གནམ་གཤིས་འཕྲོད་བསྟུན་དབུ་ཚོགས་སྐབས་དང་པོ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-28



     ཟླ་1ཚེས་25ཉིན། གནམ་གཤིས་འཕྲོད་བསྟུན་དབུ་ཚོགས་སྐབས་དང་པོ་འཚོགས་འགོ་བརྩམས་ཤིང་། དབུ་ཚོགས་གཙོ་གཉེར་རྒྱལ་ཁབ་ཧོ་ལན་གྱི་ལྟ་སྲུང་རྒྱལ་སྲིད་ལས་ཁུངས་ཀྱི་དབུ་བཞུགས་བློན་ཆེན་ལུའུ་ཐེ་ཡིས། ཐེངས་འདིའི་དབུ་ཚོགས་ཀྱིས་མི་རྣམས་ལ་བྱ་སྤྱོད་སྤེལ་བར་བཅུག་ནས། གནམ་གཤིས་ཀྱི་མཉེན་ཤུགས་ཇེ་ཆེར་གཏོང་བའི་རེ་བ་ཡོད་པ་བསྟན། 
    ཚོགས་འདུའི་དུས་ཡུན་ཉིན་གཉིས་རིང་། འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོའི་འཐུས་ཚབ་ཀྱིས་རྒྱུན་ལྡན་མིན་པའི་གནམ་གཤིས་དང་རང་བྱུང་གནོད་འཚེར་ཁ་གཏད་འཇལ་བའི་ཐད་ཀྱི་འཕེལ་རྒྱས་ཕྱོགས་བསྡོམས་བྱེད་པ་དང་། ཁ་གཏད་འཇལ་ཐབས་ལ་གང་ལྟར་ལེགས་བཅོས་བྱ་དགོས་པའི་ཐད་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་མ་ཟད། ད་ལོའི་ཟླ་11པར་འཚོག་རྩིས་བྱེད་པའི་《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་གྱི་ཚོགས་ཆེན་ཐེངས་26པར་གྲོས་རིམ་འཆར་འགོད་བྱེད་རྒྱུ་རེད།
ལུའུ་ཐེ་ཡིས་ཚོགས་འདུ་འགོ་ཚུགས་མཛད་སྒོའི་ཐོག་ཏུ་གསུང་བཤད་སྤེལ་ནས་བསྟན་དོན། གལ་ཏེ་མིའི་རིགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཚོད་འཛིན་ནུས་ལྡན་དང་འཕྲོད་བསྟུན་རང་བཞིན་གྱི་ལེགས་སྒྲིག་མ་བྱས་ན། “མཇུག་འབྲས་ནི་གནོད་འཚེ་ཅན་ཞིག་ཡིན་ངེས”ཟེར། ཐེངས་འདིའི་དབུ་ཚོགས་ཀྱིས་མི་རྣམས་ལ་བྱ་སྤྱོད་སྤེལ་བར་བཅུག་ནས། འཕྲོད་བསྟུན་གྱི་ནུས་ཤུགས་ཆེ་རུ་སྐྱེད་པ་དང་གནམ་གཤིས་ཀྱི་མཉེན་ཤུགས་ཇེ་ཆེར་གཏོང་བའི་རེ་བ་ཡོད་པ་བསྟན།
   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་གསུང་བཤད་སྤེལ་ནས་བསྟན་དོན། བདེན་འཛིན་དང་། ནོར་སྲིད། དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་ཐད་ནས་བལྟས་ན། གནམ་གཤིས་འཕྲོད་བསྟུན་བྱ་སྤྱོད་ལ་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་རེད། 
    དབུ་ཚོགས་སུ་ཞུགས་མཁན་ད་དུང་འཇར་མན་གྱི་ཙུང་ལི་མོ་ཁེར་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཇོང་སེན། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང། དེ་བཞིན་ཨ་རིའི་ཙུང་ཐུང་གི་དམིགས་བསལ་སྐུ་ཚབ་ཁེ་ལི་སོགས་ཡོད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚོགས་འདུ་ལས་གོ་ལ་ཧྲིལ་པོའི་གནམ་གཤིས་འཕྲོད་བསྟུན་ཨུ་ལྷན་གྱིས་གྲོས་འགོ་བཏོན་པའི་འཕྲོད་བསྟུན་བྱ་སྤྱོད་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། དངོས་དོན་གཉེར་བའི་བྱ་སྤྱོད་དང་རྒྱ་ཁྱབ་ངང་ཞུགས་པར་བརྟེན་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཆེད་དུ་འཛམ་གླིང་ལ་ཉམས་པ་སོར་ཆུད་ཀྱི་ནུས་ཤུགས་སྔར་བས་ལྡན་པར་འཇུག་རྒྱུའི་ཁས་ལེན་བྱས་པ་རེད། དབུ་ཚོགས་ཀྱིས་སྲིད་གཞུང་དང་། ཚན་རིག་ལས་རིགས། རྒྱལ་སྤྱིའི་རྩ་འཛུགས། གཞོན་ནུའི་ཚོགས་པ། དམངས་ཁྲོད་ཚོགས་པ། དངུལ་རྩའི་སྒྲིག་གཞི་སོགས་ལ་ལས་སྟེགས་མཁོ་འདོན་དང་ཐོན་ཁུངས་གཅིག་སྡུད་བྱས་ནས་རིམས་ནད་ཀྱི་གནས་ཚུལ་འོག་འཛམ་གླིང་ལ་གནམ་གཤིས་ཡག་པོ་གཏོད་ཆེད་ནུས་ཤུགས་འདོན་རྒྱུ་རེད། 
གནམ་གཤིས་འཕྲོད་བསྟུན་དབུ་ཚོགས་དེ་ཧོ་ལན་གྱིས་གྲོས་འགོ་བཏོན་ནས་འཚོགས་པ་ཡིན་ཞིང་། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་བྱེད་ཐབས་འོས་འཚམ་སྔར་བས་མང་པོ་སྤྱད་ནས་གནམ་གཤིས་ཀྱི་ཉེན་ཁ་ཆུང་དུ་གཏོང་བ་དང་གནམ་གཤིས་ཀྱི་མཉེན་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དོན་དུ་གཉེར་བར་དམིགས་ཡོད། སྐབས་འདིའི་དབུ་ཚོགས་དེ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་སྒོ་ནས་འཚོགས་པ་རེད། (http://tibet.people.com.cn/15836169.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1