ཕྱི་སྣོད་ཀྱི་བཀོད་པ་ལེགས། ནང་བཅུད་ཀྱི་སེམས་ཅན་བདེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 01-27


 ——རང་ཁུལ་གྱིས་གྲོང་གསེབ་དར་རྒྱས་སུ་བཏང་ཚུལ་བཀོད་པ།



            གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། རང་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཤུགས་ཆེན་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྐུལ་སྤེལ་བཏང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་ཕན་འབྲས་བཟང་བོ་ཡོད་པས། ཁུལ་ཡོངས་ཀྱི་ཞིང་གསུམ་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད།
           ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྤྱི་འདོམས་ཀྱིས་ལག་བསྟར་བྱས། ལས་དོན་སྐུལ་སྤེལ་གྱི་ལམ་སྲོལ་འཐུས་ཚང་དུ་བཟོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཟོས་པ་དང་། ཚོད་ལྟའི་དཔེ་སྟོན་དམ་པོར་བཟུང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྐུལ་སྤེལ་བཏང་། ཚོད་ལྟའི་དཔེ་སྟོན་ཁྲོད་དཔེ་མཚོན་དཔེ་སྟོན་དང་རིམ་དབྱེ་སྐུལ་སྤེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རྫོང (གྲོང་ཁྱེར) དང་། ཡུལ་ཚོ(གྲོང་རྡལ)། གྲོང་སྡེ(སྡེ་ཁུལ)སོ་སོའི་གསར་གཏོད་ཀྱི་བརྩོན་སེམས་འདོན་སྤེལ་བྱས། དབར་དུ་ཁུལ་ཡོངས་སུ་ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་སྔོན་ཐོན་ཡུལ་ཚོ་དང་གྲོང་རྡལ་3དང་། དཔེ་སྟོན་གྲོང་སྡེ་14ཡོད་པ་དང་། ཁུལ་རིམ་པའི་སྔོན་ཐོན་རྫོང(གྲོང་ཁྱེར)2དང་། སྔོན་ཐོན་ཡུལ་ཚོ་དང་གྲོང་རྡལ་5། དཔེ་སྟོན་གྲོང་སྡེ་30ཡོད་ལ། རྫོང(གྲོང་ཁྱེར)རིམ་པའི་སྔོན་ཐོན་ཡུལ་ཚོ་དང་གྲོང་རྡལ་18དང་། དཔེ་སྟོན་གྲོང་སྡེ་46ཡོད།

        ཁྱད་ལྡན་ལྗོངས་སྐོར་གྱི་གྲོང་རྡལ། རང་ཉིད་ཀྱི་ཁྱད་ཆོས་གཙིགས་སུ་བཟུང་ནས་གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལས་སྔོན་ཐོན་ཡུལ་ཚོ་དང་གྲོང་རྡལ་འཛུགས་བསྐྲུན་ལ་སྣེ་ཁྲིད་བྱས་པ།
        གྲོང་གསེབ་དར་རྒྱས་སུ་གཏོང་ན་ཐོན་ལས་ནི་རྨང་གཞི་ཡིན་པ་དང་སྐྱེ་ཁམས་ནི་འགག་རྩ་ཡིན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། རང་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་དམིགས་འབེན་ལ་དམིགས་ཏེ། གཟི་རྩ་སྡེ་དགུ་ནས་གསེར་མཚོའི་སྐོར་ལམ་གྱི་ལྗོངས་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཙང་རྩ་གྲོང་རྡལ་དང་ཟུང་ཆུ་རྫོང་གཙོ་ཚང་སྒུ་གྲོང་རྡལ་བསྐྲུན་པ་དང་། ཞིང་ལས་དང་ལྗོངས་སྐོར་གྱི་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་བྱས་ནས་ཁོར་ཡུག་མཛེས་ཤིང་འཚོ་སྡོད་དང་འཚམ་པའི་སྔོན་ཐོན་གྲོང་རྡལ་བསྐྲུན་ཡོད། སྔོན་ཐོན་དཔེ་སྟོན་ཡུལ་ཚོ་དང་གྲོང་རྡལ་འཛུགས་སྐྲུན་ཁྲོད། གཙང་རྩ་གྲོང་རྡལ་གྱིས་གཟི་རྩ་སྡེ་དགུའི་ལྗོངས་སྐོར་ཁྲོམ་རར་དམིགས་ནས། ལྟེ་བའི་ས་ཁོངས་ཀྱི་སྤྱིའི་ཁོར་ཡུག་ལེགས་སུ་བཏང་བ་དང་། གནོད་རྗེས་བསྐྱར་སྐྲུན་གྱི་གོ་སྐབས་དང་བསྟུན་རྒྱལ་སྤྱིའི་སྐྱེ་ཁམས་ལྗོངས་སྐོར་བསྐྲུན་པ་དང་ཆབས་ཅིག མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་ཇེ་མང་དུ་བཏང་། ཐོན་ལས་གསུམ་པ་གཙོར་བྱས་ནས་ཞིང་ལས་དང་ལག་ཤེས་བཟོ་ལས་འཕེལ་རྒྱས་སུ་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་། 2019ལོར་གཙང་རྩ་གྲོང་རྡལ་གྱི་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི་2ཟིན། གཙང་རྩ་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་གྲོང་རྡལ་དུ་ཚུད་པ་དང་ཆབས་ཅིག ཁུལ་རིམ་པའི་སྔོན་ཐོན་ཡུལ་ཚོ་རུ་གྱུར།

       ཁྱད་ལྡན་ཐོན་ལས་ཅན་གྱི་ཡུལ་གྲོང་། རང་ཉིད་ཀྱི་ལེགས་ཆ་གཙོར་བཟུང་ནས་གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལས་དཔེ་སྟོན་གྲོང་སྡེ་འཛུགས་པར་རམ་འདེགས་བྱས་པ།
       ཐོན་ལས་དར་བས་མང་ཚོགས་ཀྱི་སྒོར་ཁུག་མཐུག ཁྱད་ལྡན་ཤིང་ཏོག་དང་། མཐོ་སྒང་གི་སྔོ་ཚལ། ནོར་གནག་ཐོན་ལས་བཅས་ཀྱི་འཕེལ་རྒྱས་ལ་བརྟེན་ནས། རང་ཁུལ་གྱིས་གྲོང་སྡེ་རེར་ཚོང་རྟགས་གཅིག་གི་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱིས་མཐའ་འཁོར་གྱི་གྲོང་སྡེ་སྣེ་ཁྲིད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་། གཟི་རྩ་སྡེ་དགུ་རྫོང་ཧེ་ཧོ་གྲོང་རྡལ་ཆི་ལི་གྲོང་སྡེས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སྲེའུ་མངར་དང་ཀུ་ཤུ་སོགས་ཁྱད་ལྡན་ཤིང་ཏོག་གི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། མིག་སྔར་སྲེའུ་མངར་གྱི་རྟེན་གཞི་མུའུ་1000ལྷག་དང་། སྟར་ཀའི་རྟེན་གཞི་མུའུ་300ཡོད་ལ། ཞིང་ཆེན་རིམ་པའི་ཆེད་ལས་མཉམ་ལས་ཁང་1ཡོད། ལིང་ཅང་གི་སྲེའུ་མངར་ནི་ལྗང་མདོག་བཟའ་བཅའ་ཡིན་པ་ངོས་འཛིན་བྱས་ཡོད་པ་དང་། སྲེའུ་མངར་བཏོག་པའི་དུས་ཆེན་སྐབས་གཉིས་བདེ་བླག་ངང་སྤེལ། གྲོང་སྡེ་རེར་ཚོང་རྟགས་རེ་ཡོད་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཏུ་རིམ་གྱིས་སྐྱོད་བཞིན་ཡོད་ལ། ད་ལོར་སྡེ་མི་རེར་ཡོང་འབབ་སྒོར་18150ཡོད། དེ་དང་ཆབས་ཅིག་ཆི་ལི་གྲོང་སྡེས་ཁོར་ཡུག་བཅོས་སྐྱོང་བྱས་ནས་གྲོང་སྡེའི་རྣམ་པ་བསྒྱུར་བ་དང་། སྔ་རྗེས་སུ་རྫོང་རིམ་པའི་སྔོན་ཐོན་ཏང་ཀྲི་པུའུ་དང་། ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་སྡེ། ཞིང་ཆེན་རིམ་པའི་བཞི་བཟང་གྲོང་སྡེ། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་སྡེ། རྒྱལ་ཡོངས་ཀྱི་གྲོང་སྡེ་རེར་ཚོང་རྟགས་རེ་ཡོད་པའི་དཔེ་སྟོན་གྲོང་སྡེ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

       ཟུང་ཆུ་རྫོང་གཙོ་ཚང་སྒུ་གྲོང་རྡལ་འབྲོག་ར་གྲོང་སྡེས་ནོར་གནག་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་ཆབས་ཅིག ས་གནས་སོ་སོའི་དོན་དངོས་དང་འབྲེལ་ནས་གྲོང་གསེབ་ཀྱི་སྤྲོ་གསེང་ཞིང་ལས་ཆགས་པར་བྱས་པ་དང་། ཞིང་ལས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་བསྲིང་བྱས་ནས་ཐོན་ལས་མཉམ་འདྲེས་ཡོང་བར་བྱས། གྲོང་གསེབ་དར་རྒྱས་སུ་གཏོང་བའི་དཔེ་སྟོན་གྲོང་སྡེ་བསྐྲུན་ཡོད།

        ཕྱོགས་ཡོངས་ནས་སྔོན་ཐོན་དཔེ་སྟོན་རྫོང་དར་རྒྱས་སུ་བཏང་ཞིང་། གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལས་སྔོན་ཐོན་རྫོང་བསྐྲུན་པར་ནུས་ཤུགས་བཏོན་པ།

    “5·12”ཝུན་ཁྲོན་དུ་ས་འགུལ་ཆེན་མོ་བྱུང་རྗེས། ཝུན་ཁྲོན་རྫོང་ལ་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་རྒྱབ་སྐྱོར་འོག ཕྱོགས་ཡོངས་ནས་གནོད་འགོག་གནོད་སེལ་དང་། གནོད་རྗེས་བསྐྱར་སྐྲུན། དབུལ་བྲལ་གནད་སྒྲོལ། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་རིམ་བཞིན་སྐུལ་སྤེལ་བཏང་ཞིང་། ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཁྱོན་ཡོངས་ནས་དར་རྒྱས་སུ་སོང་ཡོད།
       ཐོན་ལས་དར་རྒྱས་སུ་བཏང་བའི་བརྒྱུད་རིམ་ཁྲོད། ཝུན་ཁྲོན་རྫོང་གིས་ལྗང་མདོག་བཟོ་ལས་དང་ས་ཁོངས་ཡོངས་ལྗོངས་སྐོར་སྦྲེལ་བའི་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཐོན་ལས་སྐྱེད་སྲིང་དང་མང་ཚོགས་ཕྱུག་པོ་ཡོང་བར་གཙོ་གནད་དུ་བཟུང་སྟེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་། སྡོམ་རྩིས་བྱས་པ་ལྟར་ན། 2020ལོར་ཝུན་ཁྲོན་རྫོང་གི་སྲེའུ་མངར་གྱི་ཐོན་ཚད་ཏུན་9180ཟིན་པ་དང་། ཡོང་འབབ་སྒོར་དུང་ཕྱུར་4.87ཡོད། ལི་སོབ་ཀྱི་ཐོན་ཚད་ཏུན་ཁྲི་5ཟིན་པ་དང་། ཡོང་འབབ་སྒོར་དུང་ཕྱུར་3ཟིན། སྔོན་དཔག་བྱས་པ་ལྟར་ན། སྡེ་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་173100ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་16.5འཕར་ཡོད།
          གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་ཞིང་གསུམ་ལས་དོན་དང་དམངས་འཚོའི་ལས་དོན་ཁག་ཡག་པོར་བསྒྲུབ་དགོས་ལ། རྗེས་ཕྱོགས་སུ་རང་ཁུལ་གྱིས་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་འབད་རྒྱུ་ཡིན་ལ། ཞིང་ལས་སྔར་བས་སྟོབས་ཆེ་དང་། གྲོང་གསེབ་སྔར་བས་མཛེས་པ། མང་ཚོགས་སྔར་བས་ཕྱུག་པོ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1