༄༅།། ཆུ་ཡིས་ཟད་པའི་རྩྭ་སའི་གཅེས་སྐྱོང་ལག་རྩལ།

རིན་ཆེན་མཁའ་འགྲོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-23



རིན་ཆེན་མཁའ་འགྲོ།

གཅིག ཆུ་ཡིས་ཟད་པའི་རྩྭ་སའི་གནས་ཚུལ།

        ཆུ་ཡིས་ཟད་པ་ནི་ས་ཆུ་ཤོར་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་རེད། རང་རྒྱལ་ནི་འཛམ་གླིང་ཐོག་ས་ཆུ་ཤོར་བ་ཚབས་ཆེ་བའི་རྒྱལ་ཁབ་ཅིག་རེད། ས་ཆུ་ཤོར་བ་ནི་རང་རྒྱལ་ཞིང་ལས་དང་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་འགལ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་བ་རེད། ཞིང་ལས་འཕེལ་རྒྱས་ལ་གནོད་སྐྱོན་ཐེབས། གལ་ཏེ་རྩྭ་ས་ཆུ་ཡིས་ཁུར་ན། རྩྭ་སའི་མཛེས་ལྗོངས་བརླག་པར་མ་ཟད། ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ལ་ཡང་གནོད་སྐྱོན་ཐེབས་ཏེ། རྩྭ་སའི་ཐོག་ནས་ཕྱུགས་ཟོག་ཐོན་ལས་འཕེལ་རྒྱས་གཏོང་བ་ལ་ཡང་ཚོད་འཛིན་ཐེབས་པ་རེད། རྩྭ་ས་ཆུ་ཡིས་ཁུར་ཚེ་ས་གཤིན་ཆུ་ཡིས་ཁུར་བར་མ་ཟད། ས་ཤུན་ཡང་ཇེ་སྲབ་ཏུ་འགྲོ། རྩྭ་སྐྱེ་བའི་སྟུག་ཚད་ཀྱང་ཇེ་དམའ་རུ་གྱུར་ནས་ཐོན་ཚད་ཇེ་ཉུང་ཕྱིན། ཐན་དུས་སུ་ཆུ་གསོག་པའི་ནུས་པ་ཇེ་ངན་དུ་ཕྱིན་པ་དང་ཆར་ཆུ་མོད་པའི་དུས་ཚིགས་སུ་ས་ཆུ་ཤོར་ནས། ས་རྒྱུ་ཇེ་ངན་དུ་འགྱུར། རྩྭ་ས་ཆུ་ཡིས་ཁུར་བ་ལ་བཅོས་སྐྱོང་བྱེད་པ་ནི་རྩྭ་སའི་ཐོག་གི་ཕྱུགས་ལས་དང་། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་། བརྟན་འཇགས་མཐུན་སྦྱོར་གྱིས་འཕེལ་རྒྱས་ཕྱིན་པ་བཅས་ལ་འགན་ལེན་བྱེད་པ། ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལ་ལོ་རྒྱུས་ཀྱི་དོན་སྙིང་དང་དོན་དདོས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ཡོད།

        རང་རྒྱལ་དུ་ཀན་སུའུ་དང་ཧྲའན་ཞི། ཉིང་ཞ །ཧྲན་ཞི་བཅས་ཞིང་ཆེན་བཞི་དང་། ཧོ་ནན་ནུབ་བྱང་རྒྱུད་དང་ལིའོ་ཉིང་ལྷོ་རྒྱུད། ནང་སོག་གི་ཨོ་ཨེར་ཏའོ་སི་ཤར་ལྷོའི་རྒྱུད། མཚོ་སྔོན་བྱང་ཤར་རྒྱུད་དང་། ཧྭ་ཤར་དང་ཧྭ་ལྷོ་ལྷོ་ནུབ་བཅས་ཀྱི་རི་ཁུལ་དང་རི་མ་ཐང་བཅས་སུ་རྩྭ་ས་ཆུ་ཡིས་ཁུར་བཞིན་ཡོད། ས་ཁུལ་འདི་དག་ལ་ནགས་ཚལ་གཅོད་པ་དང་ས་རྒོད་གསར་སྦོལ་བྱས་ཏེ་མྱ་ངམ་ཐང་གང་བྱུང་དུ་བསྐྱུར་བ། ཕྱུགས་ཟོག་འཚོ་རྒྱུ་མང་བ། གསར་སྤེལ་དམིགས་ཡུལ་མེད་པའི་སྒོ་ནས་བྱས་པ་བཅས་ཀྱི་མིས་བཟོས་གཏོར་བརླག་གི་དབང་གིས་ས་ངོས་ཀྱི་ཆར་ཆུ་བཞུར་རྒྱུག་ལ་ཚོད་འཛིན་ནུས་པ་མེད་པར་གྱུར་ཏེ། རྩྭ་སའི་ས་ཆུ་ཤོར་བ་ཧ་ཅང་ཚབས་ཆེ་བ་རེད།

        སྡོམ་རྩིས་བྱས་པ་ལྟར་ན། ས་ཆུ་ཤོར་བའི་ས་ཁུལ་མང་བོའི་ལོ་རེར་ཆུས་ཁུར་བའི་ས་ཤུན་གྱི་མཐུག་ཚད་ལི་སྨི་ཐིག་ཚེག་གཉིས་ནས་ལི་སྨི་གཅིག་ལ་ཟིན་པ་དང་། ས་ཆ་ལ་ལར་ལི་སྨི་གཉིས་ལ་ཟིན། རྒྱལ་ཡོངས་ཀྱི་རི་ཁུལ་དང་རི་མ་ཐང་དུ་ལོ་རེར་ས་རྒྱུ་གཤིན་པོའི་ས་ཤུན་ཏུན་དུང་ཕྱུར་བཅུ་ཕྲག་ཁ་ཤས་ཤོར་བཞིན་ཡོད་ལ། གལ་ཏེ་ཆ་སྙོམས་སུ་ཤོར་བའི་མཐུག་ཚད་ལི་སྨི་ཐིག་ཚེག་ལྔ་ནས་ལི་སྨི་གཉིས་ཡིན་པ་ལྟར་རྩིས་རྒྱབ་ན། ལོ་རེར་སྟོང་སྨི་གྲུ་བཞི་མ་གཅིག་ཡོད་པའི་ས་རྒྱུའི་ནང་གི་ཏན་ཏུན་བརྒྱད་ནས་བཅོ་ལྔ་ཤོར་ཞིང་། ལི་ཏུན་བཅོ་ལྔ་ནས་བཞི་བཅུ་ཤོར་ལ། ཅཱ་ཏུན་ཉིས་བརྒྱ་ནས་སུམ་བརྒྱ་ཤོར། རྨ་ཆུའི་འབབ་རྒྱུད་དུ་ལོ་རེར་ཁུར་ཡོང་བའི་བྱེ་འདམ་ནང་དུ་ཏན་དང་ལིན། ཅཱ་བཅས་ཀྱི་བསྡོམས་འབོར་ཏུན་བཞི་སྟོང་ཡན་དུ་སླེབས། རྒྱལ་ཡོངས་སུ་ལོ་རེར་ཏན་དང་ལིན། ཅཱ་བཅས་ཤོར་བའི་བསྡོམས་ཏུན་དུང་ཕྱུར་ཁ་ཤས་ཟིན། མདོར་ན། ཆུ་ཡིས་ཁུར་བ་དེས་རྩྭ་ས་ཡི་ས་རྒྱུའི་ཆུ་ཡི་གསོག་ཚད་མར་མུ་མཐུད་དུ་ཆགས་པ་དང་། ས་རྒྱུའི་གཤིན་ཚད་ལོ་རེ་བཞིན་ཇེ་ངན་དུ་ཕྱིན་ཏེ་རིམ་བཞིན་བྱེ་ཐང་ཅན་འགྱུར་བ་དང་མྱ་ངམ་ཐང་ཅན་དུ་འགྱུར་བ་དང་། ས་རྒྱུ་ཇེ་ངན་དུ་ཕྱིན་པ། རྡེའུ་རིལ་འདུས་པ་བཅས་ཀྱིས་ས་རྒྱུ་རིམ་བཞིན་རྩུབ་མོར་འགྱུར་བ་དང་། རྩྭ་སའི་རྒྱ་ཁྱོན་རིམ་བཞིན་ཇེ་ཆུང་དུ་སོང་བ་རེད།

གཉིས་པ། རྩྭ་ས་ཆུ་ཡིས་ཁུར་བའི་གྲུབ་རྐྱེན།

(གཅིག)རང་བྱུང་རྒྱུ་རྐྱེན།

        རང་བྱུང་རྒྱུ་རྐྱེན་ལ་གཙོ་བོ་ཕྱོགས་བཞིན་ནས་ཡོད་དེ།

1.ས་ངོས་ཁོར་ཡུག

2.ནམ་ཟླའི་ཁོར་ཡུག

3.སྔོ་ཁེབས་ཁོར་ཡུག

4.ས་གཤིན་ཁོར་ཡུག

(གཉིས) མིས་བཟོས་རྒྱུ་རྐྱེན།

        མིས་བཟོས་རྒྱུ་རྐྱེན་ལ་གཙོ་བོ་གཤམ་གྱི་གནད་བཞི་ནས་དབྱེ་བ་སྟེ།

1.རྩྭ་བརླག་ནས་ས་རྒོད་སློག་པ།

2.ཕྱུགས་འཚོ་རྒྱུ་མང་དྲག་པ།

3.གང་བྱུང་དུ་ས་བརྐོ་རྡོ་སློག་བྱེད་པ།

4.གཏེར་ཁ་ལུགས་དང་མི་མཐུན་པའི་སྒོ་ནས་སྔོག་པ།

        མདོར་ན། རང་བྱུང་རྒྱུ་རྐྱེན་གྱིས་བཟོས་པའི་རྩྭ་ས་ཆུ་ཡིས་ཁུར་བ་ནི་ཕྱི་རོལ་ཁོར་ཡུག་གི་གནས་ཚུལ་ཞིག་ཡིན་པ་དང་། དེ་ལ་གཡོལ་ཐབས་མེད་རུང་། འོན་ཀྱང་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། གནོད་འཚེ་ཇེ་ཆུང་དུ་གཏོང་ཆོག །ཡིན་ན་ཡང་། མིའི་རིགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་བྱེད་སྒོ་ནི་མིའི་རང་ངོས་ནས་བཟོས་པ་ཞིག་ཡིན་པར་མ་ཟད། དེ་ཡང་མིའི་རིགས་ལ་ཐེབས་མི་འོས་པའི་གྱོང་གུད་ཞིག་རེད། སྣང་ཚུལ་འདི་རིགས་ལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་མཐོང་ཆེན་ཡག་པོ་ཐོབ།

གསུམ་པ། རྩྭ་ས་ཆུ་ཡིས་ཁུར་བ་ལ་བཅོས་སྐྱོང་བྱེད་པའི་ལག་རྩལ།

(དང་པོ) ལུང་པ་དང་རི་སྒང་ར་བས་བསྐོར་ཏེ་རྩྭ་སྐྱེ་རུ་འཇུག་དགོས།

1.ཕྱུགས་འཚོ་མི་ཉན།

        རི་ངོས་སྐྱ་ཐིང་དང་ལུང་པ་སྐྱ་ཐིང་དུ་ངོས་འཛིན་བྱས་པའི་ས་ཆར་དུས་བཅད་ལྟར་ཕྱུགས་འཚོ་རུ་མི་འཇུག་པར་རང་བྱུང་གིས་རྩྭ་ས་ཕྱིར་སླར་གསོ་བྱེད་དུ་འཇུག་དགོས། ཐན་སྐམ་ཅུང་ཆེ་བའི་ས་སེར་ས་ཁུལ་གསུམ་ཙམ་ལ་ཕྱུགས་འཚོ་རྒྱུ་བཀག་ཚེ་ས་རྒྱུ་ཤོར་བ་གཞི་རྩའི་ཐོག་ནས་མེད་པར་བཟོ་ཐུབ་པ་དང་། དུས་མཚུངས་སུ་ཐོན་འབོར་ཆེ་བའི་རྩྭ་སྐྱེས་ཚད་གོང་མཐོར་གཏོང་ཐུབ། སྔོ་ཁེབས་ཐར་ཐོར་ཡིན་པའི་རི་ངོས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་བཀག་སྡོམ་བྱས་ཏེ། སྔོ་ཁེབས་སླར་གསོ་བྱུང་རྗེས(སྔོ་ཁེབས་བརྒྱ་ཆའི་བདུན་ཅུ་ཡན་དུ་ཟིན་དགོས)ཡང་ཟོག་འོས་འཚམ་ཞིག་འཚོ་ཆོག ས་ཆུ་ཤོར་བ་གཞི་རྩའི་ཐོག་ནས་ཚོད་འཛིན་བྱུང་རྗེས། ད་ལྟ་ཡོད་པའི་ཕྱུགས་ཟོག་གི་མགོ་གྲངས་ལྟར་ལོ་རེར་སྤྱོད་པའི་རྩྭ་ཡི་མང་ཉུང་དང་། རི་ལུང་གི་རྒྱ་ཁྱོན་ལྟར། བཀག་སྡོམ་བྱེད་པའི་རྒྱ་ཁྱོན་གཏན་ཁེལ་བྱེད་དགོས་པར་མ་ཟད་ཕྱུགས་ཟོག་འཚོ་རེས་དང་བཀག་སྡོམ་བྱེད་རེས་བྱེད་དགོས། བཀག་སྡོམ་བྱེད་པའི་དུས་ཡུན་རིང་ལ། ཕྱུགས་ཟོག་འཚོ་མི་ཆོག རྩྭ་ཡི་ཁེབས་ཚད་སླར་གསོ་བྱུང་བར་ཆ་རྐྱེན་ཡག་པོ་བསྐྲུན་དགོས།

2.རྩྭ་ཁུལ་གསར་སྒྱུར།

        རྩྭ་ཁུལ་གསར་སྒྱུར་བྱེད་པའི་ཐབས་འདི་སྔོ་ཁེབས་ཐར་ཐོར་ཡིན་པའི་ས་ཁུལ་དུ་སྤྱད་ཆོག །སྤྱིར་བཏང་དུ་ཆར་རྗེས་སུ་ཐོང་གཤོལ་གྱིས་ཤུལ་བསྐྱུར་ཏེ་རྨོ་སློག་བྱེད་དགོས་ཁུལ་གྱི་ཞེང་ལ་སྨི་གསུམ་ནས་སྨི་ལྔ་དང་། ཁུལ་བར་གྱི་རིང་ཚད་ལ་སྨི་དྲུག་ནས་བཅོ་ལྔ་ཡིན་དགོས། རང་ངོས་ཀྱི་ཆ་རྐྱེན་ལྟར་སྐབས་བསྟུན་གྱི་ལག་ལེན་བྱེད་ཆོག །རྩ་དོན་ལྟར་ན་ལ་ཇི་ལྟར་རིང་ན་དེ་ལྟར་གཟར་བས། རྩྭ་ཁུལ་ཀྱང་རིམ་བཞིན་གུ་ཇེ་དོག་ཏུ་ཕྱིན་ན་ལེགས། དེ་ལྟར་མ་ཡིན་ཚེ་འོས་འཚམ་གྱིས་ཇེ་ཡངས་སུ་བཏང་ན་ལེགས། ལོ་གཉིས་པར་གསར་སྒྱུར་མ་བྱས་པའི་ས་ཁུལ་དུགསར་སྒྱུར་བྱེད་དགོས་ལ། འདི་ལྟར་རིམ་བཞིན་ལོ་གཉིས་ནས་ལོ་གསུམ་བྱས་ཏེ་རྩྭ་ཐར་ཐོར་ལས་སྐྱེས་མེད་པའི་ས་ཆའི་རྣམ་པ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད་ལ་ངོས་སུ་རྩྭ་སྐྱེས་པ་རྒྱུན་གཏན་ཡིན་པས། ས་རྒྱུ་ཆུ་ཡིས་ཁུར་བར་སྔོན་འགོག་བྱེད་ཐུབ། འབུ་སུ་ཧང་དང་། རྩྭ་གསེར་སྤོས། ཏཱ་ཝུའུ་ལི་ཧུའུ་ཀྲི་ཙི་དང་པིང་རྩྭ་བཅས་ཀྱི་རྩྭ་རིགས་འདེབས་ཆོག རྩྭ་ས་གསར་སྒྱུར་བྱེད་སྐབས་ལ་ངོས་རིང་དྲག་པའི་རྩྭ་ཁུལ་རེ་ཡི་སྨད་རྒྱུད་དུ་བར་ཆད་པའི་ཆུ་མཉམ་ཤུར་བཙུགས་ཆོག་པ་དང་། ཤུར་འོག་གི་རྣང་འབུར་ཐོག་ཤིང་མ་སྡོང་བཙུགས་ཆོག་སྟེ། དཔེར་ན། ཉིང་ཐའོ་དང་ཙི་སུའུ་ཧེ་སོགས་བཙུགས་ཆོག ལ་ངོས་འབུར་བོ་ཡིན་ན། ཕྱུགས་ཟོག་རྦབ་འགྲིལ་བ་དང་ས་རྒྱུ་ཆུ་ཡིས་ཁུར་བ་སྔོན་འགོག་བྱེད་ཆེད། ལ་སྨད་ཀྱི་ངོས་གཟར་སར་ནགས་ཚལ་བསྐྲུན་དགོས། རྩྭ་ས་གསར་སྒྱུར་བྱེད་པའི་དུས་ཚིགས་ལ་མཚོན་ནས་བཤད་ན། ནགས་ཚལ་དང་རྩྭ་ཐང་ཡིན་ན་དབྱར་ཁ་ལེགས་ཤོས་ཡིན། སྐབས་འདིར་དྲོད་ཚད་མཐོ་བས། རྩྭ་རིགས་སྐྱེ་སླ་བོ་ཡོད། རྩྭ་ཐང་ལ་ངོས་ཀྱི་ཆུ་ཡིས་ས་ཆུ་ཤོར་སར་དཔྱིད་འགོ་དང་སྟོན་མཇུག་ཏུ་རྩྭ་བཏབ་ནས་ཡག་སྐབས་འདིར་ཆར་ཆུ་འཛོམས་པས། རྩྭ་ཕྲན་གྱི་མྱུ་གུ་ཐན་པས་སྐམ་མི་སྲིད། ཡིན་ནའང་དྲག་ཆར་འབབ་པའི་སྐབས་སུ་འདེབས་མི་རུང་། གལ་ཏེ་དེ་ལྟར་བྱས་ཚེ་ས་ཆུ་ཤོར་ཚད་ཧ་ཅང་ཚབས་ཆེ་བ་རེད།

3.ལ་ངོས་སུ་རྩྭ་འདེབས་པ།

        ས་སེར་གྱི་རི་མ་ཐང་ཁུལ་ལ་འབྲོག་པ་ཚོས་གཟར་ཚད་ཆུ་མཉམ་དང་ཏུའུ་སུམ་ཅུ་ཡོད་པའི་ལ་ཐོག་ཏུ་ཕྱུགས་འཚོ་བཞིན་ཡོད། རྩྭ་ས་སྲུང་སྐྱོང་བྱེད་པ་དང་སྒོ་ཟོག་གི་གཟན་ཆས་ཐག་གཅོད་བྱེད་པའི་ཕྱིར། ལ་གཟར་ངོས་སུ་འབུ་ས་ཧང་དང་རྩྭ་གསེར་སྤོས་བཏབ་ཆོག་ལ། བཏབ་ནས་ལོ་གཅིག་ནས་གསུམ་འགོར་བ་ན། ས་ངོས་ཡོངས་སུ་ཁེབས་ཐུབ་པར་མ་ཟད། ས་རྒྱུ་ཆུ་ཡིས་ཁུར་བར་སྔོན་འགོག་བྱེད་ཐུབ། ལ་ངོས་ཀྱི་ས་དབྱིབས་ལ་རྣམ་པ་མང་བའི་དབང་གིས། ལ་ངོས་ཀྱི་རྩྭ་ས་བརྟན་འཇགས་བཟོ་བར་ས་ཆ་མི་མཐུན་པར་གཞིགས་ཏེ་ཐབས་མི་འདྲ་བ་སྤྱད་ཆོག ལ་དེ་འདྲ་མི་གཟར་སར་དཔྱིད་འགོར་རིམ་པ་བཏབས་ཏེ་རྨོས་ན་ཡག དབྱིབས་སྒོར་སྤར་མོའམ་འཛེར་སོ་ཅན་གྱི་སྤར་མོ་སྤྱད་དེ་ངོས་ཡོངས་སུ་རྩྭ་འདེབས་དགོས། ཏུའུ་སུམ་ཅུ་ཡོད་པའི་ལ་ངོས་སས་ཆུ་ཤོར་བ་སྔོན་འགོག་བྱེད་ཆེད། མགོ་ཆུང་ལ་གཏིང་ཆེ་བའི་ཁུང་བུ་བརྐོས་ཏེ་སོན་འདེབས་པའི་ཐབས་སྤྱད་ཆོག ཁུང་བུའི་རེའི་བར་ཐག་ལི་སྨི་ཉི་ཤུ་བསྒྱུར་ཉི་ཤུ་ཡིན་དགོས། གལ་ཏེ་རྩྭ་སོན་ཁུང་བུ་བརྐོ་བའི་འདེབས་སྤྱད་ཚེ། ལི་སྨི་ཉི་ཤུ་རེའི་མཚམས་སུ་ཁུང་བུ་རེ་བརྐོ་ཆོག རྩྭ་རྐང་གསུམ་ནས་ལྔ་རེ་ཆུན་པོ་གཅིག་དང་ཁུང་བུའི་ནང་བཙུགས་རྗེས། རྐང་བས་རྡོག་སྣོན་བྱེད་དགོས་ལ། ཆུ་ཐེངས་གཅིག་ནས་གཉིས་བཏང་བས་ཆོག འབུ་སུ་ཧང་དང་ཀོ་ཐིང་། ཧོའུ་སུའུ་པིང་རྩྭ། ཕི་ཅན་རྩྭ། པན་སུའུ་ཨོ་ཀོན་རྩྭ་བཅས་འདེབས་ཆོག ལོ་མང་སྐྱེ་བའི་གཟན་རྩྭ་སྐྱེ་རྒྱུ་དལ་བའི་ཕྱིར། རྩྭ་དེ་རིགས་འདེབས་སྐབས་དུས་ཡུན་ཐུང་ངུའི་ནང་སྐྱེ་བའི་གཟན་རྩྭ་དང་མཉམ་འདེབས་བྱས་ན་རྩྭ་སའི་ཐོག་རྩྭ་སྐྱེ་བ་མགྱོགས་པ་དང་། དུས་ཡུན་ཐུང་ངུའི་སྐྱེ་བའི་གཟན་རྩྭ་མེད་པར་གྱུར་རྗེས། ལོ་མང་སྐྱེ་བའི་གཟན་རྩྭ་ཡང་སྐྱེས་ཐུབ་པ་རེད། ལ་ངོས་སུ་རྩྭ་འདེབས་པར་མཚོ་འཕགས་མཚུངས་ཐིག་གི་ཤུར་དང་རྒྱུད་ལྟར་འདེབས་པ་རྒྱུན་འཁྱོངས་བྱེད་དགོས། དེ་ཡང་མཚོ་འཕགས་མཚུངས་ཐིག་གམ་ས་ངོས་དེ་ལ་ཧྲིལ་པོའི་ངོས་ཐད་ཀྱི་དྲང་འཕྱང་ཐིག་ལྟར་རིམ་པ་བཞིན་ཤུར་བསྟར་སྒྲིག་པའམ་རྒྱུད་བསྟར་སྒྲིག་དགོས། རྩྭ་ཤུར་དང་རྩྭ་ཤུར་རམ་རྩྭ་ཤུར་དང་གཟན་ཆས་ལོ་ཏོག་ཁྱད་པར་མེད་པར་འདེབས་དགོས། མཚོ་འཕགས་མཚུངས་ཐིག་ལྟར་འདེབས་པ་ཡིས་ས་ཆུ་ཤོར་ཚད་ཇེ་ཉུང་དུ་གཏོང་བ་དང་། དུས་མཚུངས་སུ་ཐོན་འབོར་ཆེ་རུ་གཏོང་ཐུབ། (རེའུ་མིག༣ནས༡དང༣ནས༢ནང་མཐོང་ཐུབ) ཁ་རྒྱུད་ཀྱི་འདེབས་ཐབས་སྤྱད་ན་རྩྭ་སའི་ཁུད་དུ་ཆུ་གསོག་ཏེ། ལུང་ཤུར་བཟོ་བར་སྔོན་འགོག་བྱེད་ཐུབ། ཞིབ་འཇུག་བྱས་པ་ལྟར་ན། ཤུར་རྒྱུད་འདེབས་ཐབས་སྤྱད་པའི་ས་ཞིང་གི་ས་ཆུའི་ཤོར་ཚད་དེ་ཤུར་རྒྱུད་མ་ཡིན་པའི་འདེབས་ཐབས་གཞན་དག་གི་ས་ཆུའི་ཤོར་ཚད་ཀྱི་བརྒྱ་ཆའི་ཉེར་ལྔ་ལས་མིན།

(གཉིས་པ) ནགས་བསྐྲུན་ཞིང་འདེབས།

        རྩྭ་ས་ཆུ་ཡིས་ཁུར་བའི་གནས་ཚུལ་མི་མཐུན་པར་གཞིགས་ཏེ། གང་ལ་གང་མཐུན་གྱིས་ཤིང་རིགས་མི་མཐུན་པ་སྣ་ཚོགས་རྩྭ་སའི་ཐོག་ཏུ་འདེབས་དགོས། དཔེར་ན། ཆུ་སྙོམས་སྦྱོར་བྱེད་པའི་ནུས་པ་ལྡན་པའི་ནགས་ཚལ་ཆུ་མཛོད་དང་ལ་ངོས་སྟོད་རྒྱུད་ཀྱི་ཆུ་འདུས་ཁུལ་དུབསྐྲུན་དགོས་པར་མ་ཟད། བར་ཐག་ངེས་ཅན་རེའི་མཚམས་སུ་ཆུ་ངོས་དང་མཉམ་པའི་ནགས་ཚལ་བསྐྲུན་དགོས། ལ་ངོས་སྲུང་སྐྱོབ་བྱེད་ཐུབ་པའི་ནགས་ཚལ་ཞིང་འབྲོག་ལས་གཉིས་ཀས་བཀོལ་སྤྱོད་བྱེད་མི་ཐུབ་པའི་རི་སྐྱའི་ཐོག་ཏུ་བསྐྲུན་དགོས། ལུང་པ་སྲུང་སྐྱོང་བྱེད་པའི་ནགས་ཚལ་གྱི་དམིགས་ཡུལ་ནི་ལུང་གྲོག་མུ་མཐུད་དུ་ཇེ་ཆེར་ཕྱིན་པར་སྔོན་འགོག་བྱེད་པ་ཡིན་ལ། ལུང་འགོ་དང་ལུང་འགྲམ། ལུང་པའི་ལ་ངོས། ལུང་མཐིལ་དུ་བསྐྲུན་དགོས་པར་མ་ཟད། ད་དུང་འདམ་རྩྭ་དང་འབུ་ས་ཧང་། རྩྭ་གསེར་སྤོས། ཆི་ལྕང་། མུའུ་སྲན་བཅས་སྐྱེ་མགྱོགས་པའི་རྩི་ཤིང་བཏབ་ཆོག

    རྩྭ་ས་ལ་ལར་ནགས་ཚལ་གྱི་དྲ་བ་དང་ཞིང་ཁ་ཤུར་བསྟར་བཟོས་ཏེ་འཛུགས་བསྐྲུན་བྱེད་ཆོག་ལ། ཤིང་སྡོང་ཆུང་ངུ་དང་ཤིང་མ་སྡོང་མཉམ་འབྲེལ་གྱིས་བཙུགས་ཆོག ནགས་ཚལ་གྱི་ཁུལ་གཙོ་བོ་བར་ཐག་སྨི་བརྒྱ་དང་ལྔ་བཅུ་ནས་སྨི་ཉིས་བརྒྱ་ཡིན་དགོས་ལ། ནགས་ཚལ་ཕལ་བའི་ཁུལ་གྱི་བར་ཐག་སྨི་ལྔ་བརྒྱ་ནས་སྨི་སྟོང་གཅིག་ཡིན་ན་ལེགས། ནགས་ཚལ་བསྟར་ཕྲེང་ཤར་ལྔ་ལས་ཉུང་མི་ཆོག བསྟར་ཕྲེང་གི་བར་ཐག་རྨོ་འདེབས་བྱེད་པར་འཚམ་ལ་ནགས་ཚལ་བསྐྲུན་པའི་དགོས་མཁོ་དང་ཟུང་དུ་འབྲེལ་དགོས། ནགས་ཚལ་བསྟར་ཕྲེང་གི་ཁ་ཞེང་སྨི་བཅུ་ཡན་དུ་ཟིན་ཆོག བསྡོམས་རྩིས་ལྟར་རྟོག་ཞིབ་བྱས་ན། ནགས་བསྐྲུན་རྩྭ་འདེབས་བྱས་ན་ས་ངོས་ཀྱི་བཞུར་ཆུ་བརྒྱ་ཆའི་བཅོ་ལྔ་ནས་བརྒྱ་ཆའི་བཞི་བཅུ་ཉུང་དུ་གཏོང་ཐུབ། ས་རྒྱུ་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་བདུན་ཅུ་ཆུས་གཤལ་བར་སྔོན་འགོག་བྱེད་ཐུབ།  ལ་གཟར་བའི་ངོས་སུ་སྡོང་པོ་འཛུགས་པ་དང་རྩྭ་བཏབ་ཆོག་ལ་མི་གཟར་བའི་ངོས་སུ་རིམ་པ་བགོས་ནས་རྨོ་འདེབས་བྱེད་ཆོག གཟར་ཚད་ཅུང་ཆེ་བའི་རྩྭ་ཐང་གི་ཁུལ་དུ། འབྲོག་པ་ཚོས་ཆར་བབས་ཀྱི་སྔ་རྗེས་སུ་གཟན་རྩྭ་ཡག་ཤོས་ཀྱི(དཔེར་ན་པིང་རྩྭ། ལེ་རྩྭ། ལུག་རྩྭ། འབུ་ས་ཧང་། སོག་པོའི་བྲག་སེར་རྩྭ་སོགས)ས་བོན་གཟར་ངོས་སུ་འདེབས་པ་དང་། དེ་རྗེས་ལུག་ཁྱུ་ལ་གཟར་ངོས་སུ་དེད་ནས་འཚོ་དགོས་ཤིང་། ལུག་རྨུག་གིས་རྡོག་བརྫིས་བྱས་རྗེས་འོག་ཏུ་མནན་ན་མྱུ་གུ་འབུས་པར་ཕན། ཐབས་འདི་ལ་རྟོག་བཤེར་བྱས་པ་བརྒྱུད་ནུས་པ་མངོན་གསལ་ལྡན་པ་ར་སྤྲོད་བྱས་ཤིང་། ཆུ་གསོག་པ་དང་ས་སྲུང་ཐུབ། ས་དབྱིབས་ཆག་གྲུམ་དུ་ཤོར་བ་དང་ལ་ཅུང་གཟར་བའི་ངོས་སུ་ཟུར་གསུམ་དབྱིབས་ལྟར་ཚེག་གདམ་ནས་སྒོར་ཕྱེད་དབྱིབས་ཀྱི་ས་དོང་བརྐོ་དགོས་པ་མ་ཟད། སྒོར་ཕྱེད་དབྱིབས་ལྟར་རྣང་འབུར་ཀྱིས་མགོ་ཆུང་ལ་གཏིང་ཆེ་བའི་ལྟར་སྒྲིག་པའི་ཉ་རིས་དོང་ནང་དུ་སྦྱར་བ་དང་ལྕང་མ། ཡོ་འབོག །སིལ་སྡོང་བཅས་གཏབ་ཆོག་པ་དང་། དུས་མཚུངས་སུ་ཆུ་ཕྱིར་འབུད་བྱེད་སའི་ཆུ་ཤུར་བརྐོ་བར་དོ་སྣང་བྱེད་དགོས། དེ་ལྟར་མ་ཡིན་ཚེ་ལ་ངོས་ཀྱི་བཞུར་ཆུ་ཡིས་ཉ་རིས་དོང་མེད་པར་བཟོ་ངེས། དེ་ལས་གཞན། ཉ་རིས་དོང་དང་ཆུ་མཉམ་ཤུར་ཟུང་འབྲེལ་གྱིས་ས་ཆུ་སྲུང་འཛིན་བྱེད་པའི་ཐབས་སྤྱད་ཆོག

(གསུམ)ལུགས་མཐུན་བེད་སྤྱོད།

1.རྩྭ་ས་རེས་མོས།

        ས་ཆུ་ཤོར་བ་ཚབས་ཆེ་བའི་ས་ཁུལ་དུ་གཟན་རྩྭ་དང་ལོ་ཏོག་རེས་མོས་ཀྱིས་འདེབས་པར་དོན་སྙིང་གལ་ཆེན་ལྡན། རེས་འདེབས་བྱེད་པའི་ནང་དུ་ལོ་གཅིག་ལ་སྐྱེབའམ་ལོ་མང་ལ་སྐྱེ་བའི་གཟན་རྩྭ་ཁ་སྣོན་བྱེད་དགོས་ལ། ས་ཆུ་སྲུང་འཛིན་དང་ཐོན་འབོར་འཕར་སྣོན་ཡོང་བར་གྲུབ་འབྲས་མངོན་གསལ་ཐོབ་ཐུབ། གཟན་རྩྭ་བཏབ་རྗེས། ས་ཆུ་མི་ཤོར་བའི་ནུས་པ་མཐོར་འདེགས་བྱུང་བར་མ་ཟད། ལོ་ཏོག་ཀྱི་ཐོན་ཚད་ཀྱང་ཇེ་མང་དུ་ཕྱིན། གཟན་རྩྭའི་ཐོན་འབོར་ལ་ཡང་འཕར་སྣོན་བྱུང་ཐུབ་པས། རྩྭ་སའི་ཐོག་གི་ཕྱུགས་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཐུབ། རང་རྒྱལ་གྱི་ནུབ་བྱང་རྒྱུད་དུ་རྩྭ་ཞིང་རེས་འདེབས་བྱེད་པ་ལ་རྩྭ་གསེར་སྤོས་དང་འབུ་ས་ཧང་། མའོ་ཀྲའོ་ཤི། སུའུ་ཏན་རྩྭ། གླིང་གའི་རྩྭ། ཀའོ་ཉིའུ་ཝུས་རྩྭ་དང་ཆའོ་མེ་སོགས་ཀྱི་གཟན་རྩྭ་འདེབས་ཆོག

2.རྩྭ་ཞིང་ཤུར་བསྟར་སྣོལ་འདེབས་བྱེད་པ།

        རྩྭ་ཞིང་བསྟར་རྣམ་གྱིས་སྣོལ་འདེབས་བྱེད་པ་ནི་གཟན་རྩྭའི་ས་བོན་དང་ཞིང་ལས་ལོ་ཏོག་བསྟར་ཕྲེང་གི་རྣམ་པ་ལྟར་འདེབས་འཛུགས་བྱེད་པ་ཡིན་ལ། ས་ཆུ་ཤོར་བར་སྔོན་འགོག་བྱེད་པ་དང་ཐོན་ཚད་འཕར་བའི་ནུས་པ་སྔར་བས་མངོན་གསལ་ཡིན། བྱེད་ཐབས་འདི་ཆར་ཆུས་གཏོར་བརླག་ཚབས་ཆེན་བཟོས་པའི་ལ་ངོས་སུའང་སྤྱོད་ཆོག །རྩྭ་ཞིང་ཤུར་བསྟར་གྱིས་སྣོལ་འདེབས་བྱེད་ཐབས་འདི་ལ་ངོས་ཀྱི་མཚོ་འཕགས་མཚུངས་ཐིག་བརྒྱུད་ནས་བསྟར་ཕྲེང་མང་པོར་བགོས་པ་ཡིན་ལ། ཞིང་ལས་ལོ་ཏོག་འདེབས་འཛུགས་བྱེད་པའི་སྐབས་སུ་བསྟར་ཕྲེང་བསྐྱུར་ཏེ། གཟན་རྩྭ་འདེབས་དགོས། འདི་ལྟར་ཞིང་ལས་ལོ་ཏོག་ཚུར་བསྡུས་རྗེས། གཟན་རྩྭའི་བསྟར་ཕྲེང་དང་ལོ་ཏོག་སྣོལ་འདེབས་བྱས་པའི་སྒང་འབུར་ཆགས་པ་རེད། ཞིང་ལས་ལོ་ཏོག་ལོ་ཁ་ཤས་རིང་ལ་རྨོ་འདེབས་བྱས་རྗེས། གཟར་ཚད་རིམ་བཞིན་ཇེ་སྙོམས་སུ་འགྲོ་ཐེངས་གཉིས་པར་རེས་བརྗེ་བྱེད་སྐབས། ལོ་ཏོག་འདེབས་པའི་བསྟར་ཕྲེང་ནང་གཟན་རྩྭ་འདེབས་པ་དང་། གཟན་རྩྭ་འདེབས་པའི་བསྟར་ཕྲེང་ནང་ཞིང་ལས་ལོ་ཏོག་འདེབས་དགོས། འདི་ལྟར་ལོ་ཁ་ཤས་སོང་ན་ལྡེབས་ཞིང་རིམ་བཞིན་སྐས་ཞིང་དུ་འགྱུར། ཅུང་གཟར་བའི་ལྡེབས་ཞིང་ངོས་སས་ཆུ་ཤོར་བར་སྔར་བས་ལེགས་པའི་སྒོ་ནས་སྔོན་འགོག་བྱེདཕྱིར། བསྟར་ཕྲེང་དང་བསྟར་ཕྲེང་བར་དུ་ཤིང་མ་སྡོང་ཤར་གཉིས་ནས་གསུམ་བཏབ་ཆོག ཤིང་མ་སྡོང་ལ་སྤེན་མ་དང་དར་ཤིང་གི་ལྕུག་ཕྲན་སོགས་བཙུགས་ཆོག གཞན། གཟན་རྩྭའི་བསྟར་ཕྲེང་ཐོག་ཏུ། ཆུ་ངོས་དང་མཉམ་པའི་བཞུར་འདེད་འགོག་ཤུར་སྤྱད་ནས་བཞུར་ཆུ་བཀག་ཆོག་ལ། གཟན་རྩྭའི་ཐོན་འབོར་མཐོར་འདེགས་ཐུབ། རྩྭ་ཞིང་ཤུར་བསྟར་སྣོལ་འདེབས་བྱས་པ་འདི་ལ་དུས་ཚོད་ཉུང་ཙམ་དང་། མ་དངུལ་ཆུང་ཙམ། སྟབས་བདེ་ལ་ལག་བསྟར་བྱེད་སླ་བས། ས་ཆུ་ཤོར་ཚད་ཆེ་བ་ས་ཁྱོན་ཆེ་ལ་མི་ཉུང་བའི་ས་ཁུལ་དུ་ལག་ལེན་བྱེད་ཆོག

3. རྩྭ་ས་བེད་སྤྱོད།

        རྩྭ་ས་ཆུ་ཡིས་ཁུར་བ་ལ་བཅོས་སྐྱོང་བྱེད་པར་ས་ཆུ་སྲུང་འཛིན་གྱི་ཞིང་ལས་ལག་རྩལ་རབ་དང་རིམ་པ་ལས་གཞན། རྩྭ་ས་ལུགས་མཐུན་གྱིས་སྤྱོད་པ་དང་རྩྭ་ས་གསོ་སྐྱོང་བྱེད་པ་ནི་ས་ཆུ་ཤོར་བ་ཇེ་སྡུག་འགྱུར་བ་ལ་སྔོན་འགོག་བྱེད་པའི་ཐབས་ལམ་ནུས་པ་དང་ལྡན་པ་ཞིག་ཡིན། རྩྭ་ས་གནས་སའི་རང་བྱུང་གི་ཆ་རྐྱེན་དང་ས་དེ་གའི་ཐོན་སྐྱེད་ཀྱི་དགོས་མཁོ་ལྟར། རྩྭ་ས་བཀོལ་སྤྱོད་བྱེད་པའི་འཆར་འགོད་བཟོ་དགོས། ཕྱུགས་འཚོས་དང་རྩྭ་འབྲེག་པ། རྩྭ་ས་གཞན་སྤྱོད་བྱེད་པའི་བསྡུར་ཚད་དང་ལུགས་དང་མཐུན་པའི་བཀོལ་སྤྱོད་དུས་སྐབས་བཅས་གཏན་འཁེལ་བྱེད་དགོས། ཕྱུགས་ཟོག་འཚོ་རེས་བྱེད་པའི་ལམ་ལུགས་དང་རྩྭ་འབྲེག་རེས་བྱེད་པའི་ལམ་ལུགས་ནན་མོ་བྱེད་དགོས། སྤྱིར་བཏང་དུ་ཏུའུ་སུམ་ཅུ་ཡན་གྱི་ངོས་གཟར་དུ་གཟན་རྩྭ་རྒྱས་པའི་དུས་སྐབས་སུ་བཀོལ་སྤྱོད་བྱེད་ཙམ་དང་ཡང་ན་རྩྭ་འབྲེག་ས་ཁོ་ན་མ་གཏོགས་མི་བྱེད་པ་རེད། རྩྭ་ས་བེད་སྤྱོད་ལུགས་དང་མཐུན་པའི་ཆེད་དུ་ཕྱུགས་འཚོས་སྒོ་ཕྱུགས་ཀྱི་རིགས་དང་ཁ་གྲངས། རྩྭ་སའི་རྒྱ་ཁྱོན། རྩྭའི་ཐོན་འབོར་ལྟར་ས་མཚམས་ཁ་ཤས་སུ་བགོས་ཆོག་པ་དང་། ཕྱུགས་ཟོག་ཉིན་གྲངས་གཏན་འཁེལ་གྱིས་བརྗེ་རེས་བྱས་ཏེ་བཀོལ་སྤྱོད་བྱེད་ཆོག འདི་ལྟར་སྒོ་ཕྱུགས་ཀྱི་ཁྱད་ཆོས་དང་འཚོ་བཅུད་ཀྱི་དགོས་མཁོ་ལ་དོ་སྣང་བྱེད་ཐུབ་པར་མ་ཟད། དུས་མཚུངས་སུ། རྩྭ་ས་བཀོལ་སྤྱོད་ཆ་སྙོམས་དང་གཟན་རྩྭའི་ཐོན་འབོར་འཕར་སྣོན་འབྱུང་བ། ས་ཆུ་ཤོར་ཚད་ཇེ་ཉུང་དུ་གཏོང་ངོ་།།

(བཞི) ལས་གཞིའི་བྱེད་ཐབས།

        ལ་བཅོས་པ་དང་ལུང་བཅོས་པའི་རིགས་གཉིས་སུ་ཕྱེ་ཆོག ལ་བཅོས་པའི་བྱེད་ཐབས་ལ་རི་ཡི་མཐའ་ནས་བསྐོར་བའི་ལུང་པ་བརྐོ་བ་དང་རི་རྫིང་བཟོ་བསྐྲུན་བྱེད་པ་སོགས་ཡོད། རི་མཐའ་ནས་བསྐོར་བའི་ལུང་པ་བརྐོ་བ་སྟེ་མཚོ་འཕགས་མཚུངས་ཐིག་བརྒྱུད་ནས་རི་བསྐོར་བའི་བཞུར་ཆུ་འགོག་པའི་ལུང་པ་བརྐོ་བ་ལ། ལུང་པའི་ཆད་ངོས་དེ་ལ་ངོས་ཀྱི་བཞུར་ཆུའི་ཆེ་ཆུང་ལྟར་གཏན་འཁེལ་བྱེད་དགོས། ལུང་པའི་ནང་གི་ཆུ་ཕྱི་རུ་བཞུར་སའི་ཁ་ཞིག་བསྐྱུར་ཏེ། ཁ་ལྟེམས་ནས་ཕྱི་རུ་བཞུར་བའི་ཆུ་གྲོག་རོང་ནང་བཞུར་དུ་འཇུག་པའམ་ཡང་ན་ཉེ་འགྲམ་གྱི་ཆུ་མཛོད་དང་རྫིང་བུ་བཅས་ལ་ཐད་ཀར་སྦྲེལ་ཆོག དེ་མིན་ཆུ་རྐ་དང་ཡང་སྦྲེལ་ཆོག ཡིན་ནའང་འགག་སྒོ་བཞག་ནས་ཚོད་འཛིན་བྱེད་འོས། གནམ་ཆུ་ཡིས་ཞིང་ཆུ་འདྲེན་ཚེ་རི་རྫིང་རི་ཞིང་གི་མཐའ་མཚམས་དང་ཆུ་འདྲེན་ལུང་པ། རྣང་འབུར་གྱི་ཕྱོགས་གཉིས་སམ་རི་འདྲེན་ལུང་འགོ་སོགས་སུ་འཛུགས་བསྐྲུན་བྱས་ན་ལེགས། དེ་ལས་གཞན། ཐན་སྐམ་ཆེ་བའི་ས་ཁུལ་གྱི་ལ་ཅུང་ལྷོད་པའི་ངོས་སུ་མཚོ་འཕགས་མཚུངས་ཐིག་བརྒྱུད་ནས་ཆུ་གསོག་རྣང་མ་བཙུགས་ཆོག་ལ། བཞུར་ཆུ་འགོག་པ་དང་ཆུ་གསོག་པའི་ནུས་པ་གཉིས་ཀ་ལྡན། གསབ་འདེབས་བྱས་པའི་གཟན་རྩྭ་དང་ཟུང་དུ་འབྲེལ་ན་ཕན་འབྲས་སྔར་བས་ལེགས་པ་རེད། ། 


རྩོམ་ཡིག་སྔོན་མ།
༄༅།། ཚེ་མགོན།
རྩོམ་ཡིག་རྗེས་མ།
党史学习教育动员大会在北京召开

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1