འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་2པའི་ཚེས་7ཉིན་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་ཞི་པའེ་ཕོ་གྲོང་རྡལ་པེ་ཀྲོང་གྲོང་ཚོའི་ཏང་ཡོན་ཡོངས་ལ་འཕྲིན་ལན་བསྐུར་ནས་ཡུལ་མི་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ལོ་ངོ་78ཀྱི་གོང་། ༼མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན༽ཞེས་པའི་གླུ་གཞས་དེ་ཁྱེད་ཚོའི་ཕ་ཡུལ་ནས་གཏོང་འགོ་ཚུགས་ནས་མི་དམངས་ཁྲི་སྟོང་མང་པོའི་ཁྲོད་དར་ཁྱབ་ཆེན་པོ་བྱུང་བའི་གསར་བརྗེའི་གླུ་གཞས་ཤིག་ཏུ་གྱུར་ཡོད། ད་ཆ། ཁྱེད་ཚོས་ཡུལ་མི་ཚོའི་སྣེ་ཁྲིད་ནས་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཐོག མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་སྤྱད་ལས་སྒྲུབ་བྱས་ཏེ་དབུལ་ཞྭ་ཕུད་ཡོད་པས། ང་རང་དགའ་ཚོར་ཆེན་པོ་བྱུང་ཞེས་འཁོད་ཡོད།
ཞི་ཅིན་ཕིང་གིས། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་། སྟོབས་ཤུགས་དེ་ནི་ངར་ལྕགས་ལྟ་བུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་ཐུན་མོང་འབད་འཐབ་བྱེད་པའི་ལོ་རྒྱུས་ཤིག་ཡིན་པ་དང་། དེའི་ཐད་ཞི་པེ་ཕོ་ཡི་ལས་བྱེད་མང་ཚོགས་ལ་མྱོང་ཚོར་དེ་བས་ཟབ་པ་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ཁྱེད་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུས་ཐོག གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཡུལ་མི་ཚོར་དེ་བས་མཐུན་སྒྲིལ་བྱེད་པ་དང་གོང་བུ་གཅིག་ཏུ་འགྲིལ་བ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ། ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ་བཅས་བྱས་ནས། འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་སྐྱེལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
སྤྱི་ལོ་1943ལོའི་ཟླ་6པར། ནུབ་བྱང་འཐབ་སའི་ཞབས་ཞུའི་ཚོགས་པ་ཕིང་ཧྲན་རྫོང་དུ་སླེབས་ནས་གསར་བརྗེའི་འཐབ་རྩོད་ནང་ཞུགས་པ་དང་། རིག་རྩལ་ལས་དོན་པས་པེ་ཀྲོང་གྲོང་ཚོར་གཏམ་བརྗོད་ཟློས་གར་དང་གླུ་གཞས་༼མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་༽ཞེས་པ་གསར་རྩོམ་བྱས་པ་མ་ཟད། གྲོང་ཚོ་དེ་གར་འཁྲབ་སྟོན་ཐེངས་དང་པོ་བྱས་ཡོད། ཉེ་ཆར། པེ་ཀྲོང་གྲོང་ཚོའི་ཏང་ཡོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། གླུ་གཞས་དེའི་སྐུལ་ལྕག་འོག་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གནས་ཚུལ་སྙན་སེང་ཞུས་ཡོད་པ་དང་། མུ་མཐུད་ནས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཤང་གྲོང་དར་རྒྱས་ཡག་པོ་གཏང་རྒྱུ་དང་འཚོ་བ་སྔར་ལས་ལེགས་པ་སྐྱེལ་ཐུབ་པ་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།