༄༅།།གཉེན་སྟོན་བྱས་རྗེས་ཁྱོ་ཤུག་ཏུ་གྱུར་པ་ཡིན་ནམ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 01-29
སྐྱེས་པ་དང་བུད་མེད་ཕྱོགས་གཉིས་གཉེན་སྒྲིག་བྱས་ནས་ཁྱོ་ཤུག་ཏུ་འགྱུར་བ་ལ་ངེས་པར་དུ་བཅའ་ཁྲིམས་ཀྱི་བྱེད་ནུས་ལྡན་པའི་འགྲོ་རིམ་ཆ་ཚང་ཞིག་བརྒྱུད་དགོས། 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱད་པའི་ནང་གཏན་འབེབས་བྱས་ཡོད་དོན། “གཉེན་སྒྲིག་བྱ་རྒྱུའི་རེ་འདུན་འདོན་མཁན་སྐྱེས་པ་དང་བུད་མེད་གཉིས་ཀ་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ངོ་བསྐྱོད་ཀྱིས་དངོས་སུ་གཉེན་སྒྲིག་བྱ་རྒྱུའི་ཐོ་འགོད་བྱེད་དགོས། བཅའ་ཁྲིམས་འདིའི་གཏན་འབེབས་དང་མཐུན་རྣམས་ལ་ཐོ་འགོད་བྱེད་དུ་བཅུག་ནས་གཉེན་སྒྲིག་གི་ལག་ཁྱེར་སྤྲོད་རྒྱུ། གཉེན་སྒྲིག་གི་ལག་ཁྱེར་ཐོབ་པ་ནས་བཟུང་ཁྱོ་ཤུག་གི་འབྲེལ་བ་ཚུགས་པ་ཡིན། གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་འགྲིམས་མེད་ན། ཐོ་འགོད་འགྲོ་ལུགས་གསབ་འགྲིམས་བྱ་དགོས། ”དེའི་ཐོག་ནས་གཉེན་སྟོན་བྱས་པ་ཙམ་གྱིས་ད་དུང་ཁྱོ་ཤུག་ཏུ་གྱུར་མེད་པ་མཚོན། གཉེན་སྒྲིག་བྱ་རྒྱུའི་རེ་འདུན་འདོན་མཁན་དང་སྐྱེས་པ་དང་བུད་མེད་ཡིན་ན་གཉིས་ཀར་གཉེན་སྒྲིག་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་ཚང་དགོས་པ་ལས་གཞན། ད་དུང་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་ངོ་སྤྲོད་ཀྱིས་གཉེན་སྒྲིག་ཐོ་འགོད་བྱ་རྒྱུའི་རེ་འདུན་ཞུ་འབུལ་བྱ་དགོས་པ་དང་། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་འདྲི་རྩད་བྱས་ཏེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ཚེ། ཐོ་འགོད་བྱས་ནས་གཉེན་སྒྲིག་གི་ལག་ཁྱེར་སྤྲོད་རྒྱུ། གཉེན་སྒྲིག་གི་ལག་ཁྱེར་བླངས་རྗེས་ད་གཟོད་ཁྱོ་ཤུག་གི་འབྲེལ་བ་ཚུགས་པ་དང་། བཅའ་ཁྲིམས་ཀྱི་བྱེད་ནུས་ལྡན་པའི་གཉེན་སྒྲིག་ཚད་ལྡན་དུ་གྱུར་པ་ཡིན། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་གཉེན་སྒྲིག་གི་འདྲི་གཅོད་དང་ལག་ཁྱེར་མ་ཐོབ་པར་གཉེན་སྟོན་སོགས་ཆང་སའི་བྱེད་སྒོ་བྱས་པ་ཙམ་གྱིས་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་དུང་ཁྱོ་ཤུག་གི་འབྲེལ་བར་མི་འགྲུབ་པ་ཡིན།