འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༧ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀོང་ཚོམས་ཆེན་དུ་བརྙན་མཐོང་འབྲེལ་མཐུད་བྱེད་པ་བརྒྱུད་ཁག་སོ་སོར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧེ་དབྱི་ཁྲེང་གི་སྤྱི་ལོ་༢༠༢༠ལོའི་ལས་འགན་སྒྲུབ་ཚུལ་སྙན་ཞུ་གསན་ཡོད་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧེན་ཀྲེང་ཞུགས་ཡོད།
ལིན་ཀྲེང་ཡུའེ་ཨེ་ཡིས་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་པ་གསན་གྲུབ་རྗེས། ལི་ཁེ་ཆང་གིས་སྤྱི་ལོ་༢༠༢༠ལོ་ནི་ཤང་ཀང་གི་ངོས་ནས་བརྗོད་ན་འགྲན་རྩོད་ཀྱིས་ཁེངས་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཕྱི་ནང་ཁོར་ཡུག་གི་མདུན་དུ། ཁྱེད་རང་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་སླར་གསོ། དམངས་ཀྱི་དཀའ་ངལ་སེལ་བ། སྤྱི་ཚོགས་བརྟན་བརླིང་ཡོང་བ་བཅས་ལ་ཧུར་ཐག་གཞོལ་བ་མ་ཟད། ཀྲུང་དབྱང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ། ཤང་ཀང་དེ་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་དེ་བས་ལེགས་པར་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀར་ཁས་ལེན་གང་ལེགས་བྱས་ཡོད་ཅེས་གསུངས་ཡོད།
ལི་ཁེ་ཆང་གིས། ཀྲུང་དབྱང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་རྒྱུ་དང་། སྲིད་འཛིན་དཔོན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ཤང་ཀང་ཡུན་རིང་དར་རྒྱས་དང་། བརྟན་བརླིང་། འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་ཡིན། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། གྲོང་མིའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་ལན་ཆ་ཧུར་ཐག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་གཏོང་ལས་དོན་ཡག་པོ་སྒྲུབ་པ། ཤང་ཀང་གི་དམིགས་བསལ་བཟང་ཆ་འདོན་སྤེལ་བཅས་བྱས་ཏེ། རྒྱལ་ཁབ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་ཁྲོད་དམིགས་བསལ་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
ལིན་ཀྲེང་ཡུའེ་ཨེ་ཡིས། སྤྱི་ལོ་༢༠༢༠ལོ་ནི་ཤང་ཀང་གི་ངོས་ནས་བརྗོད་ན་ཆེས་གལ་འགངས་ཆེ་བའི་ཁ་ལོ་འགྱུར་མཚམས་ཤིག་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས། ཤང་ཀང་གི་དཔལ་འབྱོར་ཉམས་རྒུད་དུ་སོང་མོད། འོན་ཀྱང་གྲོང་ཁྱེར་གྱི་འཁོར་སྐྱོད་རྒྱུན་ལྡན་ཡིན་པ་དང་། དངུལ་རྩའི་ཁྲོམ་ར་བརྟན་པོ་རེད། ཀྲུང་དབྱང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རིམས་ནད་ལ་མུ་མཐུད་འགོག་རྒོལ་དང་། དཔལ་འབྱོར་སླར་གསོ། དམངས་འཚོ་ལེགས་གཏོང་བཅས་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པ། རྒྱལ་སྤྱིའི་དངུལ་རྩ་དང་། ཉོ་ཚོང་། མཚོ་ཐོག་སྐྱེལ་འདྲེན་བཅས་ཀྱི་ལྟེ་གནས་ཡིན་པའི་ཤང་ཀང་གི་གནས་བབ་སྲ་བརྟན་དུ་བཏང་ནས། རྒྱལ་སྤྱིའི་གསར་གཏོད་ཚན་རྩལ་ལྟེ་གནས་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
ཧོ་དབྱི་ཁྲེང་གི་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་པ་གསན་གྲུབ་རྗེས། ལི་ཁེ་ཆང་གིས། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་བརྡབ་གསིག་ཚབས་ཆེན་གྱི་མདུན་དུ། ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁ་གཏད་གཅོག་ཐབས་རབ་དང་རིམ་པ་སྤྱད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་དུས་ཐོག་ཏུ་བཏོན་ནས་དཔལ་འབྱོར་བརྟན་པོ་དང་། ལས་ཞུགས་འགན་སྲུང་། དམངས་ཀྱི་དཀའ་ངལ་སེལ་བ་བཅས་བྱས་པ་མ་ཟད། རིམས་ནད་འགོས་ཁྱབ་གནས་སྟངས་ཡག་ཏུ་ཕྱིན་རྗེས་གོ་སྐབས་མི་ཤོར་བར་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་དང་། ཀོང་ཏུང་དང་ཨའོ་མོན་གྱི་མཉམ་ལས་མགྱོགས་སུ་བཏང་ནས། ཨའོ་མོན་གྱི་འཕེལ་རྒྱས་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀར་ཁས་ལེན་གང་ལེགས་བྱས་ཡོད་ཅེས་གསུངས་ཡོད།
ལི་ཁེ་ཆང་གིས། ཀྲུང་དབྱང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་ནས། སྲིད་འཛིན་དཔོན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། དཔལ་འབྱོར་བརྟན་དུ་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འོས་འཚམ་དང་སྣ་མང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཕྱི་ནང་སྦྲེལ་མཐུད་བྱེད་པའི་དམིགས་བསལ་བཟང་ཆ་བེད་སྤྱོད་ཡག་པོ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་མཉམ་འདྲེས་བྱེད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
ཧོ་དབྱི་ཁྲེང་གིས། སྤྱི་ལོ་༢༠༢༠ལོ་ནི་ཨའོ་མོན་གྱི་ངོས་ནས་བརྗོད་ན་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཨའོ་མོན་གྱི་དཔལ་འབྱོར་ལ་བརྡབ་གསིག་ཆེན་པོ་བཟོས་ཡོད། ཀྲུང་དབྱང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་བཟུང་བའི་རིམས་འགོག་བྱ་ཐབས་རབ་དང་རིམ་པས་ཨའོ་མོན་གྱི་དཔལ་འབྱོར་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ལོ་གསར་པའི་ནང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། རྒྱལ་ཁབ་གོང་འཕེལ་གྱི་འཐབ་ཇུས་དང་འབྲེལ་མཐུད་ཧུར་ཐག་བྱེད་པ། དཔལ་འབྱོར་སླར་གསོ་ཡོང་རྒྱུར་གང་མགྱོགས་སྐུལ་འདེད་བཏང་ནས་ཨའོ་མོན་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
ཞའོ་ཅེ་དང་། ཞ་པའོ་ལུང་སོགས་གོང་གསལ་བྱེད་སྒོར་ཞུགས་གནང་ཡོད་པ་རེད།