༄༅། །པདྨ་ཚེ་བརྟན་གྱི་སྒྲུང་ཐུང་འོས་སྦྱོར།--ཤོག་ལྷེ་གཅིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-23


      ཉི་མ་སྔོན་པོ་ཞིག་ཤར་རིའི་ཕྲག་ནས་ཕྱེད་ཙམ་མངོན་བྱུང་། ཁོའི་སེམས་ལ་ཉི་མ་སྔོན་པོ་དེ་ཤར་རིའི་ཕྲག་ནས་དལ་གྱིས་ཡར་འཕགས་ཡོང་བསམ་མོད། བསམ་ཡུལ་ལས་འདས་པར་དེར་མ་ཐག་མར་འགྲིབ་སོང་། ཁོའི་སེམས་དོགས་པ་ཞིག་སྐྱེས་ཏེ་གོམ་པ་ཡང་མོར་སྤོ་ཞོར་གསེར་འོད་ལམ་ལམ་དུ་འཕྲོ་བའི་ཕོ་བྲང་ཞིག་ཏུ་ཐོན། ཕོ་བྲང་དེའི་ནང་གི་བཟོ་བཀོད་ནི་ཁོས་ནམ་རྒྱུན་གཏན་ནས་མཐོང་མ་མྱོང་བ་ཏག་ཏག་རེད།

    ཁོས་ཡ་མཚར་བའི་ངང་མིག་མདངས་ཀྱིས་ཕོ་བྲང་ནང་གི་དངོས་པོ་དེ་དག་ལ་ཅེར་འདུག མཇུག་མཐར། ཁོའི་མིག་མདངས་གྱང་ངོའི་ལོ་ཐོ་མཐུག་པོ་ཞིག་གི་ཐོག་ལ་གཏད། ཁོ་རང་འཇིག་རྟེན་མི་ཡུལ་དུ་ཡོང་ནས་མི་ལོ་སུམ་ཅུར་སོན་ཡང་འདི་འདྲའི་ལོ་ཐོ་མཐུག་པོ་ཞིག་གཏན་ནས་མཐོང་མ་མྱོང་། ལོ་ཐོ་དེའི་སྟེང་གི་ལོ་ཟླ་ཚེས་ནི་2000ལོའི་ཟླ12པའི་ཚེས་32རེད། དེ་མཐོང་བས་ཁོ་རང་ཁ་གདངས་མིག་ཅེར་ནས་ཧད་པར་གྱུར། ཁོས་ཡང་བསྐྱར་ཐེངས་གཅིག་བལྟས་མོད། འཆུགས་མི་འདུག ལོ་ཐོ་དེའི་ངོས་སུ2000ལོའི་ཟླ་12པའི་ཚེས་32ཞེས་པ་གསལ་བོར་བཀོད་འདུག ཁོ་རང་དེ་རུ་ཧད་ནས་ཅི་ཡིན་ཆ་མ་འཚལ་བའི་དུས་སུ། མི་ཞིག་ཁོའི་གམ་དུ་ཡོང་ནས་ཁོ་ལ་ཅེར་འདུག ཁོས་མི་དེའི་བརྩེ་མདངས་བྲལ་བའི་ངོ་ལ་ལྟ་བཞིན་ཁོག་འདར་ཞིག་བརྒྱབ། མི་དེས་གྱང་ངོའི་ལོ་ཐོ་ལ་གཅིག་བལྟས་རྗེས་འདི་ལྟར་བཤད།

“ཁྱོད་ཀྱིས་ང་ཚོའི་ལོ་ཐོ་ལ་བལྟས་ནས་ཡ་མཚར་སྐྱེ་བཞིན་ཡོད་དམ།”

ཁོས་དབང་མེད་དུ་མགོ་ལྕོག་ལྡེམ་ལྡེམ་འགའ་བྱས

མི་དེས་མུ་མཐུད་དུ་བཤད་རྒྱུར།

“ཨོ། ཁྱོད་ཡ་མཚར་མི་དགོས། ཁྱོད་ཀྱིས་ངའི་སྐད་ཆར་ཉོན། ང་ཚོ་ནི་དེ་རིང་གི་ཉིན་མོའི་མགོ་བརྩམས་དུས་གོ་ལ་འདིའི་སྟེང་ལ་ཡོང་བ་ཡིན། ད་ནངས། བྱེད་པོ་ཞིག་གིས་ང་ཚོ་གསར་བཟོ་བྱས། བྱེད་པོ་དེས་ང་དང་ང་འདྲའི་མི་བརྒྱ་ཐམ་པ་གསར་བཟོ་བྱས།”

   དེ་ལྟར་བཤད་ཞོར་མི་དེས་ཕོ་བྲང་གི་གྲུ་ཟུར་ཞིག་ལ་མཛུབ་གུས་བསྟན། ཁོས་མི་དེས་མཛུབ་གུས་བསྟན་པའི་ཕྱོགས་སུ་བལྟ་དུས། དེ་རུ་དངོས་གནས་མི་མང་པོ་ཞིག་རུབ་འདུག མི་དེ་དག་གིས་ཕན་ཚུན་གླེང་མོལ་བྱེད་བཞིན་ཡོད་ལ། ཚུགས་ཀ་མི་འདི་དང་ཕལ་ཆེར་འདྲ། ཁོས་ད་སོ་མ་ཅིའི་ཕྱིར་མི་དེ་དག་མ་མཐོང་བར་དོགས་པ་སྐྱེས།

མི་དེས་མུ་མཐུད་དུ་བཤད་རྒྱུར།

“བྱེད་པོ་དེས་ང་ཚོས་གསར་བཟོ་བྱས་རྗེས་གོ་ལ་གཞན་དུ་སོང་། ངས་ང་ཚོ་མི་བརྒྱ་ཐམ་པ་འདིའི་འདས་མ་འོངས་ད་ལྟའི་ལས་དབང་ཤེས། ང་ཚོ་གོ་ལ་འདིའི་སྟེང་དུ་ལོ་བརྒྱ་མ་གཏོགས་འཚོ་མི་ཐུབ། ད་ནས་བཟུང་སྟེ་ལོ་གཅིག་འགོར་ན་མི་གཅིག་ཤི་འགྲོ། དེ་ལྟར་ལོ་ངོ་རེར་མི་གཅིག་ཇེ་ཉུང་དུ་འགྲོ་ཞིང་། མཇུག་ལྟར་འཆི་བ་ནི་ང་ཡིན།”

སྐབས་འདིར། ཁོས་སྤོབས་པ་བསྐྱེད་ཏེ་མི་དེ་ལ་འདི་ལྟར་དྲིས།

“ཁྱོད་ཀྱིས་རང་གི་ཚེ་ཚད་ཤེས་ན་སེམས་ན་སྡུག་བསྔལ་མེད་དམ།”

“མེད། དེ་ལས་ལྡོག་སྟེ་ངས་དེ་ཡག་པོ་འདུག་སྙམ།”

“དེ་ནི་ཅིའི་ཕྱིར།” “འདི་ནི་ང་ཚོའི་བརྩེ་དུང་གི་རྣམ་པས་གཏན་འཁེལ་བྱས་པ་ཡིན། ཁྱོད་ཚོ་མིའི་རིགས་ཀྱིས་དེ་ལ་གོ་བ་ལེན་མི་ཐུབ།”

“ཁྱོད་ཚོ་མིའི་རིགས་ཞེས་ན་ཁྱོད་ཚོ་ནི་རིགས་གང་ལ་གཏོགས་སམ།།”

“ངས་ཀྱང་ང་ཚོ་རིགས་གང་དུ་གཏོགས་པ་མི་ཤེས། གང་ལྟར་ཀྱང་ང་ཚོ་ལ་ཁྱོད་ཚོ་མི་རིགས་ལྟར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མེད་པར་སྐྱེ་བ་ནས་འཆི་བའི་བར་ད་ལྟ་ལྟར་ཕྱི་ཚུལ་ལ་འགྱུར་ལྡོག་ཅི་ཡང་མེད།”

   མི་དེས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཁོ་ལ་ཅེར་ནས་མུ་མཐུད་དུ་བཤད་རྒྱུར།

“ང་ནི་ཤེས་བྱ་བརྒྱ་ཕྲག་ཁོང་དུ་ཆུད་པའི་མི་ཞིག་ཡིན། ཡིན་ཡང་ང་ལ་སྐྱོན་ཞིག་ཡོད་པ་ནི་ངས་མགོ་ནས་བརྩམས་ཏེ་གྲངས་ཀ་བརྩི་མི་ཤེས། ངས་གཞན་གྱི་བརྩི་འཕྲོ་དེར་རྒྱུན་སྐྱོང་ནས་བརྩི་བ་ལས་ཐབས་མེད། ད་ནངས། ང་རང་སའི་གོ་ལའི་སྟེང་དུ་འགྲུལ་བཞུད་ལ་སོང་དུས། ཁྱོད་ཚོའི་མིའི་རིགས་ཀྱི་ལོ་གྲངས་བརྩི་ཚད་སྤྱི་ལོ་2000ལོའི་ཟླ་12པའི་ཚེས་31ལ་ཐོན་ཡོད་པས་དེའི་རྒྱུན་བསྐྱངས་ནས་ལོ་གྲངས་བརྩིས་པ་ཡིན། དེ་རིང་ནི་ང་ཚོའི་གོ་ལ་འདིའི་ཉིན་དང་པོ་ཡིན་པས་ཁྱོད་ཀྱིས་མཐོང་བ་དེ་ནི་སྤྱི་ལོ་2000ལོའི་ཟླ་12པའི་ཚེས་32རེད། ཁྱོད་ལ་ད་དུང་ཡ་མཚར་སྐྱེས་སམ།”

    མི་དེས་བཤད་མཚམས་བཞག་སྟེ་ཁོ་ལ་བལྟ་ཙམ་བྱས་པས་ཁོས་ཀྱང་ཅི་ཞིག་རྟོགས་པ་བཞིན་མགོ་ལྕོག་ལྡེམ་ལྡེམ་འགའ་བྱས། རྗེས་སུ། མི་དེས་ཡང་བསྐྱར་ཁ་གྲག་བྱུང་།

“ང་ཚོ་འཚོ་ཞིང་གནས་པའི་ལོ་བརྒྱའི་ནང་། ང་ཚོའི་ལོ་ཐོའི་སྟེང་གི་ལོ་དང་ཟླ་ནི་ནམ་ཡང་སྤྱི་ལོ་2000ལོའི་ཟླ་12ཡིན་ལ། ཚེས་གྲངས་ནི་ཉིན་རེ་བཞིན་ཡར་ལ་འཕར་བཞིན་ཡོད། དེ་ལྟར་ལོ་བརྒྱ་འགྱངས་རྗེས། ང་ཚོ་དང་ང་ཚོའི་གོ་ལའི་ཚེ་ཚད་ཀྱང་ཐོན་པ་རེད། ”

    མི་དེས་ཡང་བསྐྱར་བཤད་མཚམས་བཞག་སྟེ་མིག་ལམ་དུ་ཅིན་ཡིན་ཆ་མ་འཚལ་བའི་འོད་མདངས་ཤིག་འཚེར་བཞིན་པའི་ཁོ་ལ་ཡུད་ཙམ་ཅེར་ཞིང་། མུ་མཐུད་དུ་བཤད་རྒྱུར།

“ད་ནངས་ངས་ཁྱོད་ཚོ་མིའི་རིགས་ཀྱི་སྟེང་གི་བཀོད་པ་སོགས་ལ་ཞིབ་འཇུག་ཟབ་མོ་བྱས་མོད། ཡིན་ཡང་དེ་དག་ང་ཚོར་ཟུར་ལྟའི་དགོས་མཁོ་ཅི་ཡང་མི་ལྡན། ང་ཚོས་ངེས་པར་དུ་རང་དང་འཚམ་པའི་སྟེང་གི་བཀོད་པ་ཞིག་ཆགས་དགོས། ང་ཚོ་མི་བརྒྱ་ཐམ་པ་འདི་ལ་ཕོ་མོའི་དབྱེ་བ་མེད་པས། ཁྱོད་ཚོས་བཤད་པའི་སྤྱི་ཚོགས་ཀྱི་ཕྲ་ཕུང་སྟེ་ཁྱིམ་ཚང་གྲུབ་མི་སྲིད། དེ་བས་ང་ཚོའི་སྤྱི་ཚོགས་ལ་རང་དང་འཚམ་པའི་སྟེང་གི་བཀོད་པ་ཞིག་དགོས།”

    སྐབས་འདིར། ཁོའི་སེམས་ལ་དོགས་གཞི་ཞིག་ཤར་ཏེ་འདི་ལྟར་དྲིས།

“ཁྱོད་ཚོར་ཕོ་མོའི་དབྱེ་བ་མེད་ན། ཁྱོད་ཚོས་ཇི་ལྟར་འཚོ་བ་རོལ།”

    མི་དེས་རྣམ་འགྱུར་སྔར་དང་འདྲ་བར་བཤད་རྒྱུར།

“ང་ཚོས་རང་རང་ས་ནས་འཚོ་བ་རོལ་བ་ལས་ཕན་ཚུན་ལ་འབྲེལ་བ་མེད། ང་ཚོ་ནི་བརྩེ་དུང་མེད་པའི་མི་རིགས་ཤིག་ཡིན”

“ཨ་ཧ། ཁྱོད་ཚོ་ལ་བརྩེ་དུང་མེད་ཟེར་རམ། ངས་ཁྱོད་ཚོ་ང་ཚོའི་རིགས་དང་ཁྱད་པར་ཅི་ཡོད་པ་མི་ཤེས།”

    ཁོས་དེ་ལྟར་བཤད་རྗེས་བཟོད་མ་ཐུབ་པར་གད་མོ་ཤོར། ཡིན་ཡང་ཁོས་དེ་མ་ཐག་བཟོད་ཐབས་བྱས། མི་དེས་འཁྱག་སིབ་སིབ་ཀྱི་སྐད་གདངས་ཀྱིས་འདི་ལྟར་བཤད། “རེད། ང་ཚོ་ལ་བརྩེ་དུང་མེད།” ཚུལ་དེ་མཐོང་བས་ཁོས་བཤད་སྟངས་གཞན་ཞིག་ཏུ་བསྒྱུར་ནས་འདི་ལྟར་དྲིས།

“འོ་ན། ཁྱོད་ཚོར་ཟས་སུ་ཅི་ཞིག་བསྟེན་པ་ཡིན།”

    སྐད་ཆ་དེ་ཐོས་འཕྲལ། མི་དེས་ནན་ཏན་གྱིས་བཤད་རྒྱུར།

“ང་ཚོས་གོ་ལ་འདིའི་སྟེང་གི་ས་འདམ་གྱིས་བྲོ་བ་ལྡན་པའི་ཟས་རིགས་བཟོ་ཐུབ། ང་ཚོས་ད་ནངས་བཟོས་པ་ནི་ས་འདམ་གྱིས་བཟོས་པའི་ཟ་མ་ཡིན།”

    མི་དེས་དེ་ལྟར་བཤད་ཞོར་འཐེན་སྒམ་ཞིག་ལས་བཟོ་རྩལ་ཧ་ཅང་ལེགས་པའི་ས་འདམ་གྲུ་བཞི་ཞིག་ཁ་ནང་དུ་བཞག་ནས་བྲོ་བ་ལྡན་པའི་ངང་བལྡད་ཅིང་སླར་ཡང་ས་འདམ་གྲུ་བཞི་ཞིག་བླངས་ཏེ་ཁོ་ལ་ཟོ་ཞེས་གཏད། ཁོས་དེ་མ་ཐག་མི་བཟའ་ཞེས་གཡོལ་ཐབས་བྱས་ཤིང་ཡ་མཚར་ནས་ཅི་ཡིན་ཆ་མ་འཚལ་བར་གྱུར།

མི་དེས་འདམ་གྲུ་བཞི་མ་དེ་ཟོས་ཚར་རྗེས། མུ་མཐུད་དུ་བཤད་རྒྱུར།

“ང་ཚོའི་གོ་ལ་འདི་ནི་ཆེ་ཆུང་མི་འདྲ་བའི་ས་ལེབ་མོ་བརྒྱ་ཡིས་གྲུབ་པ་ཡིན། ལོ་རེར་མི་གཅིག་ཤི་རྗེས་སའི་ལེབ་མོ་གཅིག་ཇེ་ཉུང་དུ་བུད་འགྲོ། གོ་ལའང་ཇེ་ཆུང་དུ་བུད་འགྲོ། ཇེ་ཉུང་དུ་སོང་བའི་སའི་ལེབ་མོ་དེ་ནི་ཤི་བའི་མི་དེའི་ཟད་ཚད་ཡིན། ལོ་བརྒྱ་འགྱངས་རྗེས། ང་འཆི་བའི་ཉིན་དེར། ང་ཚོའི་གོ་ལ་འདི་སྟོང་ཁམས་ནས་གར་སོང་ཆ་མེད་དུ་གྱུར་འགྲོ། ད་ལྟ། ཁྱོད་ཚོ་མིའི་རིགས་ཀྱི་གནམ་དཔྱོད་མཁས་པ་རྣམས་ཀྱིསསྟོང་ཁམས་སུ་ཁྱད་མཚར་གྱི་འཁོར་སྐར་ཞིག་གནས་པ་མཐོང་ཐུབ་ཅིང་དེ་ལ་ཇི་ལྟར་ཞིབ་འཇུག་བྱས་ཀྱང་འབྲས་བུ་མེད། དེ་མི་ཚད་ཁོ་ཚོས་གོ་ལ་དེ་ལོ་རེར་ཇེ་ཆུང་དུ་འགྲོ་ཞིང་། ལོ་བརྒྱའི་རྗེས་སུ་གར་སོང་ཆ་མེད་དུ་གྱུར་འགྲོ་བ་མཐོང་ཐུབ། ཨོ། ཐུགས་རྒྱལ་མ་བཞེངས། འདི་ངས་ད་སོ་མ་བཤད་ཟིན། ང་ཚོའི་གོ་ལའང་ཁྱོད་ཚོའི་སའི་གོ་ལ་དང་འདྲ་བར་རང་གི་འཁོར་ལམ་ཡོད། ང་ཚོའང་ཉི་མར་བསྐོར་ནས་འཁོར་བ་ཡིན།”

སྐབས་འདིར། ཟླ་བ་དམར་པོ་ཞིག་ནུབ་རིའི་རྩེ་ནས་དལ་གྱིས་ཡར་འཕགས་བྱུང་། དེ་མ་ཐག་ཉེ་འདབས་སུ་དམར་མདོག་གི་ཟླ་འོད་ཁྱབ་འདུག། མི་དེས་ཟླ་བ་དམར་པོ་དེ་ལ་གཅིག་བལྟས་ནས་བཤད་རྒྱུར།

“ས་རུབ་ཟིན་པས། ང་ཚོའང་ངལ་གསོ་རན་འདུག”

    དེ་ལྟར་བཤད་རྗེས་གོམ་པ་སྤོས་ནས་མདུན་ཕྱོགས་སུ་འགྲོ་རྩིས་བྱས། ཁོས་སེམས་ལ་ཁོང་ཁྲོ་ཞིག་ལངས་ཤིང་། མི་དེས་རང་ལ་དགོད་གཏམ་ཏག་ཏག་བཤད་པ་རེད་བསམས་ཏེ་སྐད་ཆེན་པོས་འདི་ལྟར་སྡིགས་མོ་བྱས།

“ཁྱོད་དེ་ལྟར་མ་འགྲོ། ཁྱེད་ཀྱིས་ངའི་སྐད་ཆར་ཉན་རྗེས་སོང་། བརྩེ་དུང་མེད་པའི་དུད་འགྲོ་ཁྱོད། ཁྱོད་ཀྱིས་འཆལ་གཏམ་དེ་དག་སུའི་རྣར་འགྲོ། འཇིག་རྟེན་འདི་རུ་བརྩེ་དུང་ཞེས་པ་ཞིག་མེད་ན་སུའང་འཚོ་དཀའ།”

   སྐབས་འདིར། ཆུང་མས་ཡང་མོས་ཁོ་རང་གཉིད་ལས་བསླངས་ཏེ་ཡ་མཚར་བའི་ངང་འདི་ལྟར་དྲིས། “ཁྱོད་ཀྱིས་སུ་ལ་སྡིགས་མོ་བྱེད་ཀྱིན་ཡོད། ཁྱོད་ཀྱིས་ང་ལ་བརྩེ་དུང་མེད་ཟེར་བ་ཡིན་ནམ། ང་ཁྱོད་ལ་བརྩེ་དུང་མེད་ན་ཁྱོད་ཀྱི་ཆུང་མ་བྱེད་སྲིད་དམ།”

    ཁོ་རང་དེ་མ་ཐག་ཡར་ཙོག་ཅིང་མིག་གཉིས་འབུར་ཚུགས་སུ་ཆུང་མ་ལ་བལྟས་བལྟས་རྗེས་ཅི་ཡང་མ་བཤད།

ཞོགས་པའི་ཉི་ཟེར་གྱིས་ཁང་བའི་ནང་གི་ཡོད་ཚད་གསལ་ལྷང་ངེར་བཏང་། ཉི་ཟེར་གྱི་ཉག་མ་འགའ་ཤེལ་སྒོ་བརྒྱུད་དེ་ཐད་ཀར་གྱང་ངོའི་ལོ་ཐོའི་སྟེང་ལ་འཕྲོས་འདུག ཁོའི་མིག་མདངས་ཀྱང་གྱང་ངོའི་ལོ་ཐོའི་སྟེང་ལ་གཏད། དེ་ནི་མཇུག་མཐའི་ཤོག་ལྷེ་གཅིག་རེད། དེའི་སྟེང་དུ་གསལ་ལྷང་ངེར་སྤྱི་ལོ་2000ལོའི་ཟླ12པའི་ཚེས31ཅེས་བཀོད་འདུག ཁོས་གློ་བུར་དུ་དེ་ནི་ཁ་སང་གི་ཉིན་མོ་ཡིན་པ་ཡིད་ལ་དྲན་པས་ལག་པ་ཕར་བསྲིངས་ཏེ། མཇུག་མཐའི་ཤོག་ལྷེ་དེ་བཀོག ལོ་ཐོ་བཀལ་ཡོད་པའི་གནས་དེ་སྟོང་བར་ལུས། ཨོ། གནམ་ལོ་གསར་པ་ཞིག་སླར་ཡང་མགོ་ཚུགས། དུས་རབས་གསར་པ་ཞིག་ཀྱང་སླར་ཡང་མགོ་ཚུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1