དབུས་ཀྱི་ཚིག་རྒྱག་དང་ཨ་མདོའི་བཏགས་པ་གཤིབ་བསྡུར་ལས་འཕྲོས་ཏེ་སོ་སོའི་ཁྱད་ཆོས་རགས་ཙམ་གླེང་བ།

དཀར་མོ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


ཚིག་རྒྱག་དང་བཏགས་པ་སྤྱིར་བཤད་པ།

དེ་ཡང་ཚིག་རྒྱག་ཅེས་པའི་ཚིག་ངོས་ཀྱི་གོ་དོན་ནི“གཞན་སེམས་ལ་ཕོག་པའི་སྐོར་ཚིག་གམ་ཟུར་ཟའི་གཏམ་” ལ་བྱ་ཞིང་། དབུས་གཙང་གི་“གཞས་ལ་མཚོན་ན་སྒོར་གཞས་དང་ཆང་གཞས། ལས་གཞས། མདའ་གཞས། སྟོད་གཞས། ཚིག་རྒྱག་སོགས་མང་དུ་ཡོད་” པ་བཞིན་འདིར་བརྗོད་པའི་དབུས་ཀྱི་ཚིག་རྒྱག་ནི་གཞས་ཀྱི་ནང་གསེས་རིགས་ཤིག་སྟེ་“གཞས་ཀྱི་རྣམ་པའི་ཐོག་ནས་ཕན་ཚུན་ཚིག་རྒྱག་རྒྱག་པ་” ཞིག་ལ་ཟེར་ཞིང་། དེ་ཉིད་དབུས་གཙང་ཁུལ་དུ་དར་ཁྱབ་ཤིན་དུ་ཆེ་ཞིང་ཚེག་བར་དྲུག་དང་ལྡན་པ་ཤས་ཆེ་ལ། བརྗོད་བྱའི་དོན་གྱི་ཆ་ནས་བཤད་ན། གཞན་ལ་ཟུར་ཟ་སུན་འབྱིན་དང་གཞན་གྱི་མཚང་འབྲུ་བ། རང་བསྟོད་གཞན་སྨོད་བྱེད་པ་སོགས་ཀྱི་བརྗོད་དོན་དེ་དག་དཔེ་རུ་དྲངས་ནས་ཉན་མཁན་ལ་གད་མོ་སློང་བ་དང་སྤྲོ་སྣང་སྦྱིན་པ། ནང་དོན་དངོས་ཡོད་འཚོ་བ་དང་ཐག་ཉེ་ཞིང་མིའི་དགའ་སྐྱོ་ཆགས་སྡང་གི་བསམ་པའི་ཚོར་འདུ་དྲག་པོ་དང་བརྩེ་དུང་ཟབ་མོ་སྟོན་ནུས་པ་ཞིག་ཡིན། བཏགས་པ་ཞེས་པའི་ཐ་སྙད་འདི་ནི་དེ་སྔ་ཚིག་མཛོད་སོགས་ནས་མ་མཐོང་ཡང་། བཏགས་པ་དེའང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བྱུང་བའི་དོན་བྱ་དང་། བྱ་ངན་སྤྱོད་ངན་སོགས་གཞན་གྱི་སྐྱོན་མཚང་འབྲུ་བ། ཀུ་རེ་རྩེད་མཚར་སོགས་མཚོན་བྱེད་དུ་ཟུར་ཟའི་ཚུལ་དུ་འདོགས་པ་པོ་རང་ཉིད་ཀྱིས་བཤད་བདེ་ལ་ཕ་རོལ་ཉན་པ་པོས་ཉན་སྤྲོ་བའི་ཚིག་སྦྱོར་ལ་བརྟེན་ནས་བཏགས་པས་མིང་དེའང་ངག་རྩོམ་དེ་དང་འོས་ཤིང་འཚམས་པར་སྦྱར་ཏེ་བྱུང་ཡོད། ལར་ཨ་མདོའི་རོང་འབྲོག་ཁུལ་མང་ཤོས་ནས་ལག་པ་ལ་༼ལོག་ག༽དང་། ཐག་པ་ལ་༼ཐོག་ག༽རྩག་པ་ལ་༼རྩོག་ག༽ཞེས་འབོད་པའི་ཁ་སྐད་ཀྱི་སྒྲ་འབྱིན་ལུགས་འདི་ཉིད་གཞིར་བཟུང་ནས་བརྟག་ན། ཁ་སྐད་ཁྲོད་ཀྱི་༼བཏོགས་ག༽ཞེས་པའང་༼བཏགས་པ༽ཞེས་ཡིག་ཐོག་ཏུ་ཕབ་ན་ད་གཟོད་ཐུན་མོང་མ་ཡིན་པའི་ངག་རིག་སྒྱུ་རྩལ་འདིར་ཤིན་ཏུ་འཕྲོད་ཅིང་ཡིག་སྐད་དང་ཡང་མཐུན་ལ་ནང་དོན་ཡང་ཡོད་པའི་རྗེས་གྲུབ་ཀྱི་མིང་ཞིག་ཏུ་སྣང་ངོ་། །

ཚིག་རྒྱག་གི་བརྗོད་བྱ།

དབུས་ཀྱི་དམངས་ཁྲོད་ཚིག་རྒྱག་ལ་མཚོན་ན་དབུས་སྡོད་བོད་རིགས་དམངས་ཁྲོད་ཀྱི་འཚོ་བ་རོལ་སྟངས་དང་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་དངོས་དང་གནད་དོན་བརྗོད་བྱར་བྱས་ཡོད་མོད་ཨ་མདོའི་བཏགས་པ་དང་འདྲ་བར་སྒྲོ་འདོགས་དང་སྐྱོན་མཚང་ལ་སུན་འབྱིན་པ་ཁོ་ན་མ་ཡིན་པར་བརྗོད་བྱ་ཕུན་སུམ་ཚོགས་པར་སྣང་སྟེ། དཔེར་ན། རྒོད་དཀར་ལ་མོའི་རྩེ་ནས། །ལྷ་ས་མཇལ་གྱི་ཡོད་ན། །མ་ཅིག་དཔལ་ལྷའི་ཞལ་རས། །ཡང་ཡང་མཇལ་རྒྱུ་ཡོང་འདྲ། ཞེས་པ་དང་། །ཆུ་མོ་ཡར་འབྲོག་གཡུ་མཚོ། །བཅད་ན་ཆད་ཚོད་འདུག་སྟེ། །དགེ་བ་གཏོང་རྒྱུ་མེད་པར། །སྡིག་པ་བསགས་ནས་གང་ཡོང་། །ཞེས་དང་ཡང་གཡུ་ཐོག་ཟམ་པའི་འོག་ལ། །རྟ་ཕོའི་ཉིན་ལམ་བཅོ་བརྒྱད། །རྒད་མོ་ང་རང་ཕྱིན་ན། །ཞོགས་ལས་གཅིག་གི་ས་རེད། །ཞེས་པ་སོགས་ས་གནས་ཀྱི་སྐད་གྲགས་ཡོད་པའི་གནས་དང་རི་ཆུ། ཟམ་པ་སོགས་བརྗོད་བྱར་བྱས་པ་ལྟ་བུ་དང་། དཀར་ཡོལ་འབྲུག་རིས་ནང་ལ། །ནས་ཀྱི་བདུད་རྩི་ཞུས་ཡོད། །ལག་གཉིས་མཐོན་པོར་བཏེགས་ནས། །ཡིད་འཕྲོག་ཁྱེད་ལ་ཕུལ་ཡོད། །ཞེས་པ་ལྟ་བུ་ཆང་གཞས་དང་འདྲ་བ་ཡོད་ཅིང་། མཚང་འབྱིན་པའི་ཚིག་རྒྱག་ལ། ཨ་ཅག་ལྷ་ལས་མཛེས་པ། །གསོལ་ཞིབ་གསེར་ལས་དཀོན་པ། །རྩམ་ཟོམ་ལྕགས་ཁོག་ནང་ལ། །མཛུབ་གུས་རི་མོ་འཐེན་བཞག། ཞེས་པ་དང་། ཞྭ་མོ་ཁོག་ལྡིར་ཁེབས་གཅོད། །ཟི་ལིང་ཞི་མའི་གཞུ་གུ། ཞི་མའི་གཞུ་གུའི་འོག་ལ། །སྲོ་མ་ལྔ་བཅུ་ང་ལྔ། །ཞེས་པ་ལྟ་བུ་ཨ་ཅག་མཛེས་ཀྱང་ཟ་མ་ཧ་ཅང་ཉུང་ལ་རྩམ་ཁུག་ནང་རྩམ་པ་མེད་པ་སོགས་བཤད་ཡོད་ཀྱང་དོན་དངོས་སུ་ཨ་ཅག་གང་དེར་ལག་ལས་ཀ་མེད་པ་དང་ཤོ་ལོ་ཀ་རྗེས་མ་དེས་མི་གང་དེའི་མགོ་ལ་སྲོ་མ་བཏབ་ཡོད་པར་མཚང་འབྱིན་བྱས་པ་ལྟ་བུའོ། །

བཏགས་པའི་བརྗོད་བྱ།

དེ་ཡང་བཏགས་པའི་བརྗོད་བྱ་ནི་མི་དང་བྱ་དངོས་གང་རུང་གི་མི་འདང་བའི་ཆ་དང་གཞན་གྱི་སྐྱོན་མཚང་སོགས་ཐེར་འདོན་དང་དེར་སུན་འབྱིན་བྱེད་པ་གཙོ་བོར་བཟུང་ཡོད་པའི་དམངས་ཁྲོད་ཀྱི་ངག་རྩོམ་ཐུན་མོང་མ་ཡིན་པ་ཞིག་ཡིན། བཏགས་པའི་བརྗོད་བྱ་འདི་དག་གི་ཁྲོད་དུ་ང་ཚོས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་བྱ་བ་སྣ་ཚོགས་མཚོ་ལ་གཟུགས་རིས་ཤར་བ་བཞིན་ངང་གིས་མཐོང་ཐུབ་པ་དང་། ལྷག་པར་ཨ་མདོ་ས་ཆའི་འཚོ་བའི་གོམས་གཤིས་དང་གནད་དོན་དག་གསལ་ལེར་མཐོང་ཐུབ་སྟེ། དཔེར་ན། སྔོན་ཆད་རྒད་མོ་ཞིག་གིས་བུ་མོར་སྐྱེས་པ་གཉོམ་ཆུང་ཞིག་མག་པར་བཞག་ནས། ཞོགས་པར་ཇ་མིན་ཆུ་མིན་ཞིག་བླུད་མ་ཐག་རི་མགོར་ཟོག་འཚོ་རུ་མངགས་ནས་ཉིན་གང་བོར་བརྗེ་སྤོར་བྱེད་མཁན་ཙམ་ཡང་མེད་པར་ཟས་མནར་གོས་མནར་བྱས་པས་མག་པ་དེ་ཐབས་ཟད་ནས་རང་ཡུལ་དུ་འགྲོ་ཁར་འདི་ལྟར་བཏགས་པ་བྱས་ཡོད་དེ། ནངས་ཆུ་སྐྱ་ལོང་སྔོ་ལོང་རེད། །སྔོ་ལོང་ངེད་གཉིས་མཉམ་ལངས་རེད། །དྲོས་ཇ་མུ་མེན་མུ་ཏིག་རེད། །མུ་ཏིག་ངེད་གཉིས་མི་ཐུག་གི། ནུབ་ཚ་ཐུག་པ་ཁེར་ལོག་རེད། །ཁེར་ལོག་ངེད་གཉིས་མཉམ་ལོག་རེད། །ཅེས་རང་ཉིད་མག་པར་འགྲོ་སའི་ཁྱིམ་ཚང་དེས་རང་ཉིད་ལ་ཁ་ཟས་ངན་ངོན་ཙམ་ལས་མི་སྤྲོད་པའི་ཁར་ཉིན་གང་པོར་ཕྱུག་ཟོག་འཚོ་སྐྱོང་བྱེད་དགོས་པ་སོགས་ཀྱི་སྡུག་བསྔལ་མ་བཟོད་པར་འགྲོ་ཁར་འཁང་རའི་ཚུལ་དུ་དེ་ལྟར་བཏགས་པ་བྱས་ཏེ་ཁྱིམ་ཚང་དེའི་སྐྱོན་མཚང་ཐེར་འདོན་བྱས་ཡོད་པ་ལྟ་བུ་དང་། ཡང་དེ་སྔོན་ཨ་ལགས་ཤིག་ལ་སྐུ་སྲིང་འཕྱོར་མོ་གཉིས་ཡོད་པ་དང་རུ་སྐོར་གྱི་དབུལ་ཁྱིམ་ཞིག་ན་བུ་གཞོན་ནུ་ཞིག་ཡོད་པ་བཅས་ཀྱིས་ལྷན་ཅིག་ཏུ་རང་གི་སྒོ་ཕྱུགས་འཚོ་སྐྱོང་བྱེད་ཀྱིན་ཡོད། གྲབ་རྒྱགས་ཆེ་བའི་སྐུ་སྲིང་གཉིས་ཀྱིས་གསར་བུ་དེས་ཕྱིང་ལྭ་ཧྲལ་ཧྲུལ་ཞིག་གོན་ཡོད་པར་ཐེངས་གཅིག་མིན་གཉིས་མིན་དུ་འཕྱ་སྨོད་བྱས་པས་གསར་བུ་དེས་འདི་སྐད་དུ། ངའི་རྒྱབ་ཀྱི་ཕྱིང་རྡུགས་སློག་ཟད། ལུག་ཚེར་མོའི་རྒྱབ་ལ་གྲུབ་ནི་རེད། །ཕོ་རང་གིས་ལག་ལས་བཏོད་ནི་རེད། །ཁྱོའི་རྒྱབ་ཀྱི་གོས་ཚར་གོས་ལྭ། །རྗེ་བླ་མའི་ཕྱག་ལས་ཡོང་ནི་རེད། །རོ་དྲོན་པོའི་རྒྱབ་ནས་བཤུས་ནི་རེད། ཅེས་བུ་མོ་དེ་གཉིས་ཀྱིས་ཀྱང་དཀོར་ཟས་དཀོར་ཆུ་སྤྱོད་བཞིན་པར་སུན་འབྱིན་བྱས་ཡོད། དེ་མིན་ད་དུང་གཞན་གྱི་བྱ་སྤྱོད་ངན་པ་ཐེར་འདོན་དང་རྒྱུ་འབྲས་ཀྱི་གནས་ལུགས་སྟོན་པའི་བཏགས་པ་དཔེར་ན། བན་སེར་མོ་སེམས་མེད་ཅིག་གིས། །བྱ་གོ་མེད་གོང་མོ་ཞིག་ལ། །རྡོ་གོར་མོས་ཀླད་རྡོ་སྤྲོད་གི། ཞིང་ཞིག་ལ་འདྲེན་རྒྱུ་མིན་དུས། །འཕྲང་ཞིག་ནས་སྒུག་རྒྱུ་ལོས་ཡིན། །ཞེས་པས་གཅིག་ནས་རབ་བྱུང་བས་འདུལ་ཁྲིམས་ཚུལ་བཞིན་མི་སྲུང་བའི་སྣང་ཚུལ་ལ་དགག་རྒྱག་དང་གཉིས་ནས་སྲོག་ལྡན་གང་ཞིག་གི་ཚེ་སྲོག་འཕྲོག་ཚེ་རྣམ་སྨིན་འཁོར་སྲིད་པའི་བོད་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དེ་མངོན་པར་མཚོན་ཡོད་པ་ལྟ་བུའོ། །

ཚིག་རྒྱག་གི་སྒྱུ་རྩལ་ཁྱད་ཆོས།

དེ་ཡང་དབུས་ཀྱི་ཚིག་རྒྱག་ཀྱང་བོད་རིགས་དམངས་ཁྲོད་ལས་བྱུང་བ་དང་ཐོལ་བྱུང་དུ་བརྩམས་པས་ཐད་ཀར་ཡིན་པ། ཀུ་རེ་རྩེད་མཚར་དང་ཚིག་ཉུང་དོན་འདུས་ཀྱི་རང་བཞིན་ལྡན་པ་ནི་ཨ་མདོའི་བཏགས་པ་དང་འདྲ་མོད། མང་ཤོས་ཚིག་བཅད་ཚེག་བར་དྲུག་ཅན་ཡིན་ཞིང་། དེ་ལའང་དོན་གབ་སྦས་དང་དཔེ་དཔེ་ཅན་ལ་སྦྱར་བའི་ཁྱད་ཆོས་ཡོད།

གཅིག གང་སྟོན་པར་འདོད་པའི་དོན་དེར་གབ་སྦས་ཀྱི་རང་བཞིན་ལྡན་པ་དཔེར་ན། རྟ་ཕོ་ཆག་གིས་གསོས་ནས། །རྐང་ཐང་འགྲོ་དགོས་བྱུང་ན། །རྟ་ར་གྲུ་བཞིའི་ནང་ལ། །གསོས་དང་མ་གསོས་མི་འདུག། །ཞེས་གཞན་ལ་དྲིན་བྱས་ཀྱང་དྲིན་དུ་མ་ཤེས་པ་ལ་རྟ་ཕོ་ཆག་གིས་གསོས་ཀྱང་རྐང་ཐང་དུ་འགྲོ་དགོས་པའི་དཔེར་བཀོད་དེ་ཟུར་ཟའི་ཚུལ་དུ་བཤད་པ་ལྟ་བུ་དང་། ཆུ་མོ་ཁ་ཞེང་ཆེ་ཡང། །འགྲོ་ས་ཟམ་པའི་འོག་རེད། །ཟམ་པ་དབུ་འཕངས་མཐོ་ཡང་། །རྐང་ཆུང་གཡས་པའི་འོག་རེད། །ཅེས་གོང་མའི་ཡན་ན་གོང་མ་དང་བླ་མའི་ཡན་ན་བླ་མ་ཞེས་པའི་དཔེ་ལྟར་མི་ལ་མཐོ་དམའ་བར་གསུམ་དང་དབང་ལ་ཆེ་ཆུང་ཅི་རིགས་ཡོད་པ་བསྟན་ཡོད། དཔེ་དཔེ་ཅན་ལ་སྦྱར་བའི་ཁྱད་ཆོས་ཡོད་པ་དཔེར་ན། ཤིག་གིས་ལ་མོ་བརྒྱབ་ཀྱང། གོང་མའི་ཕྱི་ནང་ཡིན་འགྲོ། །ཁྱོད་ཀྱིས་ཡི་གེ་སྦྱངས་ཀྱང་། །ལོ་གསུམ་ཀ་ཁ་ཡིན་འགྲོ། །ཞེས་ཁྱོད་ཀྱིས་ལོ་གསུམ་ལ་ཡི་གེ་སྦྱངས་ཀྱང་ད་དུང་ཀ་ཁ་མ་གཏོགས་ཤེས་མེད་པ་དེ་ཤིག་གིས་ལ་མོ་ཇི་ལྟར་བརྒྱབ་ཀྱང་གོང་བའི་ཕྱི་ནང་ལས་ཆོད་མེད་པ་དཔེར་བཀོད་དེ་ཟུར་ཟ་བྱས་པ་དང་། ཆུ་ཞིག་ལེན་ནི་ལེན་དགོས། །ཆུ་ཉོག་བླངས་ནས་གང་ཡོང་། །ལས་ཤིག་ལས་ནི་ལས་དགོས། །སྡུག་ཡུས་བཤད་ནས་གང་ཡོང་། །ཞེས་ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པའི་དཔེ་ལྟར་དོན་དག་གང་ཞིག་སྒྲུབ་ནི་སྒྲུབ་དགོས་ཏེ་སྡུག་ཡུས་བཤད་པས་མི་ཡོང་བ་དེ་ཆུ་ལེན་དགོས་པ་གཞིར་བཞག་ཡིན་དུས་རྙོག་ཆུ་བླངས་ན་མི་ཕན་པ་དཔེ་རུ་བཀོད་དེ་བྱ་བ་གང་ཞིག་སྒྲུབ་ཀྱང་ལས་ཆོད་ཡོད་པ་དང་ཕན་པ་ཡོད་པའི་སྒོ་ནས་སྒྲུབ་དགོས་ཚུལ་བསྟན་ཡོད་པ་སོགས་མང་ངོ་། །

བཏགས་པའི་སྒྱུ་རྩལ་ཁྱད་ཆོས།

དམངས་ཁྲོད་ཀྱི་ངག་རྩོམ་གང་རུང་ཞིག་ལ་མཚོན་ནའང་དེར་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དེ། བཏགས་པ་ནི་ཨ་མདོའི་དམངས་ཁྲོད་ངག་རྩོམ་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་ཡོད་པ་རེད། ཨ་མདོའི་དམངས་ཁྲོད་བཏགས་པའི་སྐོར་ལ་དབྱེ་ཞིབ་བྱས་པ་ལས་ཤེས་གསལ་ལྟར་ན། བཏགས་པ་ནི་ངག་རྩོམ་གཞན་དང་མི་འདྲ་བར་གསལ་འདོན་བྱེད་འདོད་པའི་གནད་དོན་གང་ཞིག་གི་རང་བཞིན་ངོ་མ་དེ་ཇི་བཞིན་དུ་ཕྱིར་མངོན་པར་བྱས་ཡོད་པས་ཐད་ཀར་བའི་རང་བཞིན་དང་། ཚིག་ཉུང་དོན་འདུས་གནད་ལ་འཁེལ་བ། ཚིག་བཅད་དང་སྒྲ་རྒྱན་གྱི་ཁྱད་ཆོས་ལྡན་པ་མ་ཟད་ད་དུང་ཐོལ་བྱུང་དུ་བརྩམས་པ་ཡིན་པས་སུ་ཡིན་གྱིས་བཤད་དཀའ་བ་སོགས་ཀྱི་ཁྱད་ཆོས་ཧ་ཅང་མང་ངོ་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1