ཞི་ཅིན་ཕིང་གིས་དཔོན་དམག་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-08


        ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་4ཉིན་མཁའ་དམག་མཁའ་སྐྱོད་དཔུང་སྡེའི་ཧྲེ་ཤོག་ག་གེ་མོ་ཞིག་ལ་རྟོག་ཞིབ་གནང་བར་ཕེབས་ནས་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་ཞུས་གནང་བ་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་གི་གྲ་སྒྲིག་དམག་ཞབས་ཞུ་མཁན་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད།
        དཔྱིད་འགོ་མའི་དུས་འདིར། ཀུའེ་ཀྲོའུ་ཡི་ས་གཞི་ཆེན་མོར་རི་བོ་སྔོ་ཞིང་ཆུ་མོ་དྭངས། སྔ་དྲོའི་ཆུ་ཚོད་10དང་སྐར་མ་30འི་ཐོག ཞི་ཅིན་ཕིང་མཁའ་དམག་མཁའ་སྐྱོད་དཔུང་སྡེའི་ཧྲེ་ཤོག་ག་གེ་མོར་ཕེབས་པ་དང་། ཐོག་མར་སྒར་སའི་སྨན་ཁང་དུ་ཕེབས་ཏེ་དམག་དཔུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ས་གནས་ཀྱི་རིམས་འགོག་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རང་དམག་གིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་བཀའ་བཞིན་ལས་དོན་བསྒྲུབས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འཐབ་རྩོད་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་དང་དམིགས་གསལ་གྱི་ལེགས་སྐྱེས་ཕུལ་ཡོད། མིག་སྔར། ཕྱིའི་རྒྱལ་ཁབ་ཀྱི་རིམས་ནད་གནས་ཚུལ་སྔར་བཞིན་ཛ་དྲག་པ་དང་། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡང་སྔར་བཞིན་ལྕི་པོ་ཡོད། ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་མི་སྣ་འགྲོ་འོང་དང་རུབ་འདུས་བྱེད་མང་བས། རིམས་ནད་འགོས་ཁྱབ་འགྲོ་བའི་ཉེན་ཁ་ཡང་དེ་མཚུངས་ཀྱིས་ཆེ་བ་ཡོད། ད་གཡེང་སྤུ་ཙམ་མེད་པར་དམག་དཔུང་གི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་དང་། ས་གནས་ཀྱི་རིམས་འགོག་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་གྲ་སྒྲིག་ཡག་པོ་བྱས་ནས། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འཕེལ་ཚུལ་བཟང་པོ་སྲ་བརྟན་དང་གོང་འཕེལ་གཏོ་དགོས་ཞེས་གསུངས་ཡོད།
        ཕྱི་རོལ་གྱི་གནམ་གྲུ་ཁང་དུ། ཞི་ཅིན་ཕིང་གིས་ཧྲེ་ཤོག་གང་དེའི་གཞི་རྩའི་གནས་ཚུལ་དང་དམག་འཐབ་གཙོ་བོའི་སྒྲིག་ཆས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་ཡོད། རིགས་ག་གེ་མོའི་དམིགས་གསལ་གནམ་གྲུ་ནི་མཁའ་ཐོག་ཆ་འཕྲིན་དམག་འཐབ་རྒྱག་པའི་སྒྲིག་ཆས་གལ་ཆེན་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གིས་གནམ་གྲུ་དེའི་ཐོག་ཏུ་ཕེབས་ནས་ལས་འགན་གྲུ་ཁང་ནང་ལས་འགན་མ་ལག་ལ་གཟིགས་ཞིབ་གནང་བ་དང་། དམིགས་གསལ་གནམ་གྲུའི་ལས་རིམ་དང་ལས་འགན་སྒྲུབ་ཚུལ་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། དེང་རབས་དམག་འཐབ་ཁྲོད་དུ་ཆ་འཕྲིན་དབང་ཆ་ལྡན་མིན་དེ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩ་ཞིག་ཏུ་གྱུར་ཡོད། སྔོན་ཐོན་སྒྲིག་ཆས་གང་མགྱོགས་གོང་འཕེལ་གཏོང་བ་དང་། ཆེད་ལས་མི་སྣ་གསོ་སྐྱོང་བྱ་རྒྱུ་མགྱོགས་སུ་གཏོང་བ། དམིགས་བཙུགས་རང་བཞིན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤུས་ལེགས་དམག་འཐབ་ནུས་པ་མགྱོགས་མྱུར་མཐོར་འདེགས་ཡོང་རྒྱུར་སྐུལ་འདེད་གཏང་དགོས་ཞེས་གསུངས་ཡོད།
        ཞི་ཅིན་ཕིང་གིས་དཔོན་དམག་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་ཐད་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་དང་། ཆེད་མངགས་འཕུར་སྐྱོད་རུ་ཆེན་ག་གེ་མོའི་ལས་སྒྲུབ་ཐོག་ཁང་དུ་འབྲེལ་ཡོད་གནས་ཚུལ་ཐད་གཟིགས་ཞིབ་གནང་བར་ཕེབས་ཡོད། འཕུར་སྐྱོད་གྲ་སྒྲིག་ཁང་དུ་རུ་ཆེན་དེས་འཕུར་སྐྱོད་པ་གསར་པ་སྒྲིག་འཛུགས་བྱས་ནས་འཕུར་སྐྱོད་ལག་རྩལ་ཞིབ་འཇུག་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པ་མཐོང་དུས་ཚང་མར་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་འདུད་དང་འཚམས་འདྲི་ཞུས་པ་དང་སྦྲགས་སྦྱོང་བརྡར་གནས་ཚུལ་སྙན་སེང་ཞུས་ཡོད། ཞི་ཅིན་ཕིང་གིས། དཔུང་སྡེའི་ངོས་ནས་བརྗོད་ན། དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་པོ་རེད། ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཁའ་དམག་མཁའ་སྐྱོད་དཔུང་སྡེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་དང་སྦྱོང་བརྡར་གྱི་ཆུ་ཚད་དང་རྒྱལ་ཁ་ལེན་པའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏང་དགོས་ཞེས་གསུངས་ཡོད།
        དེ་རྗེས། ཞི་ཅིན་ཕིང་མཁའ་དམག་ལས་སྒྲུབ་ཐོག་ཁང་གི་བར་འཁྱམས་ནང་ཕེབས་ནས་དཔྱིད་གསར་དུས་ཆེན་གོང་གི་འབྲེལ་ཡོད་རིག་རྩལ་བྱེད་སྒོའི་སྒྲིག་ཆས་གྲ་སྒྲིག་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། དཔུང་སྡེས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དུས་ཆེན་རིང་གི་འཚོ་བའི་ཐད་གཅིག་འགྱུར་འཆར་འགོད་བྱས་པའི་འབྲེལ་ཡོད་བཀོད་སྒྲིག་ལ་མཁྱེན་རྟོགས་གནང་ཡོད། དཔུང་སྡེས་བརྙན་མཐོང་ཆུང་ངུའི་ཐོག་ནས་གཡུལ་ས་མདུན་མར་སྐྱོད་པ་དང་དཔྱིད་གསར་ཆ་ཡིག་སྐྱེལ་བ། སྤོ་ལོའི་རིགས་ཀྱི་འགྲན་བསྡུར་བལྟ་བ་སོགས་རྣམ་པ་འདྲ་མིན་གྱི་སྤྲོ་སྣང་ལྡན་པའི་བྱེད་སྒོ་བཀོད་སྒྲིག་བྱས་པ་མཁྱེན་རྗེས། ཞི་ཅིན་ཕིང་གིས་བྱེད་སྒོ་དེ་ཚོར་དཔུང་སྡེའི་བྲོ་བ་དང་ཁྱད་ཆོས་ལྡན་པ་ཞིག་འདུག་ཅེས་བསྔགས་བརྗོད་གནང་བ་དང་། རིམ་པ་ཁག་གིས་སྒོ་ཀུན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱས་ཐོག དུས་ཆེན་གྱི་འབྲེལ་ཡོད་བྱེད་སྒོ་བཀོད་སྒྲིག་ལུགས་མཐུན་བྱས་ནས་དཔོན་དམག་རྣམས་དཔུང་སྡེའི་ནང་ལོ་གསར་སྐྱིད་པོ་ཞིག་གཏང་རྒྱུ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཧྲི་ཤོག་ཡོངས་ཀྱི་དཔོན་དམག་གི་འཐུས་མི་དང་མཛའ་བརྩེའི་ཐུག་འཕྲད་གནང་བ་དང་། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད། ཞི་ཅིན་ཕིང་གིས། ད་ལོ་ནི་རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཚུགས་པའི་ལོ་ཡིན་པས། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ། དམག་སྦྱོང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏང་བ་དང་། འགོ་འཛུགས་ས་གསར་པའི་ཐོག་ཏུ་དཔུང་སྡེ་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས་མཇུག་ཏུ། དཔྱིད་གསར་དུས་ཆེན་རིང་། དམག་ཡོངས་ཀྱི་དཔུང་སྡེས་དམག་གྲབས་ལས་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་དུས་བདེར་སྲུང་སྐྱོབ་ཡག་པོ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་འོག དུས་ཆེན་རིང་དཔོན་དམག་གི་འཚོ་བར་བཀོད་སྒྲིག་ཡག་པོ་བྱས་ཏེ། ཚང་མས་དགའ་དགའ་སྤྲོ་སྤྲོ་དང་བདེ་འཇགས་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏང་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
        ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1