གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས24ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལ་གྲོས་འཆམ་བྱུང་ཞིང་། གསར་འགོད་པས་ཉིན་དེར་འཚོགས་པའི《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་གྲོས་འཆམ་བྱུང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གནས་ཚུལ་རྒྱུས་ལོན་བྱུང་བལྟར་ན། སྲོལ་ཡིག་འདི2021ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲོའུ་དབྱི་ཧྥེང་གིས་མཚམས་སྦྱོར་བྱས་དོན། 《སྲོལ་ཡིག》གཏན་འབེབས་བྱས་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་ཡོང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གྱི་བྱེད་ལས་ཆ་ཚང་ལག་བསྟར་དོན་འཁྱོལ་ཡོང་བ་ཡིན་ཞིང་། དེ་ནི་སྐྱེ་ཁམས་ཤེས་དཔལ་གྱི་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཆབ་སྲིད་ཀྱི་འགན་འཁྲི་དངོས་སུ་འཁུར་དགོས་པའི་དགོས་ངེས་ཀྱི་རེ་བ་ཡིན་པས། དེ་བོད་རང་སྐྱོང་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་བློ་སེམས་གཅིག་འདྲེས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བཟོ་བར་སྐུལ་སློང་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཕན།
《སྲོལ་ཡིག》ལ་བསྡོམས་པས་ལེའུ་བཅུ་དང་དོན་ཚན་68་ཡོད་ཅིང་། དེ་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་། ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་བསྐྲུན་རྒྱུ”ཡི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལ་དམ་པོར་དམིགས་ནས་ལག་བསྟར་དོན་འཁྱོལ་ཡོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ཚན་རིག་སྒོས་འཆར་འགོད་བྱ་རྒྱུ་སྤྱི་ཁྱབ་བཀོད་འདོམས་པ་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱ་རྒྱུ་ཕུང་གཟུགས་བྱས་པ། སྐྱེ་ཁམས་ཤེས་དཔལ་གྱི་མ་ལག་འཛུགས་སྐྲུན་བྱ་རྒྱུ་འདེགས་སྐྱོར་བྱས་ནས་གྲུབ་ཚུལ་དང་ནང་དོན་གྱི་ཐད་ནས་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་རྩ་འཛུགས། སྤྱི་དམངས་མི་སྒེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་དུ་གཏོང་རྒྱུ་རེད།
ཡར་འབྲོག་གཡུ་མཚོ།
《སྲོལ་ཡིག》ཏུ་སྤྱི་ཚོགས་མཉམ་སྒྲུབ་ཅེས་པའི་ལེའུ་གཅིག་ལོགས་སུ་བཀོད་སྒྲིག་བྱས་ཤིང་། དེར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱ་རྒྱུའི་ཁྲོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་ཁེ་དབང་དང་འོས་འགན་ལ་གཏན་འབེབས་ཁ་གསལ་བྱས་ཡོད་པ་དང་། སྲིད་གཞུང་གི་གཅིག་གྱུར་འཆར་འགོད་ཀྱི་སྐུལ་འདེད་དང་དམངས་ཡོངས་ཀྱི་མཉམ་སྒྲུབ་དང་ནང་ཞུགས་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱ་རྒྱུ་དེ་བོད་རང་སྐྱོང་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་བློ་བརྟན་དང་རང་འགུལ་གྱི་བྱེད་ལས་ཤིག་ཏུ་གྱུར་པར་བཅུག་ནས་སྤྱི་ཚོགས་ཁྱོན་ཡོངས་སུ་སྐྱེ་ཁམས་ཤེས་དཔལ་གྱི་རིན་ཐང་གི་འདུ་ཤེས་དང་བྱེད་ལས་ཀྱི་ཚད་གཞི་བརྟན་པོ་ཞིག་འཛུགས་པར་སྐུལ་འདེད་བཏང་བ་རེད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བྱ་བའི་ལམ་སྲོལ་ནི། 《སྲོལ་ཡིག》སྤྱིའི་རྩ་དོན་དུ་ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཅའ་ཁྲིམས་ལྟར་ལྟ་ཞིབ་བྱེད་པ། སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། སྡེ་ཁག་གིས་མཐུན་སྦྱོར་མཉམ་འབྲེལ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་ནང་ཞུགས་ཀྱི་བྱ་བའི་ལམ་སྲོལ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། འགན་དབང་གི་ཁྱབ་ཁོངས་མི་འདྲ་བར་གཞིགས་ཏེ། 《སྲོལ་ཡིག》གི་ལེའུ་གཉིས་པ་ནས་ལེའུ་དྲུག་པའི་ནང་བོད་རང་སྐྱོང་ལྗོངས་དང་། ས་གནས་ཀྱི་གྲོང་ཁྱེར། རྫོང(ཆུས)མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འཛུགས་སྐྲུན་གྱི་འགན་འཁྲི་གཏན་འབེབས་ཁ་གསལ་བྱས་ཏེ། སྲིད་གཞུང་གི་གཅིག་གྱུར་འཆར་འགོད་ཀྱི་སྐུལ་འདེད་དང་། སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་གྱི་འགན་འཁྲི་ནུས་ལྡན་སྒོས་བརྟན་པོ་དང་གཟབ་ནན་དུ་བཏང་ཡོད། 《སྲོལ་ཡིག》གི་ལེའུ་བདུན་པའི་ནང་རིམ་པ་སོ་སོའི་སྤྱི་ཚོགས་ཀྱི་ཚོགས་པ་དང་། འབྲེལ་ཡོད་ལས་རིགས་ཁག གྲོང་ཚོ(སྡོད)དང་སྡེ་ཁུལ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནས་སོགས་སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ལས་དོན་ནང་ཞུགས་ཏེ། སྤྱི་ཚོགས་ཀྱི་མཉམ་སྒྲུབ་ནང་ཞུགས་ཀྱིས་འཛུགས་སྐྲུན་བྱེད་པའི་འགན་འཁྲི་འབུར་དུ་ཐོན་པ་བྱས་ཡོད། ལེའུ་བརྒྱད་པའི་ནང་འགན་སྲུང་ལྟ་ཞིབ་ཀྱི་ཚན་པ་སོ་སོའི་ལམ་ལུགས་གཏན་འབེབས་ཁ་གསལ་བྱས་ཡོད་ཅིང་། དེའི་ཁྲོད་རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིང་གཞུང་གི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་བྱ་བའི་ལས་དོན་ལ་ཉན་ཏེ། ཁྲིམས་འཛིན་གྱིས་ལྟ་ཞིབ་དང་ལས་དོན་ལྟ་ཞིབ་སྤེལ་བར་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་གཡུང་བཀྲས་འབྲེལ་ཡོད་ཀྱི་གནས་ཚུལ་མཚམས་སྦྱོར་བྱེད་་བཞིན་པ།
“《སྲོལ་ཡིག》གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་ཀྱི་རྩ་དོན་གང་ལེགས་སྒོས་མཚོན་པར་བྱས་ཤིང་། དེས་ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་ཀྱི་བླང་བྱ་དང་། དུས་རབས་ཀྱི་ཁྱད་ཆོས། དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྐྱོང་མཉམ་རོལ་གྱི་འདུ་ཤེས་གང་ལེགས་སྒོས་མཚོན་པར་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་གཡུང་བཀྲས་དེ་ལྟར་བཤད།