ལོ་ངོ་བཅུ་ཕྲག་ལྷག་གི་སྔ་རོལ་དུ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་གནའ་རྫས་བརྟག་དཔྱད་རུ་ཁག་ཅིག་ཡོད་ལ། དེ་ནི་རྔ་བ་ཁུལ་རིག་དངོས་དོ་དམ་སུའོ་དང་འབར་ཁམས་གྲོང་ཁྱེར་རིག་གནས་ལུས་རྩལ་ཅུས། ཁྲེང་ཏུའུ་རིག་དངོས་བརྟག་དཔྱད་ཞིབ་འཇུག་སུའོ་བཅས་ཀྱིས་གྲུབ་པ་ཞིག་ཡིན། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དེ་ཡང་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དང་བཙན་ལྷ་རྫོང་། ཆུ་ཆེན་རྫོང་། འཛམ་ཐང་རྫོང་བཅས་ཀྱི་ནུབ་རྒྱུད་དང་། དཀར་མཛེས་ཁུལ་རོང་བྲག་རྫོང་གི་ཤར་རྒྱུད་ལ་གོ་བ་དང་། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་3ཙམ་ཡོད། ཡུལ་དེ་ཡི་བྱང་ནི་ཀན་སུའུ་དང་མཚོ་སྔོན་ལ་འབྲེལ་བ་དང་ཤར་ནི་རྨིན་ཅང་སྟོད་རྒྱུད་ལ་འབྲེལ་བ། ལྷོ་ནི་ལིའང་ཧྲན་དང་ཡུན་ནན། ཀའེ་ཀྲོའུ་ཡི་མཐོ་སྒང་ལ་འབྲེལ་ཡོད་པས། ས་བབ་ལ་ཐུན་མིན་ཁྱད་ཆོས་ལྡན་པར་མ་ཟད་རྨ་འབྲིའི་སྟོད་རྒྱུད་ཀྱི་གནའ་རབས་རིག་གནས་དང་མི་རིགས་རིག་གནས་ལ་འབྲེལ་བ་དམ་པོ་ཡོད་པས། ས་གནས་རིག་གནས་ལ་ཞིབ་འཇུག་དང་རིག་དངོས་འཚོལ་ཞིབ་སྔོག་འདོན་ལ་དོན་སྙིང་ལྷག་ཏུ་ལྡན།
2000ལོ་ནས་བཟུང་།
གོང་དུ་བརྗོད་པའི་ལས་ཁུངས་གསུམ་གྱིས་རྒྱལ་མོའི་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཀྱོམ་ཀྱོ་ཆུ་བོ་དང་ཁྲ་པོ་ཆུ་བོའི་ངོགས་གཉིས་སུ་ཐེངས་གསུམ་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ཏེ། རྡོ་ཆས་གསར་བ་ནས་ཆིན་ཧན་དུས་སྐབས་བར་གྱི་གནའ་བོའི་རིག་གནས་རྗེས་ཤུལ་10རྙེད་ཡོད། 2006ལོའི་ཟླ་3པར། གནའ་རྫས་བརྟག་དཔྱད་རུ་ཁག་གིས་འབར་ཁམས་གསར་རྫོང་ཡུལ་ཚོ་ལྷ་ཤུག་རྗེས་ཤུལ་བརྐོས་ནས། ས་དོང་བཅུ་ལྷག་རྙེད་པར་མ་ཟད། གཡུ་ཆས་དང་རྫ་ཆས། རུས་ཆས། སྲོག་ཆགས་ཀྱི་ཀེང་རུས་སོགས་ཤུལ་རྫས་1000ཙམ་རྙེད་ཡོད། ས་འོག་ནས་བརྐོས་པའི་སྲོག་ཆགས་ཀྱི་ཀེང་རུས་ལ་ཤྭ་བ་དང་ཕག ནོར་གནག ཁྱི། རྟ། གླ། འདབ་ཆགས་སོགས་ཀྱི་རིགས་ཡོད་ཅིང་། རྡོ་ཆས་དང་རྫ་ཆས་ཁྲོད་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་གནའ་སྔ་མོར་བྱུང་བའི་རྫ་བཟོས་གདོང་དབྱིབས་དང་བརྡུངས་ཤིང་བརྡར་ནས་གྲུབ་པའི་མདོང་དང་གྲི་སོགས་མང་བོ་ཡོད།
ཆེད་མཁས་པས།
ས་འོག་ནས་ཐོན་པའི་ཤུལ་རྫས་དེ་དང་ཉེ་འཁོར་ས་ཁུལ་དང་ནང་སྒོས་སུ་རྨིན་ཅང་སྟོད་རྒྱུད། རྨ་ཆུ་སྟོད་རྒྱུད་ཀྱི་རྡོ་ཆས་གསར་བའི་དུས་སྐབས་ཀྱི་ཤུལ་རྗེས་དང་གཤིབ་སྡུར་བྱས་ཙ་ན། ལྷ་ཤུག་རྗེས་ཤུལ་གྱི་ལོ་རབས་ནི་ལོ་5500ནས་5000བར་འགོར་ཡོད་པ་ཐག་གིས་ཆོད། ལྷ་ཤུག་རྗེས་ཤུལ་ནི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་མངའ་ཁོངས་ཀྱི་རིག་གནས་ཀྱི་ལྟེ་བ་ཞིག་ཡིན་ལ། ལོ་5500སྔོན་ནས་རྒྱལ་རོང་དུ་འགྲོ་བ་མིའི་རིགས་ཡོད་པ་གསལ་བོར་ཤེས་ཐུབ་པར་མ་ཟད། ཅུང་དར་རྒྱས་ཆེ་བའི་གནའ་རབས་རིག་གནས་ཀྱང་གསར་དུ་བཏོད་ཡོད། ད་བར་རྒྱལ་རོང་ནས་རྙེད་པའི་མདའ་རི་རིག་གནས་དང་ལྷ་ཤུགས་རིག་གནས། ལིའུ་ཚང་སྡེ་བའི་རིག་གནས་དག་ནི། ཉེ་འཁོར་གྱི་རྨིན་ཅང་སྟོད་རྒྱུད་ཀྱི་མའོ་རྫོང་དམག་སྒར་རི་བོའི་ཤུལ་རྗེས་དང་ཝུན་ཁྲོན་རྫོང་ཅང་ཝའེ་ཁྲེན་གྱི་ཤུལ་རྗེས་ཀྱི་རིག་གནས་དང་ཕལ་ཆེར་འདྲ་བར་མ་ཟད། རྨ་ཆུ་སྟོད་རྒྱུད་ས་ཁུལ་གྱི་ཁ་ཡོ་རིག་གནས་དང་མ་ཅྰ་ཆིང་རིག་གནས། དབྱང་ཀྲའོ་རིག་གནས་དང་འབྱུང་ཁུངས་གཅིག་ཡིན། ཁམས་པའི་རྫ་ཆུ་དང་ཟླ་ཆུ་རྒྱུད་ཀྱི་ཆབ་མདོ་ཁ་རོ་རིག་གནས་དང་ངོ་བོ་གཅིག་ཡིན། རྡོ་ཆས་གསར་བའི་དུས་སྐབས་སུ་རྒྱལ་རོང་དུ་གཞིས་ཆགས་པའི་འགྲོ་བ་མིའི་རིགས་ནི། རྨིན་ཅང་སྟོད་རྒྱུད་དང་རྨ་ཆུ་སྟོད་རྒྱུད། རྫ་ཆུ་དང་ཟླ་ཆུ་བཞུར་རྒྱུན། ཐ་ན་མཚོ་བོད་མཐོ་སྒང་གི་བོད་ཀྱི་མེས་པོ་རྣམས་དང་ཤ་རུས་གཅིག་ཏུ་གྲུབ་ཅིང་རིག་གནས་འབྱུང་ཁུངས་འདྲ་བ་གསལ་བཤད་བྱས་ཡོད།
ལྷ་ཤུགས་རྗེས་ཤུལ་ནི།
ཇ་ཕོར་ཆུ་བོའི་བྱང་ངོགས་ཀྱི་སྒང་འབུར་ཞིག་ཏུ་ཆགས་ཡོད་ལ། སྤྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་10ཡོད། ལོ་ངོ་5000ལྷག་གི་སྔ་རོལ་གྱི་ཕ་མེས་ཡང་མེས་རྣམས་ས་གནས་འདི་འདྲ་ཞིག་ཏུ་ཅིའི་ཕྱིར་གཞིས་ཆགས་པ་ཡིན་ནམ་ཞེ་ན། ཆེད་མཁས་པས་ངོ་སྤྲད་པ་ལྟར་ན། གནའ་མིའི་གཞིས་ས་འདེམ་པར་ཆོས་ཉིད་ཅིག་ཡོད་དེ། རི་བོ་དང་ཆུ་བོ། གཡང་གཟར་བཅས་ཀྱི་ངོགས་འདེམས་པ་དེ་ཡིན་ལ། དེ་འདྲ་བདམས་ན་རི་དྭགས་བརྔོན་པ་དང་ཆུ་ལེན་པ། དགྲ་འགོག་སོགས་ལ་སྟབས་བདེ་ཞིང་ཕན་པས་རེད། སྐབས་དེར། ལྷ་ཤུགས་སུ་འཚོ་བའི་མེས་པོ་རྣམས་ཀྱིས་ཞིང་ལས་གཙོ་བོར་གཉེར་བ་དང་རི་དྭགས་བརྔོན་པ་དང་ལྡུམ་རྩྭ་འཚོལ་སྡུད་ཀྱི་དཔལ་འབྱོར་རྣམ་པར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ལྷ་ཤུགས་ཀྱི་ཁང་བའི་རྗེས་ཤུལ་ལས་དཔག་ན་སྡོད་ཁང་ནི་ཤིང་ཆ་དང་གྱང་ལས་གྲུབ་པ་ཞིག་རེད།
ལྷ་ཤུགས་རྗེས་ཤུལ་ལ་དཔག་ན།
ལྷ་ཤུགས་ཀྱི་མེས་པོ་རྣམས་ལ་དམར་བོར་དགའ་མོས་ཀྱི་སྲོལ་ཞིག་ཀྱང་འདུག་སྟེ། ས་འོག་ནས་ཐོན་པའི་རྡོ་ཆས་ལ་ལར་མཚལ་བྱེ་བྱུག་ཅིང་འཇམ་པོར་བརྡར་ཡོད་པས། ས་རྐོ་རྡོ་སློག་གི་ཡོ་བྱད་ཅིག་མིན་པར་ལེགས་སྐྱེས་ཀྱི་རིགས་ཤིག་ཡིན་པར་སེམས། གནའ་རྫས་བརྟག་དཔྱད་རུ་ཁག་གིས་ལྷ་ཤུགས་རྗེས་ཤུལ་ནས་རྙེད་པའི་ཚོན་རྫ་ཉུང་ཉུང་ཡིན་པར་བལྟས་ན། སྐབས་དེར་ཚོན་རྫ་སྤྱོད་མཁན་ཉུང་ཉུང་ཡིན་པས། ཕལ་ཆེར་སྐུ་དྲག་རིགས་ཁོ་ནར་དབང་བ་འདྲ། ད་དུང་རྗེས་ཤུལ་ནས་ལག་གདུབ་དང་སྐྲ་རྒྱན་སོགས་རྙེད་ཡོད་པས། ལོ་5000སྔ་རོལ་དུ་ལྷ་ཤུགས་ཀྱི་མེས་པོ་རྣམས་ཀྱིས་ཟས་གོས་ཐད་ལ་འདང་རྒྱག་མི་དགོས་པར་མཛེས་པའི་ལོངས་སྤྱོད་ཅིག་རོལ་བཞིན་ཡོད་པ་འདྲ།
གནའ་རྫས་བརྟག་དཔྱད་པ་རྣམས་ཀྱིས་རྫ་ཆས་ཀྱི་ཆག་འཕྲོ་དང་དེ་ཡི་རྒྱུ་ཆ་སོགས་ལ་དཔག་པ་ལྟར་ན། རྨ་ཆུའི་ཤེས་རིག་ནི་བྱང་ཕྱོགས་ཀྱི་རི་རྒྱུད་ལུང་གཞུང་བརྒྱུད་ནས་རྔ་བ་ཁུལ་དུ་ཁྱབ་རྗེས། རྒྱལ་མོའི་རྔུལ་ཆུའི་བར་རྒྱུད་དང་རྨིན་ཅང་གི་སྟོད་རྒྱུད་ལྟེ་བར་གྱུར་པའི་གནའ་རབས་ཤེས་རིག་དར་རྒྱས་བྱུང་བ་རེད། ཆེད་མཁས་པས་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ད་དུང་ལྷ་ཤུགས་རྗེས་ཤུལ་ལྟ་བུའི་གནའ་རབས་རིག་གནས་ཀྱི་རྗེས་ཤུལ་མང་དུ་ཡོད་པར་འདོད་ཡོད།