བོད་ཀྱི་དུས་རབས་སོ་སོའི་ལམ་ལུགས་མི་འདྲ་བ་ལ་བརྟེན་ནས་ཁྲིམས་ལུགས་མི་འདྲ་བྱུང་ཡོད་པ་རྣམས་ནི་སྲིད་གཞུང་དང་འབྲེལ་བའི་ལུགས་སྲོལ་ཡིན་སྟབས་འདིར་མ་སྨོས། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ནས་བྱུང་བའི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་གྱོད་དང་ཁ་མཆུའི་རིགས་ཁག་ཅིག་ད་བར་དུ་གནས་ཡོད་པ་རེད།
གཅིག འབྲོག་པའི་ས་རྩོད།
འབྲོག་པ་རྣམས་དུས་རྒྱུན་འཚོ་བ་སེམས་ཅན་ལ་བརྟེན་ནས་སྡོད་ཡོད་སྟབས། རྩྭ་ས་ནི་འབྲོག་པའི་ཕྱུགས་རིགས་བདག་སྐྱོང་བྱེད་པ་ལ་མེད་དུ་མི་རུང་བའི་འཚོ་བའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ལ་འགྱུར་ཡོད། འབྲོག་པའི་རྩྭ་ས་ལ་སྡེ་ཤོག་དང་སྡེ་ཤོག་བར་ས་མཚམས་དང༌། གྲོང་ཚོ་དང་གྲོང་ཚོ་བར་གྱི་ས་མཚམས། མི་ཚང་ནས་མི་ཚང་མར་གྱི་ས་མཚམས་ཀྱི་དབྱེ་བ་ཕྱེ་སྲོལ་ཡོད་པ་རེད དེ་ལའང་སྡེ་པ་སྤྱིའམ་མི་ཚང་སྒེར་གྱི་ཕྱུགས་ཟོག་འཚོ་སའི་རྩྭ་ས་དང༌། མི་ཚང་སོ་སོ་ལ་དབང་བའི་རྩྭ་བཏུ་སའི་རྩྭ་ར་བཅས་གྲོང་སྡེ་གཞན་གྱི་སེམས་ཅན་འགྲོ་མི་ཆོག་པའི་ས་ཆ་རིགས་ཁ་ཤས་ཡོད་པ་རེད། གྲོང་སྡེ་འགའ་ཞིག་དབྱར་ས་གཅིག་པ་ཡིན་ནའང་དགུན་ས་ཁག་ཁག་ཡིན་པ་དང༌། ཡང་དགུན་ས་གཅིག་པ་ཡིན་ལ་དབྱར་ས་སོ་སོར་ཡིན་པའང་ཡོད་པ་རེད། སྤྱིར་བཏང་གྲོང་ཚོ་གཅིག་གི་ཕྱུགས་ཟོག་རྣམས་རང་གི་ས་མཚམས་ལས་བརྒལ་ཏེ། གྲོང་ཚོ་གཞན་ཞིག་གི་ས་ཐོག་ཏུ་ཕྱིན་སྟེ་རྩྭ་ཟས་པ་ཡིན་ན། ས་གནས་བདག་པོ་དེའི་མི་རྣམས་ཡོང་ནས་སེམས་ཅན་རྣམས་ཕྱིར་འདེད་དེ། ཕྱུགས་བདག་རྣམས་ལ་རྗེས་སུ་དེ་བཞིན་དུ་བྱུང་ན་རྩྭ་རིན་ཆུ་རིན་སྤྲོད་དགོས་པའི་སྐད་ཆ་བཤད་ཅིང་ཡོད་པ་དེ་ལ་རྩྭ་བཀག་བྱེད་ཟེར། དེ་འདྲ་ཐེངས་ཁ་ཤས་བྱས་པའི་རྗེས་ལའང་ཕྱུགས་བདག་གིས་དོ་སྣང་མ་བྱས་པ་ཡིན་ན། དེ་ནས་ས་བདག་དེས་ཉེན་བརྡ་གཏོང་བ་ལྟ་བུ་ཟོག་དེ་དག་བཟུང་ནས་རྔ་མ་བཅད་སྲོལ་ཡོད་པ་རེད། འདི་ཡང་རྔ་མ་བཅད་ཅེས་པ་ཟོག་གི་རྔ་མའི་ཐོག་གི་སྤུ་ཐམས་ཅད་དབྲག་ནས་ཁྱེར་འགྲོ་ཞིང་ཡོད་པ་ལས་རྔ་མ་དངོས་གཅོད་ཀྱི་མེད། སེམས་ཅན་རྔ་མ་བཅད་པ་དེ་བརྙས་བཅོས་དང༌། ཟུག་འབྲུ་བའི་བརྡ་མཚོན་ཞིག་ཡིན་སྟབས། སྐབས་འགར་རྐྱེན་དེ་ལ་བརྟེན་ནས་ཕན་ཚུལ་འཁྲུག་པ་ཤོར་ཏེ་དམེ་ཤི་གྲི་འགྱེལ་མང་པོ་ཡོང་གི་ཡོད། ཡང་སྐབས་འགར་རང་གི་ས་ཐོག་ཏུ་ཡོང་བའི་ཕྱུགས་ཟོག་དེ་རྣམས་བདག་པོ་བཟུང་ཞིང་ཕྱུགས་བདག་ལ་སེམས་ཅན་དེ་དག་ལེན་ས་ཤོག་ཟེར་ནས་ཆ་འཕྲིན་གཏོང་བ་དང༌། དེ་ནས་ཕྱུགས་བདག་ཡོང་བ་དང༌། སའི་བདག་པོ་དེ་ལ་རྩྭ་རིན་ཆུ་རིན་ཞེས་པའི་བུ་ལོན་འཇལ་རྗེས་ཕྱུགས་ཟོག་དེ་རྣམས་གཞི་ནས་ཕར་བདག་པོར་རྩིས་སྤྲོད་ཀྱི་ཡོད། དུས་རབས་སོ་སོའི་སྲིད་འགྱུར་གྱི་དུས་སྐབས་རྣམས་སུ་ས་གནས་སོ་སོའི་སྡེ་པའི་ས་མཚམས་ལའང་འགྱུར་བ་གང་འཚམས་ཡོང་གི་ཡོད་སྟབས། ས་མཚམས་གསར་རྙིང་གི་དབྱེ་མཚམས་ལ་སྡེ་བ་གཉིས་ཀྱི་བར་ཁས་ལེན་དང་མི་ལེན་གྱི་རྩོད་པ་དང༌། ས་མཚམས་ཀྱི་དབྱེ་བ་འགའ་ཞིག་གསལ་པོ་མེད་པ་བཅས་ཀྱིས་སྡེ་ཤོག་གཉིས་ཀྱི་བར་དམེ་འཁྲུགས་ཚབས་ཆེན་ཡོང་གི་ཡོད། སྐབས་འགར་ཕྱོགས་གཉིས་ཀས་མི་གྲངས་བརྒྱ་ཚོ་མང་པོའི་དམག་མི་བསགས་ནས་དམག་འཁྲུག་ཤོར་གྱི་ཡོད། འབྲོག་པའི་མི་ལ་ཁྲིམས་ཀྱི་འདུ་ཤོས་གསལ་པོ་མེད་སྟབས་ཁྲིམས་སྲིད་གང་གིས་ཀྱང་ལས་སླ་པོ་ཐག་གཅོད་བྱེད་ཐུབ་དཀའ། དམེ་འཁྲུག་ཚབས་ཆེན་ལངས་དུས་ཡུལ་དེའི་བླ་མ་གལ་ཆེ་ཤོས་ཤིག་གདན་འདྲེན་ཞུས་ནས་འདུན་མ་བཏམ་ཞིང་འཁྲུག་པ་བསྡུམས་ཞིང་ཡོད་པ་རེད། བླ་མའི་བཀའ་ལ་ཕྱོགས་གཉིས་ཀས་བརྩི་བཀུར་ཞུ་ཞིང་ཡོད་སྟབས་རྙོག་དྲ་དེ་དག་བསལ་ཐུབ་ཅིང་ཡོད་པ་རེད།
གཉིས། བོད་མིའི་ཤ་ལན།
འབྲོག་པའི་མི་ཤའམ་ཤ་ལན་ཟེར་བ་སྐབས་འགར་སྡེ་པ་དང་སྡེ་པའི་བར་དང༌། མི་ཚང་དང་མི་ཚང་བར་ལ་འཁྲུག་པ་ཤོར་ནས་མི་ལ་ཤི་རྨས་ཡོང་གི་ཡོད་པ་རེད། འབྲོག་པ་མི་ཚང་གཅིག་གི་ནང་མི་གཅིག་བསད་ཤོར་བ་ཡིན་ན། བསད་མཁན་དེ་ལ་ལག་དམར་ཟེར་ཞིང༌། འདས་པོ་དེའི་ནང་གི་སྤུན་མཆེད་རྣམས་ཀྱིས་ལག་དམར་དེའམ་དེའི་ནང་གི་ཕ་དང་སྤུན་མཆེད་གང་རུང་ཞིག་བསད་ཐུབ་པར་བྱ་རྒྱུ་དེ་ལ་ཤ་ལན་ལེན་ཟེར་ཞིང་ཡོད་པ་རེད། གནའ་དུས་ཀྱི་བོད་མི་རྣམས་ཀྱི་མི་ཤའི་ཁ་མཆུ་དེ་ཡག་པོ་ཞིག་འགྲིག་ཐབས་མ་བྱུང་ན། མི་རབས་ནས་མི་རབས་བརྒྱུད་དེ་ཕན་ཚུན་ཤ་ལན་ལེན་རེས་བྱེད་ཅིང་ཡོད་པ་རེད། དུས་རབས་གང་འདྲ་ཞིག་ཡིན་ཀྱང་ཁྲིམས་ཀྱི་ཐོག་ནས་ཤ་ལན་གྱི་རྩོད་པ་དེ་བཀག་ཐུབ་ཅིང་ཡོད་པ་མ་རེད། དགྲ་ཤ་དེ་རིགས་བསྡུམས་པར་བྱེད་པ་ལ་ཕྱོགས་གཉིས་ཀས་དད་པ་ཡོད་པའི་བླ་མ་ཞིག་གིས་བསླབ་བྱ་སྤྲད་ནས།
ཕྱོགས་གཉིས་ཀ་ལ་ཁེ་ཕམ་མེད་པའི་ཆད་འཇལ་རྣམས་ལེགས་པར་ལག་ལེན་བྱ་བཅུག་ཅིང༌། དེའི་མདུན་དུ་ཕྱིན་ཆད་དགྲ་ཤ་མི་རྩོད་པའི་ཁས་ལེན་ཞུ་བཅུག་ཅིང་ཡོད་པ་རེད། གལ་སྲིད་ཁོ་ཚོས་བླ་མའི་མདུན་ནས་ཁས་ལེན་ཞུས་པ་ཡིན་ན་དེའི་ཕྱིན་ཆད་བླ་མའི་དམ་ཚིག་སྲུང་ནས་ཕན་ཚུན་མཐུན་པོ་བྱེད་ཅིང་ཡོད་པ་རེད།