ཞི་ཅིན་ཕིང་གིས་ཟླ་འཚོལ་ལས་གྲྭའི་མི་སྣ་དང་མཇལ་འཕྲད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-24



        ཞི་ཅིན་ཕིང་གིས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་ལས་འགན་གྱི་ཚན་ཞིབ་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མི་དང་མཇལ་འཕྲད་གནང་བ་མ་ཟད་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས་22ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་ལས་འགན་གྱི་ཚན་ཞིབ་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མི་དང་མཇལ་འཕྲད་གནང་བ་མ་ཟད་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ་དང་། ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭ་དང་ལྷག་པར་དུ་ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་ལས་འགན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་རེད། ཁོང་གིས། ཟླ་བའི་གོ་ལའི་འཚོལ་ཞིབ་སྙིང་སྟོབས་དར་སྤེལ་དང་། རྒྱལ་ཡོངས་སྒྲིག་གཞི་གསར་པའི་བཟང་ཆ་འདོན་སྤེལ་བྱེད་པ། དཔའ་ངར་ཆེན་པོས་ཚན་རྩལ་གྱི་རྩེ་མོར་འཛེགས་པ། རྒྱལ་ཁབ་གོང་འཕེལ་གྱི་སྤྱི་ཡོངས་གནས་བབ་ལ་བརྩི་སྲུང་ཞུ་བ། གོམ་སྟབས་བརྟན་པོས་སྐར་མར་འཚོལ་ཞིབ་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་པ། ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གསར་གཏོད་གོང་འཕེལ་ཡོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱིས་བར་སྣང་ཁམས་ཞི་བས་བེད་སྤྱོད་བྱ་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།


        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་བྱེད་སྒོར་ཞུགས་ཡོད།

        མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་དགའ་སྤྲོའི་རྣམ་པས་ཁེངས་ཡོད། སྔ་དྲོའི་ཆུ་ཚོད་10ལྷག་ཙམ་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ར་དངོས་སུ་ཕེབས་པ་དང་། ཚན་ཞིབ་དང་ཚོད་ལྟའི་ནང་ཞུགས་མཁན་གྱི་འཐུས་མིར་ཕྱག་གཡུགས་གནང་ནས་གུས་འདུད་ཞུས་གནང་བས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། ཞི་ཅིན་ཕིང་གིས་སུན་ཅ་ཏུང་དང་། ལོན་ཨེན་ཅེའི་སོགས་དང་མཛའ་བརྩེའི་སྤེལ་རེས་གནང་བ་མ་ཟད་ཁོང་ཚོ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད།


        དེ་རྗེས། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་ཕེབས་ནས་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་མ་ཟད་ཟླ་བའི་གོ་ལའི་མ་དཔེ་དང་ལས་གྲྭའི་འཛུགས་སྐྲུན། ལག་རྩལ་བརྗེ་བསྒྱུར། ཚན་རིག་གྲུབ་འབྲས། རྒྱལ་སྤྱིའི་མཉམ་ལས། རྗེས་མཐུད་གོང་འཕེལ་སོགས་ཀྱི་སྐོར་ངོ་སྤྲོད་ཞུས་པར་གསན་ཡོད།

        ཞི་ཅིན་ཕིང་གིས་གོམ་སྟབས་མཚམས་འཇོག་ཡང་སེ་གནང་ནས་ནན་གཟིགས་གནང་བ་མ་ཟད་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད།


        ཞི་ཅིན་ཕིང་གིས། ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་ལས་འགན་ལེགས་གྲུབ་བྱུང་བ་དེའི་ཐོག་ནས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭ་དེ་བསྐོར་བ་དང་བབས་པ། ལོག་པ་བཅས་ཀྱི་གོམ་སྟབས་གསུམ་པོའི་འཆར་གཞི་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད། འདི་ནི་རྒྱལ་ཡོངས་སྒྲིག་གཞི་གསར་པའི་བཟང་ཆ་འདོན་སྤེལ་གྱིས་འགག་གཏོར་དཀའ་སེལ་བྱས་པར་ཐོབ་པའི་གྲུབ་འབྲས་ཆེན་པོ་གཞན་ཞིག་རེད་ལ། མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན་པས་ང་ཚོའི་མཁའ་སྐྱོད་བྱ་གཞག་གོང་འཕེལ་ཐད་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ལོ་ངོ་17རིང་། ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་ཞིབ་བཟོ་འཛུགས་སྐྲུན་ནང་ཞུགས་མཁན་གྱི་ལས་མི་ཡོངས་ཀྱིས་ཕུགས་བསམ་དོན་གཉེར་བྱེད་པ་དང་། འཚོལ་ཞིབ་བྱེད་ཕོད་པ། མཐུན་སྦྱོར་འགག་གཏོར་བྱེད་པ། མཉམ་ལས་གཉིས་རྒྱལ་བྱེད་པ་བཅས་ཀྱི་ཟླ་བའི་གོ་ལའི་འཚོལ་ཞིབ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱུན་ཆད་མེད་པར་ཚན་རྩལ་གྱི་ཡང་རྩེར་འཛེགས་པས་དེ་ནི་དགའ་འོས་པ་དང་རྟེན་འབྲེལ་ཞུ་འོས་པ་ཞིག་རེད། འཇིག་རྟེན་ཁམས་ལ་འཚོལ་ཞིབ་བྱེད་པ་དེ་ནི་མིའི་རིགས་ཀྱི་ཐུན་མོང་ཕུགས་འདུན་ཡིན་པས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་དུས་རིམ་བཞི་པ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གོམ་སྟབས་བརྟན་པོས་སྐར་མར་འཚོལ་ཞིབ་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་རྩོམ་དགོས། རྒྱལ་ཡོངས་སྒྲིག་གཞི་གསར་པའི་བཟང་ཆ་འདོན་སྤེལ་བྱས་ནས་རང་བདག་གསར་སྐྲུན་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། གཅིག་འགྱུར་འཆར་འགོད་བྱེད་པ། ཡར་འབད་བསྐྱར་འབད་བྱེད་པ། ཀྲུང་གོའི་མཁའ་སྐྱོད་ཀྱི་བར་སྟོང་ཚན་རིག་དང་བར་སྟོང་ལག་རྩལ། བར་སྟོང་བཀོལ་སྤྱོད་བཅས་གསར་གཏོད་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་བར་མཉམ་ལས་ཧུར་ཐག་སྤེལ་བ་བཅས་བྱས་ནས་མིའི་རིགས་ཀྱི་བདེ་སྐྱིད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།


        ཏིང་ཤོལ་ཞང་དང་། ལེའུ་ཧོ། ཀྲང་ཡེའུ་ཞ། ཁྲེན་ཤིའི། ཧོང་ཁུན་མིང་། ཝང་ཡུང་། ཤའོ་ཅེའི་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།

        ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་འབྲེལ་གཏུག་པ། འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ལས་འགན་འགན་སྲུང་ཚན་པའི་འཐུས་མི་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།


        ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭ་ལག་བསྟར་བྱེད་པ་དེ་ནི་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་ཚན་རྩལ་གོང་འཕེལ་གྱི་གནས་བབ་ཆེན་མོར་དམ་འཛིན་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལས་གྲྭ་དེའི་རྣམ་གྲངས་ལས་འགོ་བཙུགས་པ་ནས་བཟུང་ད་བར་འཚོལ་ཞིབ་ལས་འགན་ཁག་དྲུག་ལེགས་གྲུབ་བྱས་ཡོད། ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་ལས་འགན་ནི་རང་རྒྱལ་གྱི་རྙོག་འཛིང་ཆེ་ཤོས་དང་། ལག་རྩལ་གྱི་ཁྱབ་ཁོངས་བརྒལ་ཚད་ཆེ་ཤོས་ཀྱི་མཁའ་སྐྱོད་མ་ལག་ལས་གྲྭ་ཞིག་ཡིན་པའི་ཆ་ནས་སྤྱི་ལོ་2020ལོའི་ཟླ་བ་12པའི་ཚེས་17ཉིན་རང་རྒྱལ་གྱིས་གོ་ལ་གཞན་གྱི་ཐོག་ནས་མ་དཔེ་བསྡུ་རུབ་བྱས་ནས་ཕྱིར་ལོག་རྒྱུ་མངོན་འགྱུར་བྱས་པ་མ་ཟད་འབྱུང་འགྱུར་རང་རྒྱལ་གྱིས་ཟླ་བའི་གོ་ལ་དང་རྒྱུ་སྐར་འཚོལ་ཞིབ་བྱ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་གཏིང་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1