“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་གོ་དོན།
དཀའ་ངལ་ལ་མི་སྐྲག་པ། འཆི་བར་མི་སྐྲག་པ། བློ་བརྟན་འགྱུར་མེད་ཀྱི་འབད་བརྩོན་བྱེད་པ། རྨང་རྡོ་བྱེད་ཕོད་པ། དམག་དམངས་ཁྱིམ་གཅིག །མི་རིགས་མཐུན་སྒྲིལ།
དཀའ་ངལ་ལ་མི་སྐྲག་ཅིང་འཆི་བར་མི་སྐྲག་པ། དཀའ་སྡུག་དང་ཉེན་ཁར་མི་འཛེམ་པའི་གསར་བརྗེའི་དཔའ་བོའི་རིང་ལུགས། ཕུགས་འདུན་གྱི་བྱ་བཞག་ལ་བློ་བརྟན་གཞུང་དྲང་ཡིན་པ།
བློ་བརྟན་འགྱུར་མེད་ཀྱི་འབད་བརྩོན་བྱས་ནས་རྨང་རྡོ་བྱེད་ཕོད་པ་དང་། ཞུམ་མེད་མདུན་སྐྱོད་ཀྱི་སྔོན་སྐྱོད་འདུ་ཤེས་དང་འགན་ཁུར་གྱི་སྙིང་སྟོབས། དཀའ་སྤྱད་གཏོང་ཕོད་ཀྱི་ཡ་རབས་བརྩེ་སེམས།
དམག་དམངས་ཁྱིམ་གཅིག་དང་མི་རིགས་མཐུན་སྒྲིལ། འོ་ཆུ་གཅིག་འདྲེས་དང་ཤ་ཁྲག་གཅིག་འབྲེལ་གྱི་དམག་དམངས་བར་གྱི་བརྩེ་བ་དང་། རྒྱ་བོད་ཁྱིམ་གཅིག་དང་མི་རིགས་ཁག་ཁྱིམ་གཅིག །མཐུན་སྒྲིལ་རོགས་རེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ།
(བློ་མཐུན་ཞི་ཅིན་ཕིང་གིས་2014ལོའི་ཟླ་8པར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་མངོན་འགྱུར་བྱུང་ནས་ལོ་འཁོར་60ལོན་པའི་ཐད་ཀྱི་བཀའ་མཆན་གལ་ཆེན་ལས།)
“ལམ་གཉིས”ཀྱི་དོན་ཆེན་ཟིན་ཐོ། “两路”大事记:
1950ལོར། བཅིངས་འགྲོལ་དམག་བཀའ་ལྟར་བོད་ལྗོངས་སུ་དཔུང་འཇུག་བྱས་ཏེ་ཀྲུང་གོ་ཡོངས་བཅིངས་འགྲོལ་གཏོང་བའི་འགན་འཁྲི་ལེགས་གྲུབ་བྱུང་། མའོ་ཙེ་ཏུང་ལགས་ཀྱིས་སྐབས་དེར་བོད་སྐྱོད་དམག་དཔུང་ལ་ཕྱོགས་གཅིག་ནས་དཔུང་འཇུག་བྱེད་པ་དང་ཕྱོགས་གཅིག་ལམ་བཟོ་དགོས་པའི་མཛུབ་སྟོན་གནང་།
1951ལོའི་དབྱར་དུས། ལྷོ་ནུབ་དམག་ཁུལ་གྱི་དམག་སྤྱི་ཧུའུ་ལུང་གིས་ལམ་བཟོའི་གྲོས་ཚོགས་གཙོ་སྐྱོང་གནང་སྟེ། 1954ལོར་རླངས་འཁོར་ངེས་པར་དུ་ལྷ་སར་ཤར་གཏོང་ཐུབ་དགོས་ཞེས་བཏོན།
1954ལོའི་ཟླ་4པར། དམག་དམངས་ཁྲི་11གིས་དཀའ་བའི་ཁྲོད་ནས་ཁྲོན་བོད་གཞུང་ལམ་གྱི་བྱང་ཐིག་བཟོ་སྐྲུན་བྱས།
1954ལོའི་ཟླ་12པར། ཁྲོན་བོད་གཞུང་ལམ་དངོས་སུ་ཤར་གཏོང་བྱུང་ཞིང་། མེས་རྒྱལ་ནང་ལོགས་ནས་བོད་ལྗོངས་སུ་འགྲོ་འོང་བྱེད་པའི་ལམ་ཐིག་གལ་ཆེན་ལྔའི་ཡ་གྱལ་དུ་གྱུར།
1954ལོའི་ཟླ་12པའི་ཚེས་25ཉིན། མཚོ་བོད་གཞུང་ལམ་ཐོག་མར་ཤར་གཏོང་བྱུང་བ།
1969ལོར། མཚོ་བོད་གཞུང་ལམ་ཡོངས་སུ་ཤར་གཏོང་བྱུང་བ།
1991ལོའི་ཟླ་6པར། རྒྱལ་ཁབ་འཆར་འགོད་ཨུ་ལྷན་གྱིས《ཁྲོན་བོད་གཞུང་ལམ་དག་བཅོས་ལས་གཞི་རྣམ་གྲངས་སྐོར་གྱི་གྲོས་ཡིག》ལ་ལས་འཛུགས་བྱས་པ།
2014ལོའི་ཟླ་8པར། བློ་མཐུན་ཞི་ཅིན་ཕིང་གིས་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ཤར་གཏོང་བྱུང་ནས་ལོ་འཁོར་60ལོན་པར་བཀའ་མཆན་གལ་ཆེན་གནང་སྟེ། གོམ་གང་མདུན་སྤོས་སྒོས་“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། བོད་ལྗོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
བཅིངས་འགྲོལ་དམག་གིས་ཁྲོ་ལའི་བགྲོད་ལམ་བསྐྲུན།
ཁྲོ་ཟིལ་ཕྲོམ་རྡོ་རྗེ་གཡུང་དྲུང་ཞེས། གནས་དེ་རུ་སྔ་ནས་འདུག་མཁན་དཀོན། བྱ་རྒོད་པོ་ཡིན་ཀྱང་གཤོག་རྩལ་འདར། དུས་བཞི་ལ་སྲིད་པའི་གངས་རྒན་ཆགས། ས་དོག་མོ་འཁིང་ནས་ལྕགས་ལྟར་མཁྲེགས། རྡོ་ཕ་བོང་འགྲིལ་ནས་གཞུང་ལམ་བཀག །དེ་ཁམས་བོད་གཞུང་ལམ་སྐྲུན་པའི་ཚེ། བསྒྲོལ་དཀའ་བའི་འགག་སྒོ་དང་པོ་ཡིན། མཚོ་འཕགས་སྨི་6168ཡོད་པའི་ཁྲོ་ལ་རི་བོ་ནི་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་གི་མངའ་ཁོངས་སུ་ཡོད། 2012ལོའི་ཟླ་9པར། ཁྲོ་ལ་རི་བོའི་ཕུག་ལམ་དངོས་སུ་ཕུག་འགོ་བརྩམས་པ་དང་2017ལོའི་ཟླ་3པར་ཕུག་ལམ་ལེགས་གྲུབ་བྱུང་།
ཁྲོ་ལ་རི་བོ་ནི་ཁམས་བོད་གཞུང་ལམ་ཐོག་གི་མཚོ་འཕགས་ཆེས་མཐོ་བའི་རི་བོ་དེ་ཡིན་པས། ཚན་རིག་པས་གནས་དེ་ནི་གཤིན་རྗེའི་འཕྲོང་ལམ་རེད་ཅེས་བརྗོད་སྲོལ་ཡོད། མཐའ་ད་དུང་ཡང་། མཚོ་འཕགས་ཤིན་ཏུ་མཐོ་བ་དང་གཞུང་ལམ་ཉེན་ཁ་ཆེ་བ། ལམ་ཡོངས་གངས་འཁྱགས་ཀྱིས་ཁེངས་པས་ཉེན་ཁ་ཆེ་ཤོས་ཀྱི་རྒྱ་ལམ་ཞེས་འབོད་བཞིན་ཡོད། བགྲང་བྱ་60གོང་གི་ཁྲོ་ལ་རི་བོ་ནི་འཛེགས་ཐབས་བྲལ་བའི་ཨ་སྔོན་དགུང་གི་ཀ་བ་ཞིག་དང་མཚུངས་པ་དང་། ཁྲོ་ལ་རི་བོ་ནས་གཞུང་ལམ་བསྐྲུན་པ་ནི་1952ལོར་ཆབ་མདོ་རུ་རླངས་འཁོར་ཤར་གཏོང་ཐུབ་པའི་འགག་རྩ་དེ་རེད། 1951ལོའི་དགུན་སྟོད་དུ། བསྡོམས་པས་མི་གྲངས་ཆིག་ཁྲི་ཉིས་སྟོང་ཡོད་པའི་ལམ་བཟོ་དམག་མི་རྣམས་ཁྲོ་ལ་རི་བོ་ལ་འབྱོར་ཏེ་དཀའ་ཚེགས་ཆེ་བའི་གཞུང་ལམ་བསྐྲུན་འགོ་བརྩམས། དགུན་སྟོད་དུ་ཁྲོ་ལ་རི་བོ་རུ་དྲོད་ཚད་སྒོ་ཐིག་མན་གྱི་ཧྲེ་ཧྲི་ཏུའུ་20ལ་སླེབས་ཤིང་། འཚོ་བ་དང་ལམ་བཟོའི་ཆ་རྐྱེན་ཤིན་ཏུ་ཉམས་ཐག་ཡིན། རྡོ་ཕ་བོང་གཏོར་བྱེད་ལ་འཕྲུལ་ཆས་གང་ཡང་མེད་པས། ཚང་མ་ངར་ལྕགས་དང་འགད་རྫས་ཁོ་ན་ལ་བརྟེན་དགོས། དམག་མི་གང་མང་ཞིག་གཡང་གཟར་ངོས་སུ་རྐང་པ་ཡང་འཇོག་ཡུལ་མེད་པས། རྐེད་པར་ཐག་པས་བཅིངས་ནས་མར་དཔྱངས་དགོས། གཞུང་ལམ་དེ་མགྱོགས་མྱུར་ངང་བསྐྲུན་ཐུབ་ཆེད། ཚང་མས་རྡོ་ཕ་བོང་གཏོར་བ་དང་ས་སློག་པའི་མཚམས་བཞག་མ་མྱོང་ལ། གལ་སྲིད་ངལ་གསོ་བྱེད་ཆོག་པའི་བརྡ་གཏོང་ཡོང་ནའང་། སུ་ཞིག་གིས་ལག་ཏུ་བཟུང་བའི་ལག་ཆ་དག་ས་ལ་འཇོག་མི་ཕོད།
དཀའ་ཚེགས་ཆེ་བའི་གཞུང་ལམ་དེའི་ལས་ཡུལ་གྱི་སྤྱི་ལེ་རེ་རེའི་མཚམས་སུ་ཕལ་ཆེར་དམག་མི་རེ་རེའི་ཚེ་སྲོག་ཤོར་བཞིན་ཡོད་ལ། ཁྲོ་ལ་རི་བོའི་འདབས་ཞོལ་དུ་དུར་བྱང་ཞིག་ཡོད་དེ། དེ་ནི་དམག་ཤོག་བཅོ་བརྒྱད་པའི་ལམ་བཟོའི་དཔའ་བོ་ཀྲང་ཧྥུ་ལིན་ལ་རྗེས་དྲན་ཆེད་དུ་བཙུགས་པ་རེད། ཁོང་ནི་སྔོན་མ་མེ་མདའ་རྒྱག་མཁན་ཞིག་ཡིན་ལ། གཞུང་ལམ་དེ་ལས་དུས་གཙོ་བོ་འགད་རྫས་ཀྱི་ལག་རྩལ་ཞིབ་འཇུག་བྱེད་བཞིན་ཡོད་དེ། འགད་རྫས་འཇོག་སྟངས་ཀྱི་ཐབས་ཤེས་ཇེ་ལེགས་སུ་བཏང་ནས་གཞུང་ལམ་མགྱོགས་མྱུར་བསྐྲུན་ཐུབ་པར་ནུས་པ་ཆེན་པོ་ཐོན་པའི་ཕུལ་དུ་བྱུང་བའི་འགད་གཏོར་ལ་མཁས་པའི་མི་ཞིག་ཡིན། 1951ལོའི་ཟླ་12པའི་ཚེས་10ཉིན། འགད་གཏོར་ལ་ཞིབ་བཤེར་བྱེད་སྐབས་གཟི་བརྗིད་ལྡན་པའི་ངང་ཚེ་སྲོག་བློས་བཏང་། ཁོང་གྲོངས་དུས་བོད་ལྗོངས་ལ་འདེབས་བསམ་པའི་ཚལ་འབྲས་ཁུག་མ་ཁ་ཤས་ལས་ཅི་ཡང་མེད་ལ། ཁོང་གི་སེམས་པ་ནི་བདེ་སྐྱིད་ཀྱི་འབྲས་བུ་དེ་བོད་ལྗོངས་ས་མཐོའི་ཡུལ་དུ་འདེབས་པའི་རེ་སྙེག་གིས་གཏམས་ཡོད།