ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་སྤྱི་ཚེས་24ཉིན་པེ་ཅིང་དུ་མཇུག་འགྲིལ་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་གཤམ་གསལ།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་སྤྱི་ལོ་2021ལོའི་ཟླ་1ཚེས་22ནས་ཚེས་24ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་133དང་ཟུར་ཞུགས་མི་གྲངས་253ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཕེབས་ཡོད།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ལོ་2020ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་བྱས་པ། སྤྱི་ལོ་2021ལོའི་ལས་འགན་བཀོད་སྒྲིག་བྱས་པ། བློ་མཐུན་ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་༼དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ལེགས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་༽ཞེས་པའི་ལས་དོན་སྙན་ཞུ་གནང་བར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཡོད། ཚང་མས་མགྲིན་དབྱངས་གཅིག་གྱུར་ངང་། གསུང་བཤད་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་གསར་པ་ཐོབ་པར་ཁས་ལེན་གང་ལེགས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་དུས་བབ་གསར་པ་དང་ལས་འགན་གསར་པར་རྒྱས་བཤད་གཏིང་ཟབ་གནང་བའི་ངོས་འཛིན་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཀྱི་ཐོག་ནས་བལྟ་དགོས་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲིད་སྟོན་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་ལྟ་སྐུལ་ཐོག་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ་ནན་གསུང་གནང་ཡོད། གསུང་བཤད་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་དང་། དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་ལེགས་པའི་སྒོ་ནས་གོང་འཕེལ་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག། སྤྱི་ལོ་2020ལོར། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་། དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་སྤྱི་དང་ལྷག་པར་དུ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འགྲོ་ཚུལ་ལ་དམིགས་ནས་གཅིག་གྱུར་འཆར་འགོད་གནང་བ་དང་། འགག་སྒྲོལ་དཀའ་སེལ་དང་། ཉེན་ཆེ་གོ་སྐབས་སུ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་པས། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་གང་ལེགས་མངོན་ཡོད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ས་གནས་རིམ་པ་ཁག་གི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་སྲུང་སྐྱོང་གཉིས་ཐུབ་པ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་ཁུར་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འབད་བརྩོན་ལྷོད་མེད་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཐའ་མའི་དམག་འཐབ་རྒྱག་པ་སོགས་ཀྱི་འཐབ་རྩོད་ཆེན་པོ་དང་ཚོད་བགམ་ཆེན་པོའི་ཁྲོད་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ལས་འགན་ལག་ལེན་བསྟར་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་དམ་པོར་གཞིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ཆེན་པོས་དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་ངང་ཡོ་བསྲང་བྱེད་དགོས། སྐོར་གཟིགས་དང་སྐོར་ཞིབ་གཉིས་གོང་འོག་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་དང་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་འཐབ་ཇུས་དམིགས་ཚད་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། སྲིད་ཁྲིམས་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་ངན་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་ཤུགས་རྒྱག་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། གློག་སྒྲོན་འོག་གི་མུན་ནག་ལྟ་བུའི་གནས་ཚུལ་ཐོན་རྒྱུར་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས་ཞེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ལོ་2021ལོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ་བཅས་བྱས་ཐོག ཚད་མཐོན་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུས་བརྗོད་དོན་གཙོ་བོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་ཧྲིལ་པོར་གཞིགས་ཏེ་འགན་སྲུང་ལག་བསྟར་བྱེད་པར་ལྟ་སྐུལ་དང་གོང་འཕེལ་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཡག་པོ་འཛུགས་རྒྱུར་འགན་སྲུང་བརྟན་པོ་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་ཡོད།
དེ་ཡང་། གཅིག་ནས། རང་རྟོགས་ངང་སྲུང་སྐྱོང་གཉིས་ལག་བསྟར་ཐུབ་པ་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཤུགས་ཆེན་ལ་བརྟེན་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་ལག་ལེན་བསྟར་རྒྱུར་འགན་སྲུང་བྱ་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ། ཚད་མཐོན་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བཀོད་ཇུས་གལ་ཆེན་ལ་གཞིགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཤུགས་ཆེར་གཏོང་རྒྱུ་སོགས་གཙོ་གནད་ལས་འགན་ལ་གཞིགས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་དང་གོང་འཕེལ་གྱི་ཁོར་ཡུག་ཡག་པོ་གཏོད་དགོས།
གཉིས་ནས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་བཏང་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། གཙོ་གནད་ཐོག་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་སྣོལ་འབྲེལ་ཡིན་པའི་རུལ་སུངས་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་། རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སོགས་ཐད་ཀྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་དགོས། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་གནད་དོན་རྒྱུན་མཐུད་བཅོས་སྒྲིག་བྱེད་པ། སྲིད་ཁྲིམས་ཁོངས་གཏོགས་ལས་ཁུངས་ཀྱི་རུལ་སུངས་ལ་ཆད་གཅོད་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་དང་རྒྱལ་སྤྱིའི་བྲོས་བྱོལ་རྗེས་འདེད་དང་ལྐོག་རྔན་ཚུར་ལེན་བྱ་རྒྱར་སྐུལ་འདེད་གཏིང་ཟབ་གཏོང་དགོས།
གསུམ་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་བཅོས་སྒྲིག་གཏིང་ཟབ་བྱས་ནས། བདེན་འཚོལ་དངོས་སྒྲུབ་དང་སྤྱོད་གཙང་གཞུང་དྲང་གི་སྤྱོད་ཚུལ་བཟང་པོ་རྒྱུན་ཆད་མེད་པར་དར་སྤེལ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་གང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་གནད་འཕིགས་བཅོས་སྒྲིག་བྱེད་པ། སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་སྤྱོད་ངན་ཞིབ་བཤེར་ནན་པོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་ཀྱིས་ཚོང་གཉེར་བྱེད་པའི་ཁེ་ལས་ཀྱི་བྱ་སྤྱོད་ཚད་ལྡན་བཟོ་བའི་གཏན་འབེབས་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་བཟའ་མི་བུ་ཕྲུག་ལ་དོ་དམ་ཡག་པོ་དང་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནན་པོ་བཟོ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
བཞི་ནས། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་དང་སྤྱོད་ཚུལ་ངན་པ་བཅོས་སྒྲིག་ རྒྱུན་མཐུད་བྱས་ནས། སྤྱི་ཚོགས་ཀྱི་གཞུང་དྲང་དྲན་བདེན་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། དམངས་ཕན་དམངས་ཕྱུག་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མི་ཕུད་པ་བཞིའི་སྲིད་ཇུས་གྲུབ་འབྲས་བརྟན་དུ་གཏོང་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དང་སྨན་བཅོས། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ། འབྱུང་ཁམས་ཁོར་སྲུང་། བདེ་འཇགས་ཐོན་སྐྱེད་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་བཅོས་སྒྲིག་རྒྱུན་མཐུད་བྱེད་པ་བཅས་བྱས་ནས། ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་འགེབས་སྲུང་པར་ཆད་པ་མཐའ་གཅིག་ཏུ་གཅོད་དགོས།
ལྔ་ནས། སྐོར་གཟིགས་སྐོར་ཞིབ་ཐད་གོང་འོག་མཉམ་འགུལ་ཐུབ་རྒྱུར་སྐུལ་འདེད་བཏང་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་རལ་གྲི་དང་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐོར་གཟིགས་སྐོར་ཞིབ་ཀྱི་བཅོས་སྒྲིག་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཟབ་ཏུ་བཏང་ནས། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་གཞི་རིམ་དུ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས།
དྲུག་ནས། རིགས་ཁག་གི་ལྟ་སྐུལ་འབྲེལ་མཐུད་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ནས། ལྟ་སྐུལ་བཅོས་སྒྲིག་གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ཧྲུའུ་ཅིའི་འགན་འཁྲི་བ་དང་པོའི་འགན་འཁྲི་ནན་དུ་གཏོང་དགོས། རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཟབ་ཏུ་བཏང་ནས་གཙོ་འགན་འཁུར་མཁན་དང་འགོ་ཁྲིད་མཉམ་སྡེབ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་མི་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་རྩད་གཅོད་བྱེད་པའི་མཚོན་ཆ་གནད་འཕིགས་ཚད་ལྡན་ངང་བེད་སྤྱོད་ཡག་པོ་གཏོང་དགོས།
བདུན་ནས། སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞིའི་བསྒྱུར་བཅོས་ལ་དམ་འཛིན་གཏིང་ཟབ་བྱས་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞིའི་བསྒྱུར་བཅོས་ལས་འགན་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས།
བརྒྱད་ནས། རང་ངོས་ཀྱི་ལྟ་སྐུལ་གཅུན་སྡོམ་ལ་ཤུགས་སྣོན་ནན་པོ་བརྒྱབ་ནས། ཆབ་སྲིད་བྱང་ཚད་མཐོ་བ་དང་། བློ་དཀར་འགན་སེམས་ཆེ་བ། ཆེད་ལས་ཅན་གྱི་ནུས་པ་ཆེ་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་འཛུགས་སྐྱོང་བྱེད་དགོས། དར་ཆ་གསལ་སྒྲེང་ཐོག་ནས་ཆབ་སྲིད་གླེང་རྒྱུར་སྣེ་ཁྲིད་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། རང་རྟོགས་ངང་ཆེས་དོ་ནན་ཤོས་ཀྱི་གཅུན་སྡོམ་དང་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་། ཁྱིམ་མི་དང་གཉེན་ཚན་གྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ཤུགས་རྐྱེན་ལ་བརྟེན་ནས་སྒེར་ལ་རྒྱུ་ནོར་ཐོབ་ཐབས་བྱ་རྒྱུ་གཏན་འགོག་བྱས་ཏེ། ལྕགས་ལྟ་བུའི་སྒྲིག་ཁྲིམས་སྤྱོད་བཟང་ཐོག་ནས་སྒྲིག་བཤེར་ལྟ་ཞིབ་དཔུང་སྡེ་འཛུགས་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། བློ་མཐུན་ཡུས་ཧུང་ཆེའུ་དང་ཧྥུ་ཁུའེ་རྣམ་གཉིས་ཀྲུང་གུང་ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་བདམས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།