ལྷ་ལྡན་གྲོང་དུ་ལོ་གསར་གྱི་རྣམ་པ་ཤར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-03



   ཟླ་1ཚེས་26ཉིན། གསར་འགོད་པ་ཁྲོམ་རར་སོང་ནས། ལྷ་སས་ལོ་གསར་བསུ་ཚུལ་སྐོར་བཅར་འདྲི་བྱས་པ་ཡིན། 
    “ལོ་གསར་མེ་ཏོག་ཕོན་པོ་རེར་སྒོར་5ཡིན། ཚང་མ་རང་ཉིད་ཀྱིས་བཟོས་པ་ཡིན” གསར་འགོད་པས་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་རར་ལོ་གསར་མེ་ཏོག་སྣ་མང་བཤམས་ཡོད་པ་མཐོང་། དེར་ཡོང་ནས་རིན་གོང་འདྲི་བ་དང་མེ་ཏོག་ཉོ་མཁན་གྱི་རྒྱུན་མི་ཆད། 
   ལོ་གསར་ལ་གྲ་སྒྲིག་བྱ་དགོས་པའི་ཅ་ལག་སྐོར་བཤད་ན། ཚོན་མདོག་སྣ་ལྔའི་ལོ་གསར་མེ་ཏོག་ནི་མེད་དུ་མི་རུང་བ་ཞིག་སྟེ། དེ་ནི་ལོ་གསར་ལ་རྟེན་འབྲེལ་མཚོན་བྱེད་བཀྲ་ཤིས་པའི་མེ་ཏོག་རེད། 

    སྐལ་བཟང་ནོར་བུ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོ་ནས་ཡིན་ཞིང་། བཟང་མོ་གྲོང་ཚོ་ནི་ལྷ་སའི་ལོ་གསར་མེ་ཏོག་ཐོན་སྐྱེད་བྱེད་ས་གཙོ་བོ་ཞིག་རེད། ལོ་ལྟར་ལོ་གསར་སླེབས་ལ་ཉེ་དུས་དུད་ཚང་ཚང་མས་བཟོ་བཞིན་ཡོད། ཟླ་དང་པོའི་ཟླ་དཀྱིལ་ནས་བཟུང་སྐལ་བཟང་ནོར་བུས་ཉིན་རྟག་པར་ཞོགས་པ་སྔ་མོ་ནས་ལོ་གསར་མེ་ཏོག་ཁྱེར་ནས་བར་སྐོར་ཁྲོམ་རར་བཙོང་བར་ཡོང་། “ང་ནི་ལོ་ལྟར་ལོ་གསར་མེ་ཏོག་བཙོང་ས་ཡོང་གི་ཡོད། ཐེངས་འདིར་ཁྱོན་མེ་ཏོག་ཕོན་པོ་500ཁྱེར་ཡོད། རེ་རེ་ལ་སྒོར་5ཡིན། ཚོང་ཡག་པོ་འདུག ”ཅེས་སྐལ་བཟང་ནོར་བུས་དེ་ལྟར་བཤད། 


   “ཨ་མ་ལགས། འདི་ཡག་པོ་འདུག འདི་ཉོས་དང་།”ཕྲུ་གུ་ཞིག་གིས་རྩེ་སྒྲོ་ལ་མཛུབ་མོ་བཙུགས་བཞིན་སྤྲོ་བ་ཆེན་པོས་ཨ་མ་ལ་བཤད་བཞིན་འདུག རྩེ་སྒྲོ་ནི་མར་གྱིས་བཟོས་ཤིང་། མེ་ཏོག་དང་རྩི་ཤིང་། འདབ་ཆགས་རི་དྭགས་སོགས་བརྗོད་གཞི་བྱས་ནས་བཟོས་པའི་མར་གྱི་ལག་ཤེས་སྒྱུ་རྩལ་བརྩམས་ཆོས་ཤིག་རེད། བཟོ་རྩལ་ཞིབ་ཚགས་ལྡན་ཞིང་རི་མོ་ཕུན་སུམ་ཚོགས་པོ་ཡོད་པས། ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་བཞིན་འདུག 
   “མཐུན་པ་སྤུན་བཞི་ཡོད་པེ། ང་ལ་གཅིག་སྟོན་རོགས”“ལགས་སོ”ཚོང་བདག་གིས་སྒམ་ཁ་ཕྱེ་ཞོར་དུ་གསར་འགོད་པ་ལ། ཁོང་ཚང་གི་རྩེ་སྒྲོ་ཆ་གཅིག་ལ་སྒོར་100ཡིན། གལ་ཏེ་ཉོ་མཁན་ལ་དམིགས་བསལ་གྱི་དགོས་མཁོ་ཡོད་ན་མངགས་བཟོ་བྱས་ན་ཆོག་ཀྱང་། ལས་སྣོན་བྱེད་གླ་ཁ་སྣོན་རྒྱག་དགོས་ཟེར། 
   བསོད་ནམས་ཀྱིས་རྩེ་སྒྲོ་དང་། གྲོ་སྙེ། བོད་ལུགས་ཀྱི་ཆ་ཡིག་སོགས་ལོ་གསར་གྱི་ཅ་ལག་དག་ཉོས་ཡོད། ད་ལོ་ལོ་29ཡིན་པའི་བསོད་ནམས་ནི་གཞིས་རྩེ་ལ་ལས་ཀ་བྱེད་བཞིན་ཡོད། ཐེངས་འདིར་ངལ་གསོ་ལ་བསྟུན་ནས་ལྷ་སར་ལོག་པ་དང་། ཁོང་གིས་བཟའ་ཟླ་དང་བུ་མོ་ཁྲིད་ནས་མཉམ་དུ་ལོ་གསར་གྱི་ཅ་ལག་ཉོ་སྒྲུབ་བྱེད་བཞིན་འདུག “ འཕྱི་སོང་ན་འདེམས་གསེས་བྱ་རྒྱུ་མེད་བསམ་ནས་ང་ཚོ་སྔ་མོ་ནས་ཡོང་བ་ཡིན། ད་གྲོ་སོ་ཕྱེ་མར་ཞིག་ཉོས་ན་ལོ་གསར་གྱི་ཅ་ལག་ཕལ་ཆེར་གྲ་སྒྲིག་བྱས་ཚར་སོང་ ”ཟེར། (http://tibet.people.com.cn/15836775.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1