ཟླ་2ཚེས་1ཉིན།“ རིན་ཆེན་སྣ་བདུན་ཏེ་ཧི་མ་ལ་ཡའི་སྒྱུ་རྩལ་རིག་དངོས་”དམིགས་བསལ་འགྲེམས་སྟོན་ཁྲེང་ཏུའུ་ཅིན་ཧྲ་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱེད་འགོ་བརྩམས།
ཐེངས་འདིའི་འགྲེམས་སྟོན་ནི་ཅིན་ཧྲ་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་གིས་ཀྲུང་གོ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་“ཞང་ཀང་དང་ཨའོ་མོན་ཐའེ་ཝན་གྱི་རིག་གནས་གནའ་ཤུལ་བགྲོ་གླེང་མཉམ་ལས་གཏིང་ཟབ་གཏོང་དགོས”ཞེས་པའི་མཛུབ་སྟོན་བསམ་བློ་དང་ལེན་བྱེད་ནས། ཐེངས་དང་པོར་ཞང་ཀང་ས་ཁུལ་དང་མཉམ་ལས་བྱས་ནས་ནང་འདྲེན་འགྲེམས་སྟོན་བྱས་པ་ཞིག་རེད། འགྲེམས་སྟོན་ནི་ཅིན་ཧྲ་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་དང་ཞང་ཀང་རྒྱ་ཡིག་སློབ་ཆེན་རིག་དངོས་རྟེན་རྫས་ཁང་དང་མཉམ་འབྲེལ་བྱས་ནས་སྤེལ་བ་རེད། དུས་རབས་17པ་ནས་དུས་རབས་20པ་གཙོར་བཟུང་བའི་རྩ་ཆའི་སྒྱུ་རྩལ་རིག་དངོས་(ཆ)233བརྒྱུད་ནས། ཧི་མ་ལ་ཡ་ས་ཁུལ་གྱི་མཚར་སྡུག་བཀྲ་བའི་དངོས་པོའི་རིག་གནས་དང་། ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས། ས་གནས་དེའི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་སྒྱུ་རྩལ་བཅས་བརྗོད་ཡོད།
གནའ་ནས་བཟུང་། ཧི་མ་ལ་ཡ་ས་ཁུལ་དང་ཉེ་འཁོར་བར་གྱི་རིག་གནས་སྤེལ་རེས་རྒྱུན་ཆད་མྱོང་མེད། མཐོ་སྒང་གི་དར་གོས་ཚོང་ལམ་ཤར་གཏོང་བྱུང་བ་དེས་གནས་དེར་དབུས་རྒྱུད་ས་ཁུལ་དང་ཨེ་ཤ་ཡ་ནུབ་མ། ཨེ་ཤ་ཡ་དབུས་མའི་གསེར་བཟོའི་ལག་རྩལ་ནང་འདྲེན་བྱས་ཡོད། གསེར་གྱི་ཅ་ལག་བཟོ་སྐྲུན་ལག་རྩལ་ནི་མི་རབས་ནས་མི་རབས་བརྒྱུད་ཅིང་། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཡོད། དུས་རབས་17པ་ནས་དུས་རབས་20བར། ཞིབ་ཚགས་ལྡན་པའི་བཟོ་རྩལ་དང་མཛེས་དཔྱོད་ནི་སྔར་བཞིན་ཆད་མེད་ངང་རྒྱུན་འཛིན་དང་འཕེལ་རྒྱས་ཕྱིན་ཡོད།
ཐེངས་འདིའི་འགྲེམས་སྟོན་ནི་“གསོན་ཉམས་ལྡན་པའི་བཟོ་རྩལ”དང་“སྣོད་ཆས་སྣ་ཚོགས”“རྒྱན་ཆའི་མཛེས་པ”བཅས་ཁག་གསུམ་ལ་བགོས་ཡོད། ཀྲུང་གོའི་བོད་ལྗོངས་ས་ཁུལ་ནས་ཐོན་སྐྱེད་བྱས་པའི་སྒྱུ་རྩལ་བརྩམས་ཆོས་ཕུད། ད་དུང་ཁག་ཅིག་ནི་བལ་བོ་དང་འབྲུག་ཡུལ་ནས་ཡིན།
སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་དང་། ལོ་རྒྱུས་རིག་གནས་སློབ་གླིང་གནའ་རྫས་རྟོག་ཞིབ་རིག་པའི་དགེ་རྒན་ཆེན་མོ་ཞུང་ཝུན་པིང་གིས། ཐེངས་འདིའི་འགྲེམས་སྟོན་ལ་ཁྱོན་“མཛེས་པ་གསུམ”ཡོད་པ་སྟེ། གསེར་དངུལ་གཡུ་བྱུ་རུ་མུ་ཏིག་སོགས་རིན་ཆེན་ནོར་བུའི་རིགས་ཀྱི་མཛེས་པ་དང་། རིན་ཆེན་ནོར་བུའི་རིགས་ཀྱི་ཚོན་མདོག བཟོ་དབྱིབས་ཆ་སྒྲིག་ནས་ཚོགས་པ་སྡེབ་པའི་ཇུས་འགོད་ཀྱི་མཛེས་པ་ཕུད། ད་དུང་ཧི་མ་ལ་ཡ་ས་ཁུལ་གྱི་མགར་ལས་བཟོ་རྩལ་གྱི་མཛེས་པའང་མངོན་ཡོད།
འགྲེམས་སྟོན་བྱེད་པའི་རིང་། ཞང་ཀང་རྒྱ་ཡིག་སློབ་ཆེན་རིག་དངོས་འགྲེམས་སྟོན་ཁང་གི་འགོ་འཛིན་གཞོན་པ་ཞུའུ་ཞའོ་ཏུང་། སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་འཛིན་ཧའོ་ཝེ་བཅས་རིགས་གཅིག་མཁས་པས་འགྲེམས་སྟོན་སྐོར་ནས་ཆེད་དོན་འཆད་ཁྲིད་སྤེལ་རྒྱུ་རེད། (http://tibet.people.com.cn/15836892.html)