ལོ་ལྔའི་རིང་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་500ལས་བརྒལ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-02



   ཟླ་1ཚེས་28ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་གསལ། 2020ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་103ཟིན་ཡོད་ཅིང་། བསྟུད་མར་ལོ་6རིང་ཏུན་ཁྲི་100ཡན་རྒྱུན་འཁྱོངས་བྱེད་ཐུབ་ཡོད། དེའི་ཁྲོད་དུ་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་རིམ་རྩིས་བྱས་ན་འབྲུ་རིགས་ཐོན་འབབ་ཏུན་ཁྲི་521.99ཟིན་ཡོད།
    “ན་ནིང་ལོར་ཆར་ཆུ་འབེལ་ཞིང་ལོ་ལེགས་བྱུང་སོང་”ཞེས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔལ་ཚལ་ཤང་གི་ནས་འདེབས་མཁན་བཀྲ་ཤིས་ལགས་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད་པར། ན་ནིང་ལོར་ནས་མུའུ་103བཏབ་པ་ལས་རྒྱ་མ་ཁྲི་8ཡོང་འབབ་བྱུང་ཡོད། གྲངས་གཞི་ལས་མངོན་གསལ་ལྟར་ན། 2020ལོར་བོད་ལྗོངས་ཡོངས་སུ་ནས་ཀྱི་ཐོན་འབབ་ཏུན་ཁྲི་83བྱུང་ཡོད་པ་དང་། 2015ལོ་དང་བསྡུར་ན་ཏུན་ཁྲི་12.15འཕར་ཡོད་པ་རེད།

   “འཛམ་གླིང་སྣེ་གསུམ་པ”ཞེས་འབོད་པའི་མཚོ་བོད་མཐོ་སྒང་གི་རྨང་གཞིའི་ས་བཅུད་ཞན་ལ་ལོ་རེའི་ཆ་སྙོམས་ཆར་ཆུ་ཉུང་བ་དང་། ཐོན་འབབ་དམའ་འབྲིང་ཞིང་ཁ་ཡི་བསྡུར་ཚད་མཐོ་བ་ཡོད། “དེའི་ཐོག་སྲོལ་རྒྱུན་གྱི་ཞིང་འདེབས་ཐབས་ཤེས་རགས་ལས་ཡིན་པས། ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ཉི་ཤུ་སུམ་ཅུ་སོང་ཡང་། བོད་ལྗོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བྱེད་སྟངས་སྔར་བཞིན་ཆུ་ཚད་དམའ་བའི་ཚད་དུ་གནས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་འདེབས་འཛུགས་དོ་དམ་ཁྲུའུ་ཡི་རིམ་པ་གཉིས་པའི་རྟོག་ཞིབ་མི་སྣ་ཀྲུའུ་ཆའང་གིས་དེ་ལྟར་བཤད།


   འབྲུ་རིགས་ཀྱི་ཐོན་འབབ་ཇེ་མཐོར་གཏོང་ཆེད། བོད་ལྗོངས་ཀྱིས་དུས་རབས་20པའི་ལོ་རབས་60པ་ནས་བཟུང་འདྲེས་སོན་འདེབས་གསོ་བྱས་པ་རེད། དུས་རབས་21པར་སླེབས་ཚེ་བོད་ལྗོངས་ཀྱིས་ས་ཞིང་བཅོས་སྒྱུར་དང་སོན་བཟང་རྒྱ་སྐྱེད། ལག་རྩལ་འདེགས་སྐྱོར་སོགས་ཀྱི་ཐད་ནས་བཟའ་འབྲུ་རང་གིས་འགན་སྲུང་ཐུབ་པའི་ནུས་པ་ཇེ་མཐོར་བཏང་བ་རེད། 
   “ལོ་ལྔ་ཚན་བཅུ་གསུམ”པ་ནས་བཟུང་།བོད་ལྗོངས་ཀྱིས་“ཁ་གསབ་སྣ་གསུམ་”ཐད་ཀྱི་མ་དངུལ་སྡེབ་སྒྲིག་བྱས་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་8ཙམ་བཏང་ནས་ཞིང་པར་རྨོ་ཞིང་གི་ས་བཅུད་འཕེལ་བ་བྱེད་པའི་ཁྲིད་སྟོན་བྱས་ཡོད།འབྲུ་རིགས་ཐོན་ཁུལ་གཙོ་བོ་རྫོང་35གཙོ་གནད་དུ་བཟུང་སྟེ་འདེབས་འཛུགས་ལས་རིགས་ནང་ཁུལ་གྱི་གྲུབ་ཆ་ལེགས་སྒྲིག་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་ལོ་ཏོག་འདེབས་སའི་རྒྱ་ཁྱོན་བརྟན་པོའི་ངང་འཕར་བའི་འགན་ལེན་བྱས་ཡོད།

   བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། གྲོའི་རིགས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་གདལ། འབུའི་གནོད་པ་དང་རྩྭའི་གནོད་པ་ནུས་ལྡན་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་གྲྭ་སྤེལ་ཡོད་ཅིང་། མིག་སྔར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་45བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་225བསྐྲུན་ཡོད། ལོ་5ཡི་རིང་རིམ་རྩིས་བྱས་ན་གྲོའི་རིགས་སྐྱེ་དངོས་ཀྱི་སོན་བཟང་མུའུ་ཁྲི་1069ཁྱབ་གདལ་བཏང་ཡོད་ཅིང་། དེའི་ནང་སོན་བཟང་ཁྱབ་ཚད་2015ལོའི་85%དེ་2020ལོའི་90%ཡན་དུ་འཕར་ཡོད།


   མཚོ་བོད་ས་མཐོའི་ལོ་ངོ་སྟོང་ལ་རྒྱུན་མཐུད་པའི་སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད། 2020ལོའི་ལོ་མཇུག་ཏུ་བོད་ལྗོངས་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི་691.5ཟིན་པ་དེ་2012ལོའི་ལོ་མཇུག་ལས་སྟོང་ཝ་ཁྲི་227.5འཕར་བ་དང་། ལྗོངས་ཡོངས་སུ་ཞིང་འཕྲུལ་མཉམ་ལས་ཁང་170དང་ཞིང་ལས་ཆེད་ལས་མཉམ་ལས་ཁང་1086ཡོད་པ་རེད། འབྲུ་རིགས་མུའུ་རེའི་ཐོན་ཚད་2015ལོའི་སྤྱི་རྒྱ་374.94དེ་2020ལོའི་སྤྱི་རྒྱ་387.33ཙམ་དུ་འཕར་ཡོད།


   བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ལིན་མུའུ་ཡིས། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལྗོངས་ཀྱི་འབྲུ་རིགས་གཙོ་བོ་སྤྱིར་ན་རང་མཁོ་རང་འདང་ཡོང་བའི་མཁོ་སྤྲོད་ཐུབ་ཡོད། གོམ་སྟབས་རྗེས་མར་ནས་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་མཐོའི་འབྲུ་རིགས་ཀྱིས་བཟའ་འབྲུའི་དགོས་མཁོ་སྐོང་ཐུབ་པ་དང་དུས་མཚུངས་མི་སེར་གྱི་འབབ་འཕར་ཕྱུག་འགྱུར་ལ་དེ་བས་ལེགས་པའི་སྒོ་ནས་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(http://tibet.people.com.cn/15836583.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1