རྩྭ་སའི་བདག་དབང་དང་བེད་སྤྱོད་དབང་ཆར་རྩོད་གླེང་བྱུང་དུས་ཇི་ལྟར་ཐག་གཅོད་བྱེད་དགོས།
རྩྭ་སའི་བདག་དབང་དང་བེད་སྤྱོད་དབང་ཆར་རྩོད་གླེང་བྱུང་དུས། དོ་བདག་པ་ཕན་ཚུན་བར་གྲོས་མོལ་བྱས་ནས་ཐག་གཅོད་དགོས། གྲོས་འཆམས་མ་བྱུང་ཚེ་འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས། སྡེ་ཚན་བར་གྱི་རྩོད་གླེང་དེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས། མི་སྒེར་བར་དང་། མི་སྒེར་དང་སྡེ་ཚན་བར་གྱི་རྩོད་གླེང་དེ་ཞང་མི་དམངས་སྲིད་གཞུང་ངམ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས། དོ་བདག་པས་འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་བཅད་པར་ཁས་མི་ལེན་ན། ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག རྩྭ་སའི་བདག་དབང་རྩོད་གླེང་ཐག་མ་བཅད་པའི་སྔོན་དུ་ཕྱོགས་གང་དང་གང་གིས་ཀྱང་རྩྭ་སའི་ད་ལྟའི་བེད་སྤྱོད་ཚུལ་བསྒྱུར་མི་ཆོག་པ་དང་། རྩྭ་ས་དང་རྩྭ་སའི་སྟེང་གི་སྒྲིག་བཀོད་ལ་གཏོར་བརླག་བྱེད་མི་རུང་།
རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་ལ་རྩོད་གླེང་བྱུང་དུས་ཇི་ལྟར་ཐག་གཅོད་དགོས།
རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་ལ་རྩོད་གླེང་བྱུང་དུས་དོ་བདག་པ་ཕན་ཚུན་བར་གྲོས་མོལ་བྱས་ནས་ཐག་གཅོད་དགོས། གྲོས་མ་འཆམས་ཚེ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཞང་མི་དམངས་སྲིད་གཞུང་སོགས་གདན་དྲངས་ཏེ་བར་འདུམ་ནས་ཐག་གཅོད་དགོས། དོ་བདག་པས་གྲོས་མོལ་བྱེད་མི་འདོད་པ་དང་བར་འདུམ་དུ་འཇུག་མི་འདོད་པའམ་གྲོས་མོལ་དང་བར་འདུམ་པ་འབྲས་མེད་དུ་གྱུར་ཚེ། འབྲེལ་ཡོད་འགན་གཙང་ལེན་ཁྲུན་གཅོད་ལས་ཁུངས་ལ་ཁྲུན་ཐག་གཅོད་པའི་རེ་འདུན་ཞུ་ཆོག ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཀྱང་ཆོག
ཉོ་ཚོང་ངམ་རྣམ་པ་གཞན་དག་སྤྱད་ནས་རྩྭ་ས་ཁྲིམས་འགལ་གྱིས་བཤུག་སྤྲོད་བྱས་ཚེ་འགན་ཅི་ཞིག་ཁུར་དགོས་སམ།
བཅའ་ཁྲིམས་ལས་གཏན་ལ་ཕབ་དོན། སྡེ་ཚན་ནམ་མི་སྒེར་གང་དང་གང་གིས་ཀྱང་བཙན་བཟུང་དང་ཉོ་ཚོང་། ཡང་ན་རྣམ་པ་གཞན་དག་སྤྱད་ནས་རྩྭ་ས་ཁྲིམས་འགལ་གྱིས་བཤུག་སྤྲོད་བྱས་མི་ཆོག ཉོ་ཚོང་ངམ་རྣམ་པ་གཞན་དག་སྤྱད་ནས་རྩྭ་ས་ཁྲིམས་འགལ་གྱིས་བཤུག་སྤྲོད་བྱས་ནས་ནག་ཉེས་བསགས་པར། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་རྒྱུ། ཉེས་ཆད་མི་འབབ་པར་རྫོང་རིམ་པ་ཡན་གྱི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་ལྟར་དེར་དུས་བཅད་ནང་ཡོ་བསྲང་བྱེད་དགོས་པའི་འགན་དཀྲི་བ་དང་། ཁྲིམས་འགལ་གྱི་ཐོབ་འབབ་གཞུང་བཞེས་གཏོང་བ་མ་ཟད། ཁྲིམས་འགལ་གྱི་ཐོབ་འབབ་དེའི་ལྡབ་གཅིག་ཡན་དང་ལྡབ་ལྔའི་མན་གྱི་དངུལ་ཆད་གཅོད་དགོས།
རོང་འབྲོག་པའི་རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་ལ་གནོད་སྐྱེལ་བར་འགན་ཅི་ཞིག་ཁུར་དགོས།
རྩྭ་འཛུགས་སམ་མི་སྒེར་གང་དང་གང་གིས་རོང་འབྲོག་པའི་རྩྭ་ས་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་ལ་གནོད་སྐྱེལ་བར། གནོད་སྐྱེལ་མཚམས་འཇོག་པ་དང་སྔར་གྱི་དངོས་པོ་རྣམས་ཕྱིར་སྤྲོད་པ། སྔར་གྱི་རྣམ་པ་སླར་གསོ་བྱེད་པ། གྱོང་གུད་ལ་སྐྱིན་ཚབ་འཇལ་བ་སོགས་དམངས་དོན་གྱི་འགན་འཁྲི་ཁུར་དགོས།
རྒྱལ་ཁབ་ཀྱིས་རྩྭ་སར་ལྟ་ཞིབ་ཚད་ལེན་བྱ་བ་སྤེལ་བའི་དམིགས་ཡུལ་ཅི་ཞིག་ཡིན།
རྩྭ་སའི་སྔོ་ཁེབས་དང་ཐོན་སྐྱེད་ནུས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ཤེས་རྟོག་བྱེད་པ་ནི་རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་ལེགས་པོར་བསྒྲུབ་པ་དང་། རྩྭ་སའི་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པའི་རྨང་གཞི་ཡིན། གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་འགྱུར་ལྡོག་བྱུང་བའི་ཤུགས་རྐྱེན་ཐེབས་པའི་དབང་གིས། རྩྭ་སའི་སྔོ་ཁེབས་དང་རྩྭའི་ཐོན་ཚད་སོགས་གནས་ཚུལ་ཚང་མ་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པའི་སྒང་ཡིན། རྩྭ་སར་ལྟ་ཞིབ་ཚད་ལེན་བྱ་བ་སྤེལ་བའི་དམིགས་ཡུལ་ནི་རྩྭ་སའི་གཞི་ཁྱོན་དང་སྔོ་ཁེབས། ཐོན་སྐྱེད་ནུས་པ་སོགས་འགྱུར་ལྡོག་བྱུང་བའི་གནས་ཚུལ་ལ་དུས་ཐོག་དང་ཡང་དག་པའི་སྒོ་ནས་རྒྱུས་ལོན་བྱས་ནས། རོང་འབྲོག་པས་རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན། རྩྭ་ས་བེད་སྤྱོད་བཅས་བྱ་བ་ལེགས་པོར་བསྒྲུབ་པར་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་པའི་ཆེད་ཡིན།
མ་དངུལ་བཏང་ནས་རྩྭ་ས་འཛུགས་སྐྲུན་བྱེད་མཁན་གྱི་ཁེ་དབང་ལ་རྒྱལ་ཁབ་ཀྱིས་ཇི་ལྟར་སྲུང་སྐྱོབ་བྱེད་པ་ཡིན།
རྒྱལ་ཁབ་ཀྱིས་སྡེ་ཚན་དང་མི་སྒེར་གྱིས་མ་དངུལ་བཏང་ནས་རྩྭ་ས་འཛུགས་སྐྲུན་བྱེད་པར་སྐུལ་བསྟོད་བྱས་ནས། “སུས་མ་དངུལ་བཏང་ན་དེར་ཕན་ཁེ་ཐོབ་པའི”རྩ་དོན་ལྟར། མ་དངུལ་བཏང་ནས་རྩྭ་ས་འཛུགས་སྐྲུན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་ཡིན།
རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རོང་འབྲོག་པར་རོགས་སྐྱོར་དང་སྐུལ་བསྟོད། ཁྲིད་སྟོན་བྱས་ནས་རྩྭ་ས་འཛུགས་སྐྲུན་གྱི་བྱེད་སྒོ་གང་དག་སྤེལ་དགོས།
རྫོང་རིམ་པ་ཡིན་གྱི་མི་དམངས་སྲིད་གཞུང་གིས་རོང་འབྲོག་པར་རོགས་སྐྱོར་དང་སྐུལ་བསྟོད། ཁྲིད་སྟོན་བྱས་ནས་རྩྭ་ར་བསྐོར་བ་དང་། གཟན་རྩྭ་གཟན་ཆས་གསོག་ཉར། ཕྱུགས་སྤྱིལ། འབྲོག་པའི་གཏན་སྡོད་ཁང་བ་སོགས་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་ད་དུང་མིའི་ཐབས་ཀྱིས་རྩྭ་ས་འཛུགས་སྐྲུན་དང་རང་བྱུང་རྩྭ་ས་ལེགས་སྒྱུར། གཟན་རྩྭ་གཟན་ཆས་རྟེན་གཞི་འཛུགས་སྐྲུན། མི་ཕྱུགས་ཀྱི་བཏུང་ཆུ་སྒྲིག་བཀོད། རྩྭ་སོན་རྟེན་གཞི་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། རྩྭ་སའི་ཐོན་སྐྱེད་ནུས་པ་བརྟན་འཇགས་དང་མཐོར་འདེགས་གཏོང་བ་དང་། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།
རོང་འབྲོག་པས་རྩྭ་ར་སོགས་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོབ་བཟང་བོ་བྱེད་དགོས་དོན་ཅི་ཡིན།
རྩྭ་ར་ནི་རྩྭ་ས་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཡིན། ཐོག་མར། རྩྭ་ར་བསྐོར་ན་རོང་འབྲོག་པས་འགན་གཙང་ལེན་བྱས་པའི་རྩྭ་སའི་ས་མཚམས་གསལ་འབྱེད་བྱེད་ཐུབ་པས། རྩྭ་ས་རྩོད་གླེང་ཇེ་ཉུང་དུ་གཏོང་བར་གལ་འགངས་ཆེ། གཉིས་ནས་རྩྭ་ར་བསྐོར་བ་ནི་ཕྱུགས་འཚོ་བ་གཏན་འགོག་དང་ཕྱུགས་འཚོ་མཚམས་འཇོག་པ། ས་ཁག་བགོས་ནས་ཕྱུགས་འཚོ་རེས་བྱེད་པའི་རྨང་གཞི་ཡིན་པས། རྩྭ་ཐང་གི་སྔོ་ཁེབས་སླར་གསོ་དང་རྩྭ་ས་ལུགས་མཐུན་གྱིས་བེད་སྤྱོད་པར་ནུས་པ་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། མ་དངུལ་འབོར་ཆེན་བཏང་ནས་རོང་འབྲོག་པས་རྩྭ་ར་བསྐོར་བར་རོགས་རམ་བྱས་པ་རེད། རོང་འབྲོག་པས་རྩྭ་རའི་སྒྲིག་བཀོད་སྲུང་སྐྱོབ་བཟང་བོ་བྱེད་དགོས་པ་ལས། རང་དགར་གཏོར་བརླག་བཏང་མི་ཆོག དེ་ལས་ལྡོག་ཚེ་དངུལ་ཆད་གཅོད་ངེས་ཡིན། དེ་དང་ཆབས་ཅིག་རོང་འབྲོག་པས་མི་གཞན་པས་རྩྭ་རར་གཏོང་བརླག་བྱེད་བཞིན་པ་མཐོང་ཚེ། འཕྲལ་དུ་དེར་བཀག་འགོག་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ས་དེའི་རྩྭ་ས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།
རོང་འབྲོག་པར་མགོ་བསྐོར་ཐེབས་ནས་རྩྭ་སོན་རྫུན་མ་ཉོས་ཚེ། སྡེ་ཁག་གང་བཙལ་ནས་ཐག་གཅོད་བྱེད་དུ་འཇུག་དགོས།
རོང་འབྲོག་པར་མགོ་བསྐོར་ཐེབས་ནས་རྩྭ་སོན་རྫུན་མ་ཉོས་ཚེ། དུས་ཐོག་ཏུ་ས་དེའི་རྩྭ་ས་གཙོ་གཉེར་སྡེ་ཁག་ལ་ཞུ་དགོས། རྩྭ་ས་གཙོ་གཉེར་སྡེ་ཁག་གིས་རྩྭ་སོན་རྫུན་མ་ཚོང་གཉེར་བྱེད་མཁན་གྱི་ཁེ་ལས་ལ་བརྟག་དཔྱད་བྱེད་དགོས། གལ་ཏེ་བདེན་དཔང་ཁུངས་བཙལ་ན། དེར་དངུལ་ཆད་གཅོད་པ་དང་རྩྭ་སོན་ཚོང་གཉེར་ཆོག་འཐུས་ལག་ཁྱེར་རྩིས་མེད་དུ་བཏང་ཆོག་པ་མ་ཟད། བཟོ་ཚོང་སྡེ་ཁག་ལ་དེའི་ཁེ་ལས་བདག་གཉེར་ལག་ཁྱེར་རྩིས་མེད་དུ་གཏོང་བའི་རེ་བ་ཞུ་ཆོག ཁེ་ལས་དེས་རོང་འབྲོག་པའི་རྩྭ་སོན་ཉོ་སྤྱད་རིན་དངུལ་དང་འབྲེལ་ཡོད་འགྲོ་གྲོན། ཐོབ་སྲིད་པའི་ཁེ་ཕན་བཅས་འདུས་པའི་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་དགོས།