫོགས་ཤིང་སྙན་མཛེས་དབྱངས་ཀྱི་སྒྱུ་འཕྲུལ་མ།།
མཚོ་བྱུང་ལྷ་མོས་བརྩེ་བས་གཟིགས་ཤིང་སྙན་འཇེབས་དབྱངས་ཀྱི་ཤེས་པ་སྩོལ།།
ཚ་ཟེར་སྤྲོས་པའི་ཟེར་བརྒྱའི་འཛུམ་ཞལ་གྱིས།།བདག་ལུས་ཁང་ཆུང་དྲོད་ཀྱིས་ཁེངས་ན་ཡང་།།
ནང་སེམས་ཤེལ་གྱི་ནོར་བུ་འོད་འབར་བའི།།སྙིང་གི་དགའ་མ་ཁྱོད་ལགས་གང་དུ་མཆིས།།
འཇིག་རྟེན་གཡེར་མོ་ལྷ་ཡི་ལམ་བཟང་གི།གཞོན་པའི་དུང་སེམས་རྟ་མཆོག་གཤོག་པ་ཅན།།
དྲན་གདུང་སྐྱི་སེར་རླུང་བུས་སྐུལ་ཙམ་གྱིས།།སྐད་ཅིག་མི་སྡོད་མཁའ་ཡི་དབྱིངས་སུ་བསྐྱོད།།
སྟོན་ཟླའི་མཁའ་སྤྲིན་དལ་གྱིས་གཡོ་བ་ནི།།སྨིན་ལེགས་ལང་ཚོའི་ཁུར་དུད་གཞོན་ནུ་མའི།།
གོམ་པའི་རྗེས་འགྲོ་ཁོ་བོའི་དྲན་གདུང་གི།སྙན་ངག་ཚིག་གི་ཕྲེང་བ་འཁྱེར་ལགས་སམ།།
དཀར་མཛེས་ཨ་ཆེན་ཤོག་ཐང་གྲུ་བཞིའི་ངོར།།སྡེབ་ལེགས་རིག་བྱེད་སྙན་རྩོམ་བུ་མོའི་གར།།
དྲན་རྟོག་སྒྱུ་མས་རྩེད་འཇོའི་ཀློང་ཡངས་ནས།།འཁྱུག་འགྲོས་པིར་གྱིས་རྩལ་ལས་འདི་འཕྱུང་ངོ་།།
དྭངས་གསལ་ཟླ་གཞོན་ལང་ཚོ་འཛུམ་པའི་ཞལ།།སྨིན་གནག་ཚེམས་དཀར་ལེགས་བྲིས་སྟོང་གི་ལྷག།
བདག་གི་དུང་ཞེན་འདྲེན་པའི་སྡུག་གུ་མར།།ཐུན་གསུམ་རྨི་ལམ་རྨིས་པ་གྲངས་ལས་འདས།།
སྲིད་པའི་ཐང་ཆེན་ཡག་གི་སྐྱེད་ཚལ་ནས།།སྒེག་ལྡན་ན་ཆུང་མེ་ཏོག་རབ་བཞད་ཀྱང་།།
རང་སེམས་ཆུ་སྐྱེས་གསེར་མདོག་བཞད་ཁ་མར།།བྲལ་ན་བལྟ་བའི་མིག་ཀྱང་མེད་ན་རུང་།།
དྲན་གདུང་སེམས་ཀྱི་ཁ་བའི་དགུན་འཁྱག་གི།ཤུར་ཤུར་གྲང་བ་སྤུ་གྲིའི་རྗེས་བསྙེགས་ཏེ།།
འཇོམས་བྱེད་བྱང་ཁོག་དྲོད་ཆེན་ཉི་མའི་གཉེན།།ལས་ཀྱིས་བསྒྲོན་པ་བྱམས་པའི་བརྩེ་བ་ཉིད།།
འཇོ་སྒེག་སྙེ་མའི་མགོ་ལྕོག་ལྡེམ་པའི་ལུས།།ཡོན་ཏན་བཅུད་ཀྱིས་ངལ་བའི་ཚུལ་འགྲོ་བ།།
གསེར་མདོག་ཞིང་ཚིགས་བུ་མོའི་དོ་ར་ནས།།ཁྱོད་ནི་བདག་གི་སེམས་ཀྱི་ལོ་ལེགས་ཉིད།།
ཀྱེ་ཀྱེ་ཆུ་འཛིན་ལྷ་ཡི་རིགས་ཀྱི་བུ།།དུང་ཞེན་ཚིག་གི་འཕྲིན་སྐྱེལ་བང་ཆེན་རྟ།།
དལ་ཅིག་མི་འགྱངས་བདག་གི་བརྩེ་ལྡན་མའི།།དྲུང་དུ་ཞུ་བར་གསོལ་ལ་གཤེགས་པར་མཛོད།།