ཁ་དྲི་ཇི་ལྟར་མེད་པ་བྱ་དགོས་།
ཚུལ་ཁྲིམས་བཟང་པོས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25
ཁ་དྲི་ལ་རིགས་དབྱེ་ཚུལ་མི་འདྲ་བ་དུ་མ་ཡོད་དེ། དཔེར་ན། བདེན་གཤིས་ཁ་དྲི་དང་རྫུན་གཤིས་ཁ་དྲི། ཁ་དྲི་འཇིགས་དངངས་ནད། ཁ་ནས་བྱུང་བའི་རང་བཞིན་གྱི་ཁ་དྲི་དང་ཁ་ནས་བྱུང་བའི་རང་བཞིན་མིན་པའི་ཁ་དྲི་སོགས་ཡོད། འདི་ནས་རང་ངོས་ནས་མེད་པ་བྱེད་ཐུབ་པའི་ཁ་དྲི་དང་རང་ངོས་ནས་མེད་པ་བྱེད་མི་ཐུབ་པའི་ཁ་དྲི་རིགས་གཉིས་སུ་དབྱེ་ནས་ངོ་སྤྲོད་རགས་བསྡུས་ཤིག་བྱ་རྒྱུ་ཡིན།
དང་པོ། རང་ངོས་ནས་མེད་པ་བྱེད་ཐུབ་པའི་ཁ་དྲི།
གལ་སྲིད་ང་ཚོའི་ཁ་དྲི་དེ་ཁ་ནང་དུ་ལུས་པའི་འབུ་ཕྲ་དྲི་ངན་ཅན་ཁོ་ན་ལས་བྱུང་བ་ཡིན་ཚེ། འདི་རང་ངོས་ནས་མེད་པ་བྱེད་ཐུབ་སྟེ། ནམ་རྒྱུན་སོ་བཀྲུ་བ་དང་སོ་སྐུད་ཀྱིས་གཙང་མ་བྱེད་པ། ལྕེ་ངོས་བཀྲུ་བ། ཟ་མ་ཟོས་རྗེས་མངར་མེད་པའི་ཐང་ཆུ་ཟ་བ་སོགས་ཁ་ནང་ལ་གཙང་སྦྲ་ཡག་མོ་བྱས་ན། ཁ་ནང་དུ་ལུས་པའི་འབུ་ཕྲ་དྲི་ངན་ཅན་ཕལ་ཆེར་རྩ་མེད་གཏོང་ཐུབ་ལ། དེའི་ཐོག་ཟ་ཉལ་འགྲོ་འདུག་ཐད་བཀོད་སྒྲིག་ལུགས་དང་མཐུན་པ་རྒྱུན་འཁྱོངས་བྱས་རྗེས། ཁྱོད་རང་ཁ་དྲི་ལས་བར་ཐག་རིང་དུ་གྱེས་པ་གདོན་མི་ཟ།
གཉིས་པ། རང་ངོས་ནས་མེད་པ་བྱེད་མི་ཐུབ་པའི་ཁ་དྲི།
1. ཁ་ཆུ་ཟགས་ཐེངས་ཇེ་ཉུང་ཕྱིན་ནས་ཁ་དྲི་བྲོ་བ།
ཁ་ཆུ་ཡིས་སོའི་གཙང་སྦྲ་ལ་ཐེབས་པའི་ཕན་ནུས་ཤིན་ཏུ་ཆེ་སྟེ། ཚད་ངེས་ཅན་ཞིག་གི་ཐོག་ནས་ཁ་ཆུ་ནི་སོ་གཙང་མ་བཀྲུ་བྱེད་ཀྱི་ཁྲུས་ཆུ་ལྟ་བུ་ཡིན་ལ། དེས་འབུ་ཕྲ་དང་ཟ་མ་ལྷག་རོ་ཁག་ཅིག་གཙང་མ་བཀྲུ་ཐུབ། གལ་སྲིད་སོ་བཀྲུ་བྱེད་ཀྱི་ཁྲུས་ཆུ་དེ་མེད་སོང་ན། ཁ་དྲིའང་ངང་ངམ་ཤུགས་ཀྱིས་འབྱུང་བར་ཐེ་ཚོམ་མི་དགོས། ཁ་ཆུ་ཟགས་ཐེངས་ཇེ་ཉུང་ཕྱིན་ནས་ཁ་དྲི་བྲོ་བའི་རྒྱུ་རྐྱེན་ནི་ཤིན་ཏུ་རྙོག་འཛིང་ཆེ་སྟེ། སྨན་རྫས་ཀྱི་ཤུགས་རྐྱེན་དང་མཆིལ་རྨེན་ནད། འགྱེད་འཕྲོ་ཐིག་རྨས་སྐྱོན་སོགས་རྒྱུ་རྐྱེན་དུ་མ་དང་འབྲེལ་བ་ཡོད་སྲིད་པས། ཆེད་ལས་སྨན་པ་ལ་བསྟེན་ནས་ཁ་དྲི་མེད་པ་བྱ་དགོས།
2. ཁ་ནང་གི་ནད་ཀྱིས་རྐྱེན་པའི་ཁ་དྲི།
དཔེར་ན། སོའི་མཐའ་འཁོར་གྱི་ནད་དང་སོ་རུལ་བ། ཕུགས་སོ་སྐྱེས་ནས་གཉན་ཁ་རྒྱས་པ་སོགས་ཁ་ནང་གི་ནད་འདི་དག་གིས་སོ་དང་རྐང་གི་བར་དུ་ཀོང་ཤུར་དང་ཁུང་བུ་འདྲ་མིན་བཟོས་རྗེས། དྲི་ངན་ཅན་གྱི་འབུ་ཕྲ་རྣམས་དེའི་ནང་འཛུལ་ནས་ཕྱི་ལ་སྟོན་ཐུབ་བཞིན་མེད་ལ། དུས་རྒྱུན་གྱི་གཙང་སྦྲ་ཙམ་གྱིས་དེ་དག་རྩ་མེད་གཏོང་ཐབས་བྲལ།
3. ལུས་པོའི་གནས་གཞན་གྱིས་རྐྱེན་པའི་ཁ་དྲི།
ཁ་དྲི་10%ནས་20%ནི་ལུས་པོའི་གནས་གཞན་ལ་གནད་དོན་བྱུང་ནས་རྐྱེན་པའི་དྲི་མ་ཡིན། འདི་གཙོ་བོ་དལ་གཤིས་ཅན་གྱི་ནད་རིགས་ཁག་ཅིག་ལས་བྱུང་བ་ཡིན་ཏེ། དཔེར་ན། གདོང་སྲིན་དང་ལྐོག་རྨེན་ལ་གཉན་ཁ་རྒྱས་པ། ཕོ་ཁའི་ནད། གློ་ཚད། གཅིན་པ་མངར་འགྱུར་ནད་སོགས་ལས་བྱུང་བ་ཡིན། གོང་གི་ཁ་དྲིའི་རིགས་འདི་དག་ནི་རང་ངོས་ནས་གཙང་སྦྲ་བྱས་པ་གཅིག་པུ་ཙམ་གྱིས་མེད་པ་འགྱུར་མི་ནུས་པས། ཆེད་ལས་སྨན་པ་ལ་བསྟེན་ནས་སྔ་ཙམ་ནས་སྨན་བཅོས་བྱ་དགོས།
ཁྱོའི་ཁ་ནས་བྲོ་བའི་དྲི་མ་དེས་ཁྱོའི་འཚོ་བའི་རྣམ་འགྱུར་མཚོན་བཞིན་ཡོད་ལ། གནས་ཚུལ་ཞིབ་ཕྲ་ལས་མི་གཤིས་མངོན་ཟེར་བ་ལྟར་ཁ་དྲི་ནི་སྣང་མེད་དུ་གཏང་མི་རུང་བའི་གནས་ཚུལ་ཞིབ་ཕྲ་ཞིག་ཡིན་ཏེ། ཛ་རེ་ཛོ་རེ་དང་གཙང་སྦྲ་འཕྲོད་བསྟེན་མེད་པའི་མི་ལ་སུ་ཡང་མི་དགའ་བ་སྨོས་མ་དགོས། གལ་སྲིད་ཁ་ནང་གི་སོ་རྣམས་དུང་ལྟར་དཀར་ཞིང་དྲི་ངན་དང་འབྲལ་ཚེ། ཀུན་གྱིས་འཛེམ་དོགས་མེད་པར་དགའ་པོ་བྱ་ངེས། ལར་རང་གི་འཁྲིས་སུ་ཁ་དྲི་ཅན་གྱི་གྲོགས་པོ་ཡོད་ན། དེ་ལ་སྔ་ཙམ་གནས་ཚུལ་ལུགས་དང་མཐུན་པར་བཤད་ནས་ཁ་དྲི་དང་རྒྱང་ཐག་ཇེ་རིང་དུ་བྱ་བར་སྐུལ་དགོས་སོ། །