༈ ལེའུ་གཉིས་པ། རྒྱས་པའི་ལས།
ལུགས་གཉིས་སྒྱུ་རྩལ་སྦྱང་བ་རུ།།སློབ་དཔོན་ཨ་བྷྱ་ཀུན་ཤེས་བསྟེན།།སྐྱེན་ངན་གྲོགས་སུ་ཤར་བ་ཡིས།།གྲུབ་པའི་གོ་འཕང་མཐོན་པོར་གཤེགས།།༈སྲས་ཆུང་དགྲ་ལྷ་རྩེ་རྒྱལ་འཁོར་འབངས་དང་བཅས་པ་རྒྱ་གར་ལྷོ་ཕྱོགས་སུ་ཟླ་བཅྭོ་བརྒྱད་ཀྱིས་སོང་ནས་གནས་མཆོག་དེར་འབྱོར་དེ།སློབ་དཔོན་ཨ་བྷྱ་ཀུན་ཤེས་མཇལ་ནས་ཁོང་བླ་སློབ་གཉིས་སྔར་ཤེས་མི་དང་འཕྲད་པ་ལྟར་གླེང་མོ་བྱས།སྒྱུ་རྩལ་དྲུག་ཅུ་རྩ་བཞི་སྦྱང་བ་ལ་ལོ་མང་པོ་དགོས་ཞེས་གསུངས་པ་ལྟར། ལྷ་སྲས་མཆོག་གི་དང་ལེན་བྱས།དེ་ལྟར་སྔ་མོ་ལྷ་ཆོས་སྦྱར་བ་དང་ཕྱི་དྲོ་སྒྱུ་རྩལ་སྦྱར་ནས་ལོ་ཤེས་སོང་དུས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་མཆོག་དམ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་ལ་བརྩོན་པའི་དུས་ཤིག་ན།ལྷ་ཕྲག་མཆོག་གི་རྨི་ལམ་འཁྲུགས། ཕ་རྒྱ་ཚ་དང་བྲལ་བའི་སྣང་བ་ཉིན་མཚན་ཀུན་ཏུ་ཤར། དེ་ལྟར་སློབ་པོན་ཨ་བྷྱ་ཀུན་ཤེས་ལ་ཞུས་ཚེ།ཁོང་གིས་ཀྱང་ཁྱེད་ཀྱི་ཕ་རྒྱ་ཚ་ལ་སྐུ་གེགས་ཡོད་ཅིང་ཟློག་ཐབས་དགའ་གསུངས། སློབ་དཔོན་མཆོག་ལ་བཀའ་དྲིན་གཏིང་རག་དུ་གསེར་དངུལ་ཟངས་ལྕགས་དར་ཟབ་དག་ཕུལ་ནས་ཕྱིར་གླིང་ཡུལ་ལ་ཆས་ནས་ཟླ་དྲུག་སོང་བའི་མཚན་མོར་ལྷ་སྲས་དམ་པའི་མཚན་ལམ་རྟགས་མཚན་ཅན་ཞིག་རྨིས་དུས།འཁོར་འབང་དག་ལ་གླུ་འདི་བླངས་སོ།། གྲུ་ཨ༴ ཐ་ལ༴ སྐྱབས་གནས་དཀོན་མཆོག་རྣམ་གསུམ་མཁྱེན། །མདང་གསུམ་རྨི་ལམ་ཐེངས་གསུམ་རྨིས།།དང་པོ་དུང་གི་ཟླ་བ་ཞིག །རྒྱ་མཚོ་ནང་དུ་ལྷུང་བ་རྨིས། །གཉིས་པ་ཕ་བུ་ལྷན་འཛོམས་ཀྱང༌།།ཨ་ཕ་སྟོར་ནས་བཙལ་བ་རྨིས། །གསུམ་པ་ཉི་མ་ནུབ་ནས་ཤར། །གླིང་བཞིའི་མུན་པ་བསལ་བ་རྨིས། །རྨི་ལམ་མི་བཟང་རྨི་ལམ་ངན།།གླིང་དཀར་ཧོར་ལ་འཐབ་དུས་ཡིན། །ཁུ་བོ་ཀླུ་བཙུན་འདུལ་དུ་སོང༌། །ཨ་ཕའི་རྒྱལ་ས་བཟུང་དུས་ཡིན།།རྒྱ་ཚའི་སྐུ་ལ་བར་ཆད་ཞིག །ཐོན་པ་རྨི་ལམ་གཉིས་ཀྱིས་བསྟན། །གསུམ་པས་ཁུ་བོ་གེ་སར་དེ།།ནུབ་བདུད་ཀླུ་བཙན་བཏུལ་ནས་བྱོན། །རྒྱལ་སྲིད་ཆོས་ཀྱིས་སྐྱོང་རྟགས་རེད། །སློབ་དཔོན་ཨ་བྷྱེ་ཀུན་མཁྱེན་གྱིས།།གནང་བའི་རྐང་མགྱོག་ལ་བརྟེན་ནས། །ཟླ་ལམ་ཉིན་ལམ་གཅིག་གིས་གཅོད། །འཁོར་བློན་འབངས་དལ་མོར་བྱོན་རྒྱུ་གྱིས།།གོ་ན༴ མ་གོ༴ ཅེས་གསུངས་ནས་མགྱོགས་མྱུར་གྱིས་ཉིན་བཅུའི་ལམ་ལ་ཐོན་དུས་ལྷ་བྱ་ཁྲུང་ཁྲུང་དཀར་མོ་དེས་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་ཕྱག་ཡིག་ཁུར་ནས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དབུ་ཐོག་ནས་ལྡིང་སྐོར་གསུམ་བྱས་ཏེ་མདུན་ཐད་དུ་བབས།གཤོག་པ་གཉིས་མདུན་དུ་བརྒྱང༌། མཆུ་ས་ལ་བཙུགས་ནས་མྱ་ངན་གྱི་གླུ་འདི་བླངས་སོ། །གླུ་ཨ་ལ༴ ཐ་ལ༴སེང་ཆེན་ནོར་བུ་དགྲ་འདུལ་མཁྱེན། །དེ་རིང་ཁྲུང་ཁྲུང་ང་ལ་གཟིགས།།ང་འདྲ་ང་ངོ་༴ ལྷ་བྱ་ཁྲུང་ཁྲུང་དཀར་མོ་ཡིན།།ས་འདི་ས་ངོ་༴ གངས་དཀར་ཏི་སེའི་གནས་འགྲམ་དུ།།མ་གྲོས་ཀླུ་ཡི་མཚོ་འདབས་རེད། །སྤྱི་དཔོན་རོང་ཚའི་མངག་གཞུག་ཡིན། །ཕྱག་ཡིག་དར་དཀར་མདུད་པ་ཅན།།དགྲ་ལྷ་ཁྱོད་ལ་བསྐུར་བ་རེད། །གཏམ་བཟང་བཤད་རྒྱུ་མེད་པ་ལ། །ཐུགས་ཁྲོ་མ་གནང་ལྷ་ཡི་བུ།།ཁྱོད་ཀྱི་ཁུ་བོ་གེ་སར་དཔོན། །ནུབ་བདུད་ཀླུ་བཙན་འདུལ་དུ་སོང༌། །ད་ལོ་ཧོར་གླིང་གཡུལ་འགྱེལ་དུས།།གླིང་དཀར་དཔའ་ཐུལ་ཆག་འཇིག་མང༌། །སྣང་ངུ་གཡུ་སྟག་མདའ་ཡིས་བགྲོང༌། །ཨ་ནུ་གཟིག་འཕེན་ཆུ་ལ་བསྐྱུར།།སྨན་ཆུང་འབྲུག་མོ་ཧོར་ལ་ཁྲིད། །ཁ་སང་ཉི་མ་རྩེ་ཤར་དུས། །རྒྱ་ཚ་དཔའ་བོ་ཁེར་རྒྱུག་བྱས།།སྡིག་སྤྱོད་ཤན་པ་མེ་རུ་རྩེ། །ཁྲ་ཡིས་བྱས་ཆུང་འདེད་འདེད་བྱས། །བློ་སྟབས་མ་ལེགས་རྒྱ་ཚ་ལ།།རྨས་སྐྱོན་ཕོག་ནས་ལྷ་བྱ་ང༌། །མངག་པའི་འཕྲིན་ཡིག་ཁྱོད་ལ་འཕྲོད། །དེ་རིང་ཐོན་ན་མི་བདག་དང།།སང་ཉིན་ཐོན་ན་རོ་བདག་རེད། །མ་འགྱིང་མྱུར་དུ་འབྱོན་པར་ཞུ། །གླུ་གོ་ན༴ མ་གོ༴ ལྷ་བྱ་ཁྲུང་ཁྲུང་དཀར་མོ་ལ་འཕྲིན་ལན་ཀྱི་ཚུལ་དུ་དགྲ་ལྷ་རྩེ་རྒྱལ་ཀྱིས་གླུ་འདི་ལྟར་བླངས་སོ།།གླུ་ཨ་ལ༴ ཐ་ལ༴ལྷ་བྱ་ཁྲུང་ཁྲུང་དཀར་མོ་ལགས།།རྒྱ་གང་འཕགས་པའི་ཡུལ་གྲུ་ནས། །སློན་དཔོན་ཨ་བྷྱ་ཀུན་ཤེས་ཀྱིས། །ཕ་ལ་ལུང་བསྟན་རྩུབ་ཚུལ་གསུང༌།།བུ་ཆུང་་ང་ཡི་རྨི་ལམ་ངན། །དེ་ཕྱིར་ཟླ་དྲུག་སྔོན་ནས་ཐོན། །ཕ་ལ་ངོ་ཐུག་ཨེ་བྱུང་བསམ།།དེ་རིང་བོད་ཀྱི་ས་མཐར་ཐོན། །ཞག་གཅིག་གཉིས་ཀྱི་སྔ་ཕྱི་ལ། །ཕ་ཡི་སྲོག་ལ་རྒོལ་བ་བྱུང༌།།གང་ལྟར་གླིང་དཀར་ཡུལ་དུ་འགྲོ། །ཕ་ཡི་ཤ་ལེན་རྩོད་དུ་འགྲོ། །ཧོར་བདུད་ཆམ་ལ་ཕབ་དུ་འགྲོ།།ལྷ་བྱ་ཁྱོད་ཉིད་སྔོན་དུ་སོང༌། །སྤྱི་དཔོན་རོང་ཚ་ཁྲ་རྒན་ལ། །སང་ཉིན་ཉི་མ་རྩེ་ཤར་དུས།།སྲས་ཆུང་དགྲ་ལྷ་ཐོན་པ་ཡིན། །བློན་ཆེན་འདན་མ་བསམ་འགྲུབ་ལ། །ཁེར་རྒྱུག་མ་བྱེད་ང་ལ་སྒུག།མི་འགྱིང་སང་ཉིན་འབྱོར་ལེ་བྱ། །གླུ་མཇུག་རྫོགས་པ་དང་ཉམ་དུ་ལྷ་བྱ་ཁྲུང་ཁྲུང་དཀར་མོ་དེ་འང་གླིང་དཀར་ཕྱོགས་སུ་འཕུར།སྲས་ཆུང་དགྲ་ལྷ་རྩེ་རྒྱལ་ཀྱང་བྲེལ་བྲེལ་ངང་དེ་ནས་ལྷ་བྱ་ཁྲུང་ཁྲུང་དཀར་མོ་དེ་སྐད་ཅིག་གིས་གླིང་དཀར་དུ་འབྱོར་ནས་སྤྱི་དཔོན་གྱི་ལུས་གུར་ལ་འཕུར་སྐོར་གསུམ་བྱས་ནས་སྒོ་ཁར་བབས་པ་ཀུན་གྱིས་མཐོང་སྟེ།ཁྲུང་ཁྲུང་མངག་ནས་ཉིན་གཅིག་ལས་ཕྱིར་ཐོན་པ་འདི་ཅི་ཡིན་གང་ཡིན་སྙམ་ནས་འུར་སེ་འདུས་པ་ན།ཡར་འགྲོ་མར་འགྲོ་བྱས་ནས་གླུ་འདི་ལྟར་བླངས་སོ། །གླུ་ཨ་ལ༴ ཐ་ལ༴ སྤྱི་དཔོན་རོང་ཚ་ཁྲ་རྒན་ལགས། །ཁ་སང་མངག་པའི་ཕོ་ཉ་ཡིན།།སྲས་ཆུང་དགྲ་ལྷ་རྩེ་རྒྱལ་གྱིས། །གནས་ཚུལ་ཐམས་ཅད་མཁྱེན་ནས་འདུག །ཟླ་དྲུག་སྔོན་ནས་ཚུར་ལ་ཐོན།།ད་དུང་རྐང་མགྱོག་སྒྲུབ་ནས་སུ། །ཟླ་རེ་ལམ་ལ་ཉིན་རེ་ཐོན། །ཉིན་བཅུའི་ཐ་མ་ཁ་སང་ལ། །གངས་ཅན་བོད་ཀྱི་ས་སྣེ་ཟིན།།ཙ་རི་མ་དྲོས་མཚོ་འགྲམ་ནས། །སྲས་ཆུག་ངེད་གཉིས་ལྷན་འཛོམ་བྱུང༌། །སྤྱི་དཔོན་ཁྱོད་དང་འདན་མ་གཉིས།།ཁེརརྒྱུག་མ་བྱེད་ཁོ་ལ་སྒུག །འཕྲིན་ལ་ཕྲིན་ལན་དེ་ལྟར་གསུངས། །སང་ཉིན་ཉི་མའི་སྔ་ཆ་ལ།།མི་འགྱིང་སྲས་ཆུང་ཐོན་པ་ཡིན། །གོ་ན། མ་གོ།ཅེས་བླངས་ནས་ཁྲུང་ཁྲུང་དེ་འཕུར་སོང༌། གླིང་དཔལ་ཐུལ་དག་སྤྱི་དཔོན་གྱི་ལས་གུར་དུ་འཚོགས་ནས་སང་ཉིན་སྲས་དགྲ་ལྷ་བྱོན་དུས།།སྤྱི་དཔོན་ང་དང་འདན་མ་གཉིས་ཀྱིས་མདུན་བསུ། རླངས་བླ་བྱང་ཆུབ་ཀྱི་མདུན་དུ་ཁྲིད་ནས་སྲས་ཆུང་ཁོང་མཚམས་ཀྱི་བཅད་རྒྱ་ལ་བཞུགས་དགོས་ཚུལ་གྱི་ཞལ་གདམ་གསུང་དུ་བཅུག་དགོས་ཞེས་བཀའ་སློབ་ལྟར་དང་ལེན་བྱས། སང་ཉིན་སྤྱི་དཔོན་རོང་ཚ་ཁྲ་རྒན་དང༌། ཚ་ཞིང་འདན་མ་བྱང་ཁྲ་གཉིས་ཀྱིས་རྨ་སྟོད་གཡུ་ལུང་སུམ་མདོ་རུ་སྒུག་དུས་སྲས་ཆུང་ཡང་དེར་ཐོན་པ་ན། ཡར་ཞུའི་གླུ་འདི་སྤྱི་དཔོན་ཁོང་གིས་བླངས་སོ། །གླུ་ཨ་ལ༴ ཐ་ལ༴ ལྷ་ཆེན་ཚངས་པ་དཀར་པོ་མཁྱེན། །ང་འདྲ་ང་ངོ་༴ སྤྱི་དཔོན་རོང་ཚ་ཁྲ་རྒན་ཡིན། །ས་འདི་ས་ངོ་༴ རྨ་སྟོད་གཡུ་ལུང་སུམ་མདོ་རེད།།སྤྱི་དཔོན་ང་དང་འདན་མ་བློན། །སྲས་ཆུང་ཁྱེད་ཀྱི་མདུན་བསུ་ཡིན། །གླིང་རྗེ་གེ་སར་བདུད་ལ་སོང༌།།སྲས་ཆུང་ཁྱོད་ཡང་རྒྱ་གར་སོང༌། །ཤུལ་དུ་ཧོར་གླིང་གཡུལ་འགྱེད་བྱུང༌། །གླིང་ལ་ཆག་འཇིག་ཆེན་པོ་དང༌།།ཁྱད་པར་ཧོར་སྡིག་ཤན་པ་ཡིས། །རྒྱ་ཚ་ཞལ་དཀར་བགྲོང་ནས་ཐལ། །སྔར་སོང་བྱ་བ་རྫོགས་ནི་རེད།།ཕྱི་རབས་འཚོ་བ་མཁས་པའི་ལུགས། །ད་ལོ་མོ་ལུང་རྩུབ་ལུགས་ལ། །སྲས་ཆུང་ཁྱོད་ལ་དོགས་ཟོན་དགོས།།དེ་ཕྱིར་ཁུ་བོ་སེང་ཆེན་རྗེ། །ནམ་བྱོན་དུས་ན་ཤ་ལེན་རྩོད། །བྱ་བ་ཆེ་ཆུང་ཀུན་ལ་ཡང༌། །བྲེལ་ཚབས་བྱེད་པ་བླུན་པོའི་ལུགས།།ཡུན་གྱིས་སྒྲུབ་པ་མཁས་རྟགས་ཡིན། །དེ་ཕྱིར་ཨ་ཁུའིགཏམ་ལ་ཉོན། །གོ་ན༴ མ་གོ༴ཞེས་གསུངས་དུས་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་གྱིས་གླུ་འདི་ལྟར་བླངས་སོ།།གླུ་ཨ་ལ༴ ཐ་ལ༴ སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །སྲས་དགྲ་ལྷ་ང་ལ་ཐུགས་རྗེ་གཟིགས།།ང་དང་པོ་གོང་མ་ལྷ་ནས་བསྐོས། །བར་དུ་གླིང་དཀར་དཔལ་དུ་འཁྲུངས། །གླིང་ཕུ་ནུ་དགའ་བའི་བཙས་སྟོན་དང༌།།རྗེ་ཁུ་བོ་མཆོགགི་གཅེས་ཕྲུག་་དང༌། །ཕ་རྒྱ་ཚ་་མཆོག་གི་སེམས་རྟེན་བུ། །དུས་དེ་ཚེ་ང་རང་སྐྱིད་ཅིག་མེད།།ང་དེ་རང་ཕ་ངོ་མ་ཐུག་པ། །སེམས་སྡིག་བསྒལ་ཆེ་ཡང་སུ་ལ་གླིང༌། །ད་ཧོར་སྡིག་ལག་ནས་འཆི་དགོས་པ།།བུ་ང་རང་སྔོན་གྱི་ལས་བསག་ཡིན། །ཡང་མིན་ན་ཤ་ལེན་ལོན་པ་ཅིག །ཡང་མིན་ན་ཕ་ཐོག་བུ་རང་འཆི།།ད་གླིང་དཀར་ཡུལ་དུ་འགྲོ་དོན་མེད། །ས་འདི་ནས་ཧོར་ལ་རྒྱུག་རྒྱུ་ཡིན། །ཁྱེད་དཔོན་བློན་བྱོན་པ་སྐུ་དྲིན་ཆེ།།ད་ཁྱེད་གཉིས་བདེ་མོར་གླིང་ལ་ཕེབས། །གླུ་གོ་ན༴ མ་གོ་གླུ་ལ༴ ཁྱོད་དཔོན་བློན་གཉིས་ཀྱི་ཐུགས་ལ་ཞོག །ཅེས་གསུངས་ནས་རྟ་ཐོག་ཏུ་བུད་པ་ན་ཚ་ཞིང་འདན་མ་ཁྲ་དེས་རྟ་ཡི་སྲབ་མདའ་ནས་བཟུང་སྟེ་གླུ་འདི་ལྟར་བླངས་སོ།།གླུ་ཨ་ལ༴ ཐ་ལ་ལ༴ སྐྱབས་གནས་དཀོན་མཆོག་རྣམ་གསུམ་ཁྱེན།།ང་འདྲ་ང་ངོ་༴ མ་གཅིག་བྱང་ཁོག་མ་བརྒྱུད་ཀྱང༌།།ཚེ་གཅིག་མཉམ་འགྲོ་བྱས་པ་ཡི། །རྒྱ་ཚའི་སྤུན་ཡ་གཅིག་ཕུལ། །བློན་ཆེན་ཚ་ཞིང་འདན་མ་ཡིན།།ས་འདི་ས་ངོ་༴ རྨ་སྟོན་གཡུ་མདོ་ཁ་སྤྲོད་རེད། །དེ་རིང་ཕུ་བོའི་ངག་ལ་ཉོན། །ཁ་སང་ཉི་མའི་ཕྱི་མ་ལ།།སྡིག་སྤྱོད་ཤན་པ་ཁྱི་ཕྲུག་གི །རྗེས་དེད་མདའ་གཅིག་འཕང་བ་ཡིས། །ཀླད་པའི་ཁ་གོར་ཐང་ལ་བླངས།།ད་དུང་བྲོས་ནས་ཧོར་ལ་ཤོར། །ཡང་ན་དེ་ཡིས་འཆི་བ་དང༌། །ཡང་ན་ལོ་གཅིག་འཁོར་བར་བྱེད། །ཧོར་དམག་ཤུལ་མེད་བྱས་གྱུར་ཀྱང༌།།སྡིག་སྤྱོད་ཤན་པ་མ་སོད་ན། །འུ་གཉིས་སྙིང་ནད་དྭངས་པ་མིན། །དེ་ཕྱིར་ཕ་ཆོས་གྲུབ་པ་ཡི།།བླ་མ་གཉིས་ལ་མཇལ་དུ་འགྲོ། །གོ་ན༴ མ་གོ༴ ཞེས་ཞུས་ནས་འདན་མའི་རྟ་ཁ་གཡས་དང་སྤྱི་དཔོན་གྱིས་རྟ་ཁ་གཡོན་ནས་བཟུང་སྟེ།གླིང་ཡུལ་དུ་ཕྱིན། །ལུས་གུར་གྱི་སྒོ་ཁར་བབས་ནས་གླིང་བ་དག་གིས་བླ་མ་གཉིས་ཀྱི་སྐུ་མདུན་དུ་ཁྲིད།དེ་ནས་རླངས་བླ་བྱང་ཆུབ་འདྲེ་ཁོལ་གྱིས་འགུར་གླུ་འདི་ལྟར་བླངས་སོ། །གླུ་ཨ་ལ༴ ཐ་ལ༴ སྟེང་འཇའ་གུར་འཁྲིགས་པའི་འོད་ཀློང་དུ། །ལྷ་སྤྱན་གཟིགས་ཞིང་ཁམས་ཀྲ་ལེམ་མེ།།ཞིང་དེ་ལ་འཇའ་ལམ་འཐེན་པ་དེ། །ཕ་རྒྱ་ཚ་གཤེགས་པའི་འོད་ལམ་རེད། །དོན་ཨེ་རྟོགས་དགྲ་ལྷ་རྩེ་རྒྱལ་ལགས།།ལྷ་སྤྱན་གཟིགས་ཕྱག་ན་པདྨོ་དང༌། །མགོན་བླ་མ་བྱང་ཆུབ་འདྲེ་ཁོལ་གཉིས། །ཁྱེད་ཕ་བུ་གཉིས་ཀྱི་ལྷ་སྐལ་ཡིན།།དུས་ནམ་ཡང་གསོལ་བ་རྒྱུན་དུ་ཐོབ། །བུ་ཁྱོད་ལ་མགོན་སྐྱབས་དཔུང་གྲོགས་ཡོད། །ལྷ་གཞན་ལ་གསོལ་བཏབ་བརྒྱ་འགྱུར་ལས།།དེ་བྱིན་རླབས་ཐུགས་རྗེ་གློག་ལྟར་མྱུར། །ཐོབ་མཐོ་མཐོ་ཐ་མ་རྒུད་པ་དང༌། །གཉེན་འདུས་པའི་ཐ་མ་འཐལ་དགོས་པ།།འདི་འཇིག་རྟེན་ཀུན་གྱི་འགྲོ་ལུགས་རེད། །ཁྱོད་གཅིག་པུའི་སྡུག་བསྔལ་ག་ལ་ཡིན། །ལྷ་བླ་མའི་ལུང་བསྟན་འདི་ལྟར་ཡོད།།གནས་འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །ས་མཁའ་སྤྱོད་པདྨ་བཀོད་དུ་སོག །ལོ་གཉིས་ནས་གསུམ་ལ་བཅད་རྒྱ་དགོས།།མགོན་ཨོ་རྒྱན་པདྨ་འབྱུང་གནས་དང༌། །ལྷ་སྤྱན་གཟིགས་བྱིན་རླབས་ཐུགས་རྗེ་ཡིས། །བུ་ཁྱོད་ལ་ལུང་བསྟན་ཤར་མང་ཡོང༌།།དུས་དེ་ནས་ཅི་དགོས་ཁྱོད་ཀྱི་ཤེས། །ཧོར་ཤན་པ་སྡིག་རྒན་ལག་དམར་དེ། །དུས་ད་ལྟ་ཤི་གསོན་མཚམས་ན་ཡོད།།གནས་སྐུ་མཁར་ཅོག་ལ་མཚལ་རྩེ་དེ། །ནང་སྒོ་ཁ་བ་དར་བརྒྱ་ཡིས་བསྐོར། །ཕྱི་མཐའ་འཁོར་ཧོར་དམག་སྟོང་གིས་བསྐོར།།བུ་ཁྱོད་ཀྱིས་ཤ་ལན་ལོན་པ་དཀའ། །ལོ་གཉིས་གསུམ་རྗེས་སུ་འདན་མ་དང༌། །རྗེ་གེ་སར་ཁྱེད་གསུམ་སུམ་འཛོམས་ན།།དགྲ་མཁར་རྫོང་གཏོར་ལ་ཤ་ལན་རྩོད། །ཕ་རྒྱ་ཚའི་ལམ་སྟོན་ང་ཡི་བྱས། །བཀའ་བཅགས་ན་འདི་ཕྱི་གཉིས་ལ་ལྕི།།སེམས་ཕྱི་ལ་མ་སྐོར་ནང་ལ་སྐོར། །ནང་ཐུགས་སེམས་འདི་ཕྱི་གཉིས་ལ་སྐོར། །གླུ་གོ་ན༴ མ་གོ༴ བུ་དགྲ་ལྷའི་ཐུགས་ལ་དེ་ལྟར་ཞོག །ཞེས་གསུགས་པ་ལ་གླིང་པ་ཐམས་ཅད་ཀྱིས་ལགས་སོ་ཞེས་པའི་སྒྲ་འབྲུག་སྒྲ་ལྷར་གྲགས་སོ།།དེ་ནས་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་མཆོག་གིས་མིག་ཁྲ་ཆུང་མཆི་མ་ཤེ་ལེར་ཡར་བཞེངས་ནས་ཕ་རྒྱ་ཚའི་སྐུ་གདུང་ལ་མཆོད་འབུལ་དང་ལྷ་ཕྱག་ཕུལ་ཏེ་གླུ་འདི་བླངས་སོ།།གླུ་ཨ་ལ༴ ཐ་ལ་ལ་མོ༴མཆོག་གསུམ་རྩ་གསུམ་བྱིན་རླབས་ཅན།།ལུས་ངན་བུ་ལ་ཐུགས་རྗེ་གཟིགས། །ཆུང་ལོ་བཅུའི་སྟེང་ནས་ས་མཐར་འཁྱམས། །སྟོད་རྒྱ་གར་འཕགས་པའི་ཡུལ་ལ་སོང༌།།ལུས་སྨོན་ལམ་ཐེབ་པའི་བླ་མར་མཇལ། །ཁོང་པཎ་གྲུབ་ཨ་བྷྱ་ཀུན་ཤེས་མདུན། །ནང་སྔ་མོ་དམ་པའི་ཆོས་ལ་སླབ།།དགུང་ཕྱི་དྲོ་འཇིག་རྟེན་སྒྱུ་རྩལ་སྦྱང༌། །ཆོས་འཇིག་རྟེན་ཕ་མཐར་མ་ཕྱིན་པར། །བགེགས་བར་ཆད་ཧོར་བདུད་ཤན་པས་བྱས།།བུ་ཕ་ངོ་མ་ཐུག་ཡི་རེ་མུག །ད་མི་འདུག་ཤ་ལན་ལེན་དུ་འགྲོ། །ཕ་རྒྱ་ཚ་བགྲོང་པས་ཕྱི་ཉིན་ནས།།ང་བུ་ཆུང་གསོན་དང་མ་གསོན་མེད། །རྗེ་གེ་སར་བདུད་ལ་སོང་ཤུལ་དུ། །མིང་སྟོང་སྐད་དཔའ་ཐུལ་བསུམ་ཅུ་པོ།།ད་ཕ་ཤུལ་མ་ཐུབ་ངོ་རེ་གནོང༌། །ཝ་ཁུང་བུར་འཛུལ་ནས་བརྩན་འདོད་ཀྱང༌། །ལས་ངན་ན་དུད་པས་འཆི་ན་ཐང༌།།ད་སང་ཉིན་ཉི་མ་རྩེ་ཤར་ལ། །དཔའ་ཁེར་རྒྱུག་རྟེང་མ་ལེན་དུ་འགྲོ། །ཧོར་གུར་དཀར་མགོ་སྐེ་ལེན་པ་དང༌།།ཡང་མིན་ན་ཤན་པའི་སྙིང་ཁྲག་འཐུང༌། །དེ་མིན་ན་སྙིང་ནད་དྭངས་པ་མིན། །རྗེ་བླ་མའི་བཀའ་ལུང་གནང་བ་ལ།།ངས་སྣང་མེད་བྱས་པ་མ་ཡིན་མོད། །སྔོན་རྒྱ་གར་འགྲོ་བའི་དགོས་པ་དེ། །ཕ་རྒྱ་ཚའི་ཞབས་ཞུ་ཨེ་ཡོང་བསམ།།ད་ཕ་མེད་དྭ་ཕྲུག་ཁེར་སྐྱེས་ང༌། །གསོན་འཇིག་རྟེན་ཁམས་སུ་འདུག་ཐབས་བྲལ། །དོན་དེ་ཕྱིར་བླ་མའི་བཀའ་གནང་སྩོལ།།གླུ་གོ་ན༴ མ་གོ་གླུ༴ གླིང་ལྷ་སྡེ་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་དུས་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་བཤོལ་འདེབས་ཀྱི་གླུ་འདི་བླངས་སོ།།གླུ་ཨ་ལ༴ ཐ་ལ༴ལྷ་ཆེན་ཚངས་པ་དཀར་པོ་དང༌། །ནེ་ནེ་གོང་སྨན་རྒྱལ་མོ་མཆོད།།ང་འདྲ་ང་ངོ་༴ སྟོང་དཔོན་རོང་ཚ་ཁྲ་རྒན་ཡིན། །ས་འདི་ས་ངོ་༴ གླིང་དཀར་ལྷ་སྡེ་འདུ་ར་རེད།།འབུམ་འཔའི་དགྲ་ལྷ་རྩེ་རྒྱལ་ལགས། །དེ་རིང་ཨ་ཁུའི་གླུ་ལ་ཉོན། །མི་རྒན་སྐྲ་ལོ་དཀར་ལ་ལྟོས།།དེ་རིང་ལང་ནས་བཤོལ་ཅིག་འདེབས། །རྒྱ་ཚ་མེད་པའི་སྡུག་བསྔལ་དེ། །ཁྱོད་རང་གཅིག་པུའི་མ་ཡིན་དེ།།ཕ་ཤུལ་སྲུང་བའི་བུ་ཆུང་ཁྱོད། །ཡོད་པའི་སེམས་རྩ་དྲོད་ལ་འཁོར། །ད་ལོ་ཁྱོད་ཀྱི་རང་ལོ་དང༌།།མོ་ལུང་རྩུབ་པ་བླ་མའི་བཀའ། །བརྩི་སྲུང་བྱེད་དགོས་ཕ་བཟང་བུ། །སང་ཉིན་ཉི་མའི་སྔ་ཆ་ལ།།སྦས་ཡུལ་པདྨ་བཀོད་དུ་འགྲོ། །བཀའ་བློན་ཀུན་ཤེས་ལྷའུ་ལྡེམ་དང༌། །ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གཉིས།།དཔའ་བོ་དཔུང་གྲོགས་བཅུ་དང་བཅས། །གནས་ཆེན་པདྨ་བཀོད་དུ་སོང༌། །ཁུ་བོ་སེང་ཆེན་ནམ་བྱོན་དུས།།གདན་འདྲེན་ཕོ་ཉ་མངགས་ནས་འོང༌། །གོ་ན༴ མོ་གོ༴ ཅེས་གླུ་མཇུག་རྫོགས་པ་དང་མཉམ་དུ་གླིང་པ་དག་གིས་དེ་ལྟར་གྲོས་ཐག་བཅད་ནས་ལམ་འཇུག་བྱས།སང་ཉིན་ཉི་མ་རྩེ་ཤར་གྱི་དུས་སུ་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་གྱིས་ཁྲབ་ཀྱི་རྒྱུན་ཐག་བསྡམས་འཁོར་གསུམ་ལུས་ལ་བགོས།མདུང་མོ་བ་དན་ཤར་སེ་རྟ་གོང་དུ་བུད་ནས་ཧོར་ཕྱོགས་རྒྱུག་གྲབ་བྱས་ཚེ།བློན་ཆེན་ཚ་ཞིང་འདན་མ་དང་དགའ་བདེ་ཆོས་སྐྱོང་བེར་ནག་གཉིས་གཡས་གཡོན་ནས་རྟ་ཁར་འཇུས་ཏེ་ཚ་ཞིང་འདན་མ་བསམ་འགྲུབ་དེས་བཤོལ་འདེབས་ཀྱི་གླུ་འདི་བླངས་སོ།།གླུ་ཨ་ལ༴ ཐ་ལ༴ ལྷ་ཆེན་ཚངས་པ་དཀར་པོ་དང༌།།གླིང་དཀར་ལྷ་སྲུང་དམ་ཅན་དག །དེ་རིང་འདན་མའི་གླུ་ཡིས་མཆོད། །ང་འདྲ་ང་ངོ་༴ སྐྱེ་སྔ་གྲུབ་ཆེན་ས་ར་ཧ། །གླིང་རྗེ་རྒྱ་རབས་བཅོ་བརྒྱད་ལ།།འདན་མ་བློན་རབས་བཅོ་བརྒྱད་དང༌། །མདའ་གཞིའི་འཕྲུལ་འཁོརབསྐོར་བ་ལ། །ཚ་ཞིང་འདན་མ་བསམ་འགྲུབ་ཡིན།།ས་འདི་ས་ངོ་༴ གླིང་དཀར་ཕ་མཁར་སྨུག་པོ་རེད། །ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལགས། །མ་འོངས་ཤར་བདུད་མཆོང་རྫོང་གི།།བདུད་རྒྱལ་བཙན་ལྷའི་ཁ་ནོན་དུ། །ཁྱོད་རང་གོང་མ་ལྷ་ནས་བཀོད། །ཁྱོད་མེད་ཁུ་བོ་གེ་སར་གྱི།།སྐུ་ལ་བར་ཆད་འབྱུང་དོགས་ཡོད། །དེ་ཕྱིར་ཐུགས་བསམ་ནང་ལ་སྐོར། །ལག་དམར་ཤན་པ་མེ་རུུ་དེ།།ཕྱིར་འགྱིང་དུས་ཀྱི་ཐ་མ་ལ། །མ་བསད་འདན་མ་མིན་རྟགས་ཡིན། །ཁས་ལེན་དཔའ་སྐད་ཐུགས་ལ་ཟུངས།།ད་ནི་བཀའ་བློན་ལྷ་འུ་འདི། །གོང་མ་ལྷ་ནས་ཁྱོད་ཀྱི་སྤུན། །སྐྱེ་བར་འགྲོག་པའི་སྨོན་ལམ་མཐུན།།ཁྱེད་གཉིས་གནས་ཆེན་པདྨ་བཀོད། །ས་སྤྱོད་ཌཱཀྐི་འདུ་བའི་གནས། །སྒྲུབ་པ་རྩེ་གཅིག་མཛད་པ་ན།།འཆི་མེད་ཚེ་ཡི་རིག་འཛིན་དང༌། །འོད་ལུས་ཟག་མེད་འགྲུབ་པར་འགྱུར། །ཁུ་བོ་གེ་སར་ནམ་བྱོན་ཚེ།།ཁྱོད་ལ་ཕྲིན་གྱི་ཕོ་ཉ་གཏོང༌། །གླུ་གོ་ན༴ མ་གོ་གླུ་ལ༴ ཞེས་གསུངས་པ་དང་མཉམ་དུ་རྟ་ཁ་ལྷོ་པདྨ་བཀོད་ཕྱོགས་སུ་ཁྲིད་ནས་དགའ་བདེ་ཆོས་སྐྱོང་བེར་ནག་དེས་གླུ་འདི་བླངས་སོ།།གླུ་ཨ་ལ༴ ཐ་ལ༴ སྟེང་ལྷ་ཆེན་ཚངས་པ་དཀར་པོ་མཆོད། །འོག་ཀླུ་རྒྱལ་གཙུག་ན་རིན་ཆེན་མཆོད།།ང་འདྲ་ང་ངོ་༴ གླིང་ལྷ་ཆེན་མགོན་པོ་བེར་ནག་གི།མི་ཡི་སྐྱེ་མཐའ་བཟུང་བ་ལ ། །ང་དགའ་བདེ་ཆོས་སྐྱོང་བེར་ནག་ཟེར། །ས་འདི་འདྲ༴ ས་གནས་ཆེན་རྨ་ཀློང་སུམ་མདོ་རེད།།གདོང་འབུམ་པའི་དགྲ་ལྷ་རྩེ་རྒྱལ་ལགས། །ཁྱོད་སྲས་ཆུང་ན་ཚོད་ཕྲ་བ་དང༌། །ཉམས་འཇིག་རྟེན་སྐྱིད་སྡུག་མ་ཤེས་པས།།བློ་རང་སྐྱོན་རང་གི་ཤེས་ན་བཟང༌། །གླིང་ཆེ་རྒན་དག་གི་བཤོལ་འདེབས་འདི། །བུ་ཁྱོད་ཀྱིས་དང་ལེན་བྱེད་པར་རིགས།།ང་མི་རྒན་དགའ་བདེའི་གླུ་ལ་ཉོན། །ཡང་གནའ་མི་བོད་ཀྱི་གཏམ་དཔེ་ལ། །མི་ཚེ་ཚད་གཅིག་ལ་སྐྱིད་སྡུག་གསུམ།།བུ་ཕ་ཤུལ་འདུག་པ་སྐྱིད་ཅིག་དག །ཕ་བུ་ཤུལ་ལྷག་ན་སྡུག་བསྔལ་ཆེ། །མ་བརྗེད་སེམས་ཀྱི་དཀྱིལ་དུ་ཆོང༌།།ད་འདི་ནས་ལྷོ་ཕྱོགས་པདྨ་བཀོད། །གནས་ལྷ་ཡུལ་མི་ཡུལ་བབས་པ་འདྲ། །བློན་ཀུན་ཤེས་ལྷ་འུ་ལྡེམ་པ་དང༌།།ཁྱེད་རྣམ་གཉིས་སྒྲུབ་པ་ཉམས་ལེན་གྱིས། །རྗེ་སེང་ཆེན་ནམ་བྱོན་དུས་ན་ཤོག །ཧོར་ཤན་པར་ཤ་ལན་དེ་དུས་རྩོད།།གླུ་གོ་ན༴ མ་གོ༴ཅེས་གླུ་དེ་ལྟར་བླངས་ནས་གླིང་པ་དག་གིས་ཐག་རིང་བར་དུ་སྐྱེལ་མ་མཛད་དེ།སྲས་ཆུང་དགྲ་ལྷ་སྐུ་འཁོར་དང་བཅས་པ་གནས་མཆོག་ལྷོ་པྱོགས་པདྨ་བཀོད་དུ་སོང་ངོ༌། དེ་ནས་འདོ་ཆེན་རྟ་ཡི་ཉིན་ཞག་བཅོ་བརྒྱད་ཀྱིས་སྦས་ཡུལ་པདྨ་བཀོད་ཆེན་དུ་སྐུ་འཁོར་བཅུ་བོ་ཐོན།གནསདེ་ནི་འཇའ་དང་འོད་ཀྱི་དྲྭ་བ་དྲྭ་ཕྱེད་ཀྱི་ཡོངས་སུ་གཏམས་པ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་དང་ནགས་ཚལ་གྱི་བར་གསེར་དུ་འདོད་ཡོན་གྱི་མཆོད་པ་རང་འགྲུབ་ཏུ་བཀོད་པ་སོགས་འཁོར་དག་གི་ཐུན་མོང་དུ་ཟས་གོས་རངག་འགྲུབ་ཡོད་པ་དང༌། གཅན་གཟན་རི་དྭགས་ཐམས་ཅད་གཅིག་འཚེ་བ་དང་ཁྲོ་བ་སོགས་མེད་པར་བག་ཡངས་རྒྱུ་བའོ།ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དང་བློན་ཀུན་ཤེས་ལྷའུ་ལྡེམ་པ་གཉིས་ཀྱི་སྣང་ངོར། དག་པའི་ཞིག་ཁམས་གྲངས་མེད་དང་ལྷ་དང་ལྷ་མོའི་མཆོད་པ་སོགས་བར་མེད་དུ་འཆར།ཤར་ཕྱོགས་རི་རྩེ་རུ་སྐྱོད་པའི་གནས་སྐབས་སུ་ནམ་མཁའ་རུ་འདབ་ཆགས་བྱ་རིགས་སྣ་ཚོགས་ཕ་འཛོམས་མ་འཛོམས་དུ་འཕུར་བ་དང༌།རི་དྭགས་གཅན་གཟན་སྣ་ཚོགས་ཕ་འཛོམས་མ་འཛོམས་དུ་ས་གཞི་རུ་རྒྱུ་བ་མཐོང་ཚེ། ཕ་རྒྱ་ཚ་ཡང་ཡང་དྲན་མིག་ནས་མཆི་མ་ཤར་ཤར་དུ་བཞུར་ནས་ཤར་རིའི་རྩེ་མོ་རུ་འབྱོར།ཤར་ཕྱོགས་རིའི་རྩེ་མོ་རུ་རྒྱལ་སྲས་རྣམ་གཉིས་གྱི་མདུན་ཐད་དུ་འཇའ་སྤྲིན་འོད་ཀྱི་གུར་ཁང་ནང༌།སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་གཟི་བྱིན་གྱི་ལེ་འཁོར་དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར་ནས་སེམས་སྡུག་བསྔལ་བསལ་བའི་ཐབས་ལུང་བསྟན་གྱི་མགུར་གླུ་འདི་གསུངས་སོ།།གླུ་ཨ་ལ་སྟོང་ཆེན་དབྱིངས་ནས་ལེན། །མ་ཐ་ལ་ལྷུན་གྲུབ་ཞིང་ནསལེན། །ཨོཾ་ཨ་ཐ་སྣང་སྟོང་ཟུང་འཇུག་གླུ།།འཁོར་ལས་བཞིའི་ཊ་ཀྐི་གླུ་ཡིས་མཆོད། །ཐུགས་འོད་གསལ་བརྡ་ཡིག་ཤོག་སེར་རྒྱ། །ངག་ལོངས་སྤྱོད་འཁོར་ལོའི་གཏེར་སྒྲོམ་ནས།།བཀའ་གཏད་རྒྱ་སྔགས་ཀྱི་སྲུང་མས་འབྱེད། །ཡིད་དད་གསུམ་གུས་པའི་གུར་ཁང་ནས། །མིག་ཁྲ་ཆུང་དག་པའི་དབྱིངས་ལ་གཟིགས།།མིང་ཕར་བཏག་སྟོང་གཟུགས་བདེན་ཞེན་གྱིས། །རི་ར་བ་ཁང་ཁྱིམ་ཡོད་ཡོད་འདྲ། །དཔེ་རྨི་ལམ་རྟ་གླང་ནོར་བུའི་མཛོད།།གཉིས་སད་དུས་མེད་པ་ཇི་བཞིན་དུ། །ཉིན་སྣང་རྨི་ལམ་གཉིས་ཀ་ལ། །ཐག་རིང་ཐུང་ཙམ་ལས་འཁྲུལ་ཚུལ་གཅིག།བདེན་མི་བདེན་དེ་རིང་གཟིགས་དང་ཤེས། །བུ་ཁྱོད་མདུན་སྤྲིན་དཀར་ལེབ་མོ་ལ། །ཆིབ་བསྒྱུར་བའི་ལྟ་བུ་དཀར་པོ་དེ།།བུ་ཁྱོདཀྱི་ཕ་མཆོག་རྒྱ་ཚ་རེད། །ཕ་རྒྱ་ཚ་སྐྱེ་འཆི་མི་མངའ་བ། །ལྷ་ངང་ཡག་གཉིད་པའི་རྨི་ལམ་རེད།།འཁྲུལ་བདེན་འཛིན་ཨ་འཐས་ཆེ་བ་ལ། །བུ་དགྲ་ལྷ་རྨི་ལམ་ངང་ནས་སྐྱོ། །འདི་ཇི་ཡང་མ་ཡིན་སྣང་ཚུལ་ལ།།གཟུགས་ཅི་ཡང་འཆར་དུ་རུང་བའི་བརྡ། །ནང་བསམ་བློ་ཕྱིར་ལ་དེ་རིང་གཟིགས། །ཕ་རྒྱ་ཚ་བསད་པའི་སེམས་སྡུག་དང༌།།ཧོར་ཤན་པ་དགྲ་བོར་སྡང་སེམས་གཉིས། །བུ་ཁྱོད་ལ་དགྲ་གཉེན་གཉིས་སུ་ཤར། །ངོ་དེ་རིང་ཤེས་དུས་བཞད་གད་འཆོར།།སྤྱིར་འཇིག་རྟེན་བྱིས་པའི་རྩོད་མོ་འདྲ། །མི་ལ་ལ་སྐྱིད་ཀྱང་ལ་ལ་སྡུག །མི་ལ་ལ་ཐོབ་ཀྱི་ཆེད་དུ་འཆི།།མི་ལ་ལ་དཔལ་འབྱོར་ཆེད་དུ་འཆི། །མི་ལ་ལ་རང་གིས་རང་ཉིད་འཆི། །འདི་ཡོད་ཚད་འཁྲུལ་བའི་དབང་དུ་སོང༌།།དོན་ངོ་མ་བདེ་སྡུག་སྣང་ཚུལ་ཙམ། །མི་རེ་རེར་སྣང་ཚུལ་མི་འདྲ་བ། །སྔོན་དགེ་སྡིག་བསག་པའི་སྐྱེན་ལས་བྱུང༌།།ལྷ་ཨོ་རྒྱན་ང་ཞེས་རྗེ་བོ་དང༌། །བུ་དགྲ་ལྷ་ཁྱོད་ཞེས་ཁོལ་བོ་གཉིས། །ལྷ་རྗེ་ཁོལ་གཉིས་འཛིན་འཁྲུལ་ཐག་ཆོད།།མཐར་ང་ཁྱོད་མེད་པར་རིག་ཀློང་དུ། །ཐུགས་རང་སེམས་དབྱེར་མེད་ངང་དེ་སྐྱོང༌། །ཞེས་གསུངས་ནས་འཀོར་དཔའ་བོ་མཁའ་འགྲོ་དག་ཐིག་ལེ་དང་ཐིག་ཕྲག་དུ་མར་གྱུར་དེ།གཙོ་བོ་ཨོ་རྒྱན་ཆེན་པོ་ལ་ཐིམ། ཨོ་རྒྱན་ཆེན་པོ་ཡང་འོད་ཀྱི་ཕུང་པོ་གཅིག་ཏུ་གྱུར་ནས་སྲས་ཆུང་དགྲ་ལྷའི་ཐུགས་གར་ཐིམ་པར་གྱུར་དོ།དེས་དེ་ནས་བཟུང་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་མཆོག་འཇིག་རྟེན་གྱི་སྣང་བ་དབྱིངས་སུ་ནུབ། ཤེས་པ་དགའ་ཡ་ལེ་སྣང་བ་ཡང་ཁྲོལ་ལེར་སོང་བ་དང༌།བཀའ་བློན་ཆེན་པོ་ཀུན་ཤེས་ལྷའུ་ལྡེམ་པ་ལ་དགྲ་ལྷ་དེ་རྩེ་རྒྱལ་མཆོག་གིས་གླུ་འདི་ལྟར་བླངས་སོ།།གླུ་ཨ་ལ༴ ཐ་ལ་ལ་མོ༴ སྐྱབས་གཅིག་ཨོ་རྒྱན་པདྨ་འབྱུང༌།།མི་འབྲལ་སྙིང་དབུས་རྒྱན་དུ་བཞུགས། །ང་འདྲ་ང་ངོ་༴ རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་ཡིན། །ས་འདི་ས་ངོ་༴གནས་མཆོག་པདྨ་བཀོད་ཆེན་གྱི། །ང་ལ་རིག་ངོ་འཕྲོད་ས་རེད། །འཇིག་རྟེན་སྣང་བའི་་འཁྲུལ་བ་རྣམས།།བཏགས་ཚུལ་ཡིན་པར་ང་ངོ་འཕྲོད། །སྔར་སོང་བྱ་བ་ཕྱིར་དྲན་ལ། །ཨ་འཁྲུལ་ཡང་འཁྲུལ་ངོ་ཚའིརྒྱུ།།དབེན་གསུམ་ཆོས་ཀྱི་གདན་ས་འདིར། །འཁོར་གཡོག་ཞབས་ཞུ་དགོས་པ་མེད། །ང་རིང་གཅིག་པུར་ཉམས་རེ་སྤྲོ།།ཁྱེད་ཅག་ཕྱིར་ལ་ཕེབས་རྒྱུ་གྱིས། །གླིང་གི་བླ་མ་རྣམ་གཉིས་དང༌། །སྤྱི་དཔོན་འདན་མའི་སྐུ་དྲིན་གྱིས།།དབེན་གནས་བརྟེན་པའི་སྐལ་བ་བྱུང༌། །ད་ནི་སྒྲུབ་པ་མཐར་ཕྱིན་བར། །ཕ་ཡུལ་མི་འཁོར་དམ་བཅའ་ཡིན།།མ་འོངས་བྱང་ཤར་མཆོང་རྫོང་དང༌། །ཤར་བདུད་བཙན་ལྷ་འབར་བ་དེ། །འདུལ་བའི་དུས་ལ་བབས་པའི་ཉིན།།ཁྱེད་ཅག་ང་རིང་བསུ་བར་ཕེ་བས། །གླིང་དཀར་ཡུལ་ནས་སླར་ཡང་འཛོམ། །གོ་ན༴ མ་གོ༴ཅེས་གསུངས་དུས་བཀའ་བློན་ཀུན་ཤེས་ལྷོའུ་ལྡེམ་པ་དེས་ཁྱེད་དང་ལྷན་དུ་འདུག་རྒྱུར་ཞུས་པ་ན།མ་གནང་སྟེ་ཁྱེད་ཅག་མྱུར་དུ་ཕྱིར་སོང་ལ་བློན་འདན་མའི་ཞབས་ཞུ་སྒྲུབ་དགོས། ད་ལོ་གླིང་ལ་ཆག་འཛིག་ཆེ་བས་ཁྱེད་ཅག་ཅེས་ཀྱང་འགྲོ་དགོས་ཞེས་ཕྱིར་གླིང་དཀར་ཡུལ་དུ་བརྫང་སོང་ངོ༌།དེ་ནས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་མཆོག་གནས་དེར་སྐབས་རེར་ཉམས་བཞག་དང་སྐབས་རེར་རྗེས་ཐོབ་ངང་ཉིན་མང་པོར་བཞུགས།རྗེས་ཐོབ་ཀྱི་སྐབས་སུ་སྔོན་ཨོ་རྒྱན་ཆེན་པོས་ཕ་རྒྱ་ཚ་དེ་བསྟན་ཀྱང་དེ་དུས་ང་རིག་ཐོག་ཏུ་བཞུགས་ནས་ལྐུགས་པ་བུ་རམ་གྱི་རོ་མྱོང་བ་ལྟ་བུའི་ངང་ཀློད་དེ་འདུག་པ་ལས།ང་ཕ་བུ་གཉིས་ཀྱི་གསུང་གླེང་མ་མཛད་པ་ལ་འགྱོད་ནས་ད་ཡང་ཕ་རྒྱ་ཚ་ལ་ངོ་ཞིག་ཐུག་ན་བསམ་དེ་དྲན་གདུང་ཆེན་པོའི་ངང་འོ་དོད་ཀྱིས་གསོལ་བ་བཏབ་ཚེ།གློ་བུར་དུ་མདུན་གྱི་ནམ་མཁར་འཇའ་སྤྲིན་འཁྲིགས་པའི་འོད་ངོགས་སུ་སྤྲིན་དཀར་པོ་གླང་བོ་ཆེའི་གཟུགས་ལྟ་བུ་ལ་བརྟེན་ནས་ཕ་མཆོག་རྒྱ་ཚ་ཞལ་དཀར་དེ་ཞལ་བཅོ་ལྔའི་དུང་ཟླ་ཚེས་ལྟར་གཟིགས་ནས་བུ་ཆུང་དགྲ་ལྷ་རྩེ་རྒྱལ་ལ་གླུ་འདི་བླངས་སོ།།གླུ་ཨ་ལ༴ ཐ་ལ་ལ་མོ༴ལྷ་སྤྱན་གཟིགས་ཕྱག་ན་པདྨོ་མཁྱེན། །སྲས་དགྲ་ལྷ་སྐྱོབ་པའི་མཐུན་གྲོགས་མཛོད།།ཕོ་ང་འདྲ་ངོ་ངོ་༴ གླིང་དཀར་པོ་གེ་སར་ཕུ་བོ་ལ། །བུ་ཁྱོད་ཀྱི་ཕ་ཡབ་རྒྱ་ཚ་ཡིན། །ལྷ་གཟུགས་ཁམས་ཡུལ་གྱི་ཕོ་བྲང་ནས།།ལྷའི་རྒྱལ་པོ་ངང་ཡག་ཞེས་བྱ་ཡིན། །ས་འདི་འདི༴ ལྷོ་འཛམ་བུ་གླིང་གི་གནས་ཀྱི་མཆོག །ལྷ་ལྷ་མོ་སྤྲོ་སངས་ཕེབས་པའི་གནས།།གནས་མཆོག་གྱུར་པདྨ་བཀོད་ཆེན་རེད། །བུ་སྐལ་ལྡན་འགའ་རེ་མ་གཏོགས་པ། །གནས་འདི་ལ་འཕྲད་པ་ཤུན་ཏུ་དཀོན།།ད་འདི་ནས་ལྷོ་ཡི་རི་རྩེར་སོང༌། །ལྷ་སྤྱན་རས་གཟིགས་སྒྲུབ་རྩེ་གཅིག་མཛོད། །སྤྱིར་མི་ཡུལ་མི་ཚེ་ཐུང་ཐུང་ཡིན།།དཔེ་བཞག་ན་ང་ཡི་མི་ཚེ་དེ། །རིང་བསམ་ཡང་ལྷ་ཡི་ཞག་གཅིག་རེད། །དོན་དེ་ལྟར་བཤད་སྒྲུབ་ཕྱག་རྗེས་ཅིག།ཡུལ་འཇིག་རྟེན་ཁམས་སུ་མ་བཞག་ན། །མིའི་ལུས་རྟེན་ཐོབ་པ་དོན་མེད་ཡིན། །ཆོས་ཁ་བཤད་འཆད་རྩོད་མང་ན་ཡང༌།།དོན་ཉམས་ལེན་སྒྲུབ་པ་མ་བྱས་ན། །ཆོས་ཤེས་དང་མ་ཤེས་ཅི་ཞིག་ཁྱད། །དོན་དེ་ཕྱིར་གསང་སྔགས་སྒྲུབ་པ་མཛོད།།ཆོས་བདག་མེད་རྟོགས་པའི་སྔགས་འཆིང་ཀྱིས། །དགྲ་བསད་གཏུབ་བྱས་ཀྱང་ལྷ་ཆོས་འགྲུབ། །ད་མི་རིང་ཤར་བདུད་མཆོང་རྫོང་དེ།།ལས་སྨོན་ལམ་དབང་གི་ཁྱོད་ཀྱིས་འབེབ། །བདུད་བཙན་ལྷ་རྗེ་འབངས་འཁོར་ཚོགས་བཅས། །དོན་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བསྒྲོད།།ཕ་རྒྱ་ཚ་ང་རང་དགོས་མཁོ་ལྟར། །སྐབས་སྐབས་སུ་ལྷ་བབས་བྱེད་རྒྱུ་ཡིན། །དོན་དེ་ལྟར་བུ་ཡི་ཐུགས་ལ་ཟུངས།།གླུ་གོ་ན༴ མ་གོ་གླུ༴ དེ་ལྟར་བླངས་ནས་ནམ་མཁའི་དབྱིངས་སུ་འཇའ་ཡལ་བ་ལྟར་སོང་ངོ༌། །དེ་ནས་ཕ་རྒྱ་ཚའི་ལུང་བསྟན་པ་བཞིན་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་མཆོག་སྐུའི་ཕེབས་བཞུད་རྐང་འགྲོས་ལ་མ་བརྟེན་པར་བྱ་འཕུར་བ་ལྟར་ལྷོ་རིའི་རྩེར་ཕེབས།ལྗོན་ཤིང་ཆེན་པོ་ལ་སྐུ་རྒྱབ་གཏད་གདུགས་ལྟར་འཁོར་བའི་ལོ་མའི་བསིལ་གྲིབ་ཏུ། ལུས་རྡོ་རྗེ་དཀྱིལ་ཀྲུང་དང་ངག་ཏུ་གསུང་མཆོག་ཡི་གེ་དྲུག་མ་བཟླ་བ་དང༌།ཐུགས་ཏིང་འཛིན་ལ་གཅིག་ཏུ་གཞོལ་ཏེ་ལོ་གཅིག་གི་ནང་ཉམས་དང་རྟོགས་པ་གོང་དུ་འཕེམ་ནས་ལྷ་ཞལ་མང་པོ་གཟིགས།ཁྱད་པར་དུ་འཕགས་མཆོག་འགྲོ་འདུལ་ཐུགས་རྗེ་ཆེན་པོས་ཞལ་གཟིགས་ཏེ་ལུང་བསྟན་གྱི་འགུར་གླུ་འདི་གསུགས།གླུ་ཨ་ལ་མཁའ་དབྱིངས་སྟོང་ཆེན་ལ། །མ་ཐ་ལ་ཉི་ཟེར་འགག་མེད་གསལ། །ཨོཾ་ཨ་ཐ་གསལ་སྟོང་གཉིས་མེད་སྐུ།།དུས་འབྲལ་མེད་སྙིང་དབུས་བྷ་ཐིམ་རྒྱ། །བུ་ཁྱོད་ཀྱི་ཚེ་རབས་ཕྲེང་བ་རུ། །ང་ཡི་དམ་ཐུགས་རྗེ་ཆེན་པོས་སྐྱོང༌།།དུས་སྙིགས་མ་ལྔ་བདོའི་འགྲོ་བ་ཀུན། །ཐུགས་ཞི་བའི་འདུལ་དཀའ་ཁྲོ་བོའི་རྒྱལ། །དཔལ་རྟ་མགྲིན་གསང་བའི་སྒྲུབ་པ་གལ།།དོན་དེ་ཕྱིར་དབང་གི་གནས་ལ་བྱོན། །གནས་དེ་ནས་མ་འོངས་འགྲོ་དོན་འགྲུབ། །ཁྱོད་འཕྲིན་ལས་གླིང་བཞིས་ཁྱོན་ལ་ཁྱབ།།ཅེས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་མཆོག་ལུང་བསྟན་པ་ལྟར་ནུབ་རིའི་རྩེར་བྱ་འཕུར་བ་ལྟར་བྱོན་ནས།ལུས་ངག་ཡིད་གསུམ་ལྷ་སྔགས་ཆོས་སྐུའི་ངང་དབང་གི་ཏིང་འཛིན་ལ་རྩེ་གཅིག་ཏུ་གཞོལ། དེ་ལྟར་ལོ་བཞི་སོང་དུས་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་མ་ཡིག་ལུང་་བསྟན་དུས་ཐོག་ཏུ་བབས་པར་གླིང་རྗེ་གེ་སར་མཆོག་ལ་ཡར་ཞུའི་ཚུལ་དུ་གླུ་འདི་བླངས་སོ།།གླུ་ཨ་ལ༴ མ་ཐ་ལ༴ སྟེང་འཇའ་གུར་འོད་ཀྱི་ཀློང་རིམ་ནས། །སྟོད་ལྷ་ཆེན་ཚངས་པ་དཀར་པོ་མཁྱེན།།འདུས་མ་འོངས་དུས་གསུམ་ལུང་སྟོན་པ། །མ་ནེ་ནེ་གོང་སྨན་རྒྱལ་མོ་མཁྱེན། །གླིང་དཀར་པོ་ཀླུང་རྟ་སྐྱོད་པའི་ལྷ།།ཡང་དགྲ་ལྷའི་གཉན་སྟག་དམར་པོ་མཁྱེན། །ང་ཨ་ཁུའི་མ་ཡིག་ལུང་བསྟན་ནང༌། །བདུད་བྱང་ཤར་རི་བོ་རྩེ་དགུ་ནས།།ཤར་བདུད་རྒྱལ་བཙན་ལྷ་འབར་བ་རྗེ། །བློན་བྱང་ཤར་སྟག་མོ་བུ་དགུ་དང༌། །ཤར་རིན་ཆེན་མཆོང་རྫོང་འཕབ་ལ་ཉེ།།མགོན་ཨོ་རྒྱན་པདྨའི་ཐུགས་ཀྱི་སྲས། །བུ་དགྲ་ལྷ་ཕོ་ལོ་བཅོ་བརྒྱད་སྟེང༌། །གླིང་དཀར་པོ་གསེར་ཁྲི་མངའ་གསོལ་ནས།།དམག་འབུམ་ཚོ་དྲུག་གི་རི་འདྲེན་ལ། །དུས་མ་འགྱིང་མྱུར་དུ་བཞག་ན་བཟང༌། །དོན་དེ་ཕྱིར་ཕོ་ཉ་ལྷའུ་ལྡེམ།།འཁོར་དཔའ་བོ་བཅུ་ཕྲག་མངགས་ན་བདེ། །གླིང་རྗེ་སར་མཆོག་གིས་ཀྱང་སྤྱི་དཔོན་གྱིས་གསུངས་པ་ལྟར་བཀའ་བློན་ཀུན་ཤེས་ལྷའུ་ལྡེམ་པ་ལ་འཁོར་དཔའ་བོ་བཅུས་བསྐོར་ཏེ་བསྐོར་ཏེ་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་བསུ་མར་མངགས།དེ་ནས་སྲས་ཆུང་དགྲ་ལྷའི་གླིང་གི་བསུ་བ་ཡོང་གི་ཡོད་པ་དང༌། བྱང་ཤར་མཆོང་རྫོང་སྨུག་པོ་འཕབ་ལ་ཉེ་བ་དང༌།ཤར་བདུད་སྟག་མོ་བུ་དགུའི་ཧམ་སེམས་ཆེ་རུ་འབར་ནས། བྱང་རི་རྩེ་དགུ་བརྒལ་ཧེ་བོད་ཡུལ་དུ་ཐོན་པ་སོགས་མཁྱེན་ནས།རྟ་ལམ་ཉིན་ཞག་བཅུ་གསུམ་ལམ་ལ་སྐད་ཅིག་གིས་འཕུར་ཏེ་བྱོན་པ་ན། བཀའ་བློན་ཀུན་ཤེས་ལྷ་འུ་ལྡེམ་པ་འཁོར་སློབ་དང་འཕྲད་ནས།ཁོང་གིས་དུས་གསུམ་གསལ་སྒྲིབ་མེད་པར་མཁྱེན་ནའང་སྤྱོད་པ་མི་དང་བསྟུན་ཏེ་གླིང་དཀར་གྱི་སྐྱིད་སྡུག་སོགས་དྲི་བ་དང༌།གསུང་གླེང་མང་དུ་མཛད་ནས་རྟ་མཆོག་རྒྱ་བྱ་སོག་དཀར་ལ་བཅིབས་ཏེ་གླིང་དཀར་དུ་ཕེབས། གླིང་དཔའ་ཐུལ་ཕུ་ནུ་མ་སྲི་མོ་སྨན་དག་གིས་ཆིབས་བསུ་དང༌།ཇ་འདྲེན་ཆང་འདྲེན་གྱི་དགའ་སྟོན་དང༌། རྨ་དེ་ཡག་སྟག་ཐང་ཁྲ་མོ་རུ་གླིང་དཀར་སྤྱི་སྒར་བཏབས། སྲས་ཆུང་དང་ཨ་ཁུ་ཁྲོ་རྒྱལ། །