གཅིག བོད་ཀྱི་ཞབས་བྲོའི་ལོ་རྒྱུས།
བོད་མི་རིགས་ཀྱི་བཅུ་ཕྲག་རིག་པའི་ནོར་མཛོད་ཀྱི་ཡ་གྱལ་དུ་གྱུར་པའི་ཟློས་གར་གྱི་ཁོངས་སུ་གཏོགས་པའི་བྲོ་གར་རིག་གནས་ནི་མི་རིགས་རང་གི་སྤྲོ་སྣང་དང་། ལ་རྒྱ། འབོད་སྐུལ། རེ་བསྟོད་སོགས་མཚོན་པ་ལས་གཞན། བོད་ཀྱི་རིག་གནས་དང་། གཤིས་རྒྱུད། ཁྱད་ཆོས། གོམས་སྲོལ་སོགས་ཐད་ཀར་མི་རིགས་གཞན་ལ་ངོ་སྤྲོད་དང་། རྒྱུས་ལོན། འབྲེལ་འདྲིས་བཅས་བྱེད་པའི་ཐབས་ཤེས་ཤིག་ཀྱང་ཡིན། དེ་ཡང་ནག་པོ་སྐལ་བཟང་གིས་གཙོ་སྒྲིག་བྱས་པའི 《བོད་ཀྱི་ཞབས་བྲོ་རིག་གནས་ཤེལ་དཀར་ཕྲེང་བ》ཞེས་པ་ལས་ཁ་བ་གངས་རིའི་ལྗོངས་འདིར་ཞབས་བྲོ་རིག་གནས་དར་ནས་ད་ལྟའི་བར་མ་མཐའ་ཡང་ལོ་ལྔ་སྟོང་ཡན་གྱི་ལོ་རྒྱུས་ཡོད་པ་བསྟན་ཡོད། ཡང་དེ་ཉིད་ལས། རིག་གནས་འདི་ཉིད་ཀྱང་ཡབ་མེས་དག་གིས་ཕན་ཚུན་ལ་གོ་བརྡ་སྤྲོད་སྐབས། ལག་པའི་བརྡ་དང་ལུས་ཀྱི་རྣམ་འགྱུར་བསྟན་པ་ལས་བྱུང་ཞིང་། གདོད་མའི་དུས་སུ་སྐད་ཆའི་ནུས་པ་ཐོན། རིམ་གྱིས་འཚོ་བའི་དགོས་མཁོ་ལས་ཆོས་ཀྱི་མཛད་སྒོ་ཞི་རྒྱས་དབང་དྲག་གི་ལས་དང་། དུས་སྟོན་དང་དགའ་འདུན། དགོང་ཚོགས་སོགས་ཀྱི་སྟེང་དུ་བླ་དཔོན་དང་བདག་གཞི་མགྲོན་སོགས་ལ་སྤྲོ་སྐྱིད་སྦྱིན་སླད། ལུས་ངག་ཡིད་ཀྱི་དང་བས་གླུ་གར་ལ་རོལ་བ་དང་། ཡང་ན་ཆ་རྐྱེན་ཡོད་པའི་ས་ནས་དགོན་སྡེའི་གར་འཆམ་སྣ་ཚོགས་འཁྲབ་པས། ཡུལ་ཁམས་དེའི་ག་ས་གང་ལ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཏེ། རི་ཡོད་ས་ན་གླུ་ཡོད་ལ། སྡེ་ཆགས་ས་ན་གར་ཡོད་ཅེས་པ་དང་། བོད་པ་ནི་འགྲོ་ཤེས་པའི་དུས་ནས་བྲོ་འཁྲབ་ཤེས། སྐད་རྒྱག་ཤེས་པའི་དུས་ནས་གླུ་ལེན་ཤེས་ཞེས་ཟེར་བའི་ཚུལ་དུ་བསླེབས་པ་དང་། གླུ་ལེན་ས་ན་བྲོ་དང་ཉམས་དགོས་ལ། བྲོ་འཁྲབ་ས་ན་གླུ་དང་དབྱངས་ཡོད་དགོས་ཞེས་ཟེར་བའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་ལྡན། ཁ་ཅིག་གིས་ཞབས་བྲོ་ཞེས་པའི་དོན་ནི་ལག་པ་གཡུགས་ཤིང་རྐང་བས་རྡུང་བ་དང་། ཡང་ན་ལག་གཡུག་རྐང་རྡེབ་བྱེད་པར་གོ་ཞེས་ཟེར་མོད། འོན་ཀྱང་ཞབས་བྲོ་ནི་ཚིག་གཅིག་གཉིས་ཤིག་གིས་དོན་འགྲེལ་ཕོག་ཐུབ་པའི་རིག་གནས་སྒྱུ་རྩལ་ཞིག་ག་ལ་ཡིན། ཞབས་བྲོ་ནི་མིའི་སེམས་བྱུང་ལས་ཐོན་པའི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་འགྱུར་བ་སྟེ། ལུས་ངག་ཡིད་གསུམ་གྱི་དགའ་བཀུར་སྤྲོ་བ་དག་ལུས་ཀྱི་རྣམ་འགྱུར་དང་། འགུལ་སྐྱོད། དགྱེ་སྒུར། མཆོང་ལྡིང་། འཁོར་བསྒྱུར། འགྱིང་སྟབས། འདུག་ཚུལ་དང་བཟོ་ལྟ་སོགས་ཉམས་དགུ་འགྱུར་བཅུ་ཚང་བའི་རྨང་གཞིའི་སྟེང་། སྐད་ཀྱི་གདངས་དང་། ངག་གི་བརྡ། རོལ་མོའི་དབྱངས་འགྲོས་དང་བསྟུན་ནས་ཕྱག་དང་ཞབས་ཀྱིས་རྒྱ་འདེབས་པ་དང་། ལུས་ཀྱིས་དགྱེ་སྒུར་འཁྱོག་གསུམ་བྱས་ཏེ། ཕྱི་ནང་གསང་གསུམ་གྱི་འདོད་དོན་འདྲ་མིན་ཅི་རིགས་སྟོན་པའམ། ཡང་ན་རང་སེམས་ཀྱི་འདུན་མ་དང་། འཚོ་བའི་གནས་སྟངས། ཡུལ་སྲོལ་གོམས་འདྲིས་ལ་སོགས་དགའ་སྐྱོ་ཆགས་སྡང་གི་འཚོ་བ་གསལ་བོར་བསྟན་ཡོད་པའི་གཞས་ཚིག་དང་འཁྲབ་གཞུང་སོགས་རྗོད་བྱེད་སྐད་ངག་དང་། རོལ་དབྱངས། ཉམས་འགྱུར་བཅས་ལ་བརྟེན་ནས་གྲུབ་པའི་རིག་གནས་སྒྱུ་རྩལ་སྤྱི་ལ་གོ་དགོས་ཞེས་དང་། བོད་ཀྱི་ཞབས་བྲོ་རིག་གནས་ཀྱི་ཁྱབ་ཁོངས་ཐད་ནས་བཤད་ན། གནའ་དུས་བོད་མི་འདུས་སྡོད་བྱེད་སའི་ཡུལ་ཁམས་ཏེ། ཁ་བ་གངས་རིའི་ལྗོངས་ལ་སྟོད་ན་མངའ་རིས་སྐོར་གསུམ་དང་། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་བཅས་ཡུལ་ཆེན་པོ་གསུམ་དུ་ཕྱེ་བ་དང་། དེང་འདིར་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལྗོངས་གཅིག་དང་ཞིང་ཆེན་བཞི་སྟེ། ཡུལ་གྱི་དབང་རིས་ཆེན་པོ་ལྔ་རུ་ཕྱེ་བའི་ས་ཆ་གཙོས་པའི་བལ་ཡུལ་དང་། འབྲུག་ཡུལ། འབྲས་ལྗོངས། རྒྱ་གར། ཕ་ཁི་སི་ཐན། ཀསྨིར་སོགས་རྒྱལ་ཁབ་དང་ཡུལ་ཕྱོགས་སུ་ཁྱབ་བརྡལ་དུ་ཕྱིན་ཏེ། ད་ལྟ་ད་དུང་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་ཅེས་བཀོད་ཡོད་ལ། དེ་ཉིད་ལས་འབའ་གཞས་སྙན་འཇེབས་པི་ཝང་སེམས་ནས་དཀྲོལ།། བྲོ་ལྭའི་ཕུ་རིང་ཨ་སྔོན་དབྱིངས་སུ་འཁྱིལ།། བྲོ་བ་ཁྲུང་ཁྲུང་གཤར་དང་ཤྭ་བོ་ལྡིང་།། གནམ་ས་བླ་འོག་བརྗེ་བའི་སྟངས་སྟབས་ཀྱིས།། ལྟ་མཁན་རྣམས་ཀྱི་ཡིད་མུག་རྨོངས་པ་སེལ།། ཞེས་འབའ་གཞས་ཀྱི་ཁྱད་ཆོས་ཀྱང་མདོར་བསྟན་བྱས་ཡོད་པ་རེད།
གཉིས། འབའ་གཞས་ཀྱི་གོ་དོན།
སྤྱིར་གཞས་ཞེས་པ་ནི་གླུ་དང་དབྱངས། ཡང་ན་གཞས་ཆུང་སོགས་ལ་གོ་ཆོག་མོད། འོན་ཀྱང་ས་ཁོངས་མི་འདྲ་བའི་ཁྱད་པར་ལས་གཞས་དང་གླུའི་ཐ་སྙད་སྤྱོད་སྟངས་མི་འདྲ་བ་ཆགས་ཤིང་། དབུས་གཙང་ས་ཆས་གཞས་ཟེར་ན་གཙོ་ཆེར་དམངས་གླུ་ལ་གོ་འགྲོ་བ་དང་གླུ་ཞེས་པའི་ཐ་སྙད་སྤྱད་པ་ཉུང་། ཁམས་ཁུལ་དང་ཨ་མདོ་ཕྱོགས་སུ་ཕལ་ཆེར་གླུ་ཟེར་ན་ལ་གླུ་དང་གཞས་ཆུང་ལ་གོ་འགྲོ་བ་དང་། ཁམས་ཀྱི་ས་ཆ་ཁ་ཤས་སུ་གཞས་ཟེར་ན་བྲོ་ལ་གོ་འགྲོ་ཞིང་བྲོ་དང་གཞས་ལྷན་སྦྱར་བྱས་ཏེ་བྲོ་གཞས་ཞེས་ཀྱང་ཟེར་སྲོལ་ཡོད། གཞས་ཞེས་པའི་ཐ་སྙད་ལ་སྒྲ་ཡངས་དོག་གི་དབྱེ་བ་ཕྱེས་ནས་འགྲེལ་བཤད་ཅིག་བརྒྱག་ན་འདི་ལྟར་ཏེ། སྒྲ་ཡངས་འཇུག་གི་སྒོ་ནས་གཞས་ཞེས་པ་ནི་གླུ་སྣ་ཚོགས་ལ་གོ་ཆོག་ཅིང་ས་ཁོངས་གཏན་འཁེལ་དུ་གླུ་བྲོ་ལ་གོ་ཡང་རུང་། སྒྲ་དོག་འཇུག་གི་སྒོ་ནས་གཞས་ཞེས་པ་ནི་ཁམས་ཀྱི་ས་ཆ་དར་བའི་བྲོ་གཞས་ལ་གོ་དགོས་ཏེ་ཁམས་གཞས་ལ་གོ་ཆོག ས་ཆ་མི་འདྲ་བའི་གཞས་ལ་དབྱེ་བ་འབྱེད་ཐུབ་པའི་ཆེད་དུ་གཞས་ཀྱི་སྔོན་དུ་ས་མིང་བཏགས་ཏེ་དཔེར་ན་འབའ་ཐང་ས་ཆར་དར་བའི་གཞས་ལ་འབའ་གཞས་དང་། བོད་ལྗོངས་སྨར་ཁམས་ས་ཆའི་གཞས་ལ་སྨར་ཁམས་གཞས་ཟེར་བ། ཡུན་ནན་བདེ་ཆེན་ས་ཆའི་གཞས་ལ་བདེ་ཆེན་གཞས་ཞེས་བཏགས་པ་ལྟ་བུའོ།། ཡང་འབའ་གཞས་ཞེས་པ་སྒྲ་དོག་འཇུག་ནས་བཤད་ན་འབའ་ས་ཆ་སྟེ་འབའ་ཐང་རྫོང་གི་མངའ་ཁོངས་སུ་དར་བའི་གཞས་ལ་གོ་ཆོག་མོད། འོན་ཀྱང་འགྲེལ་བཤད་རྒྱག་སྟངས་དེ་ཡུལ་དང་དུས་དང་། དངོས་ཡོད་གནས་ཚུལ་གང་ས་ནས་བལྟས་པ་ཡིན་ན་ཁྱབ་ཆུང་དྲགས་པའི་སྐྱོན་ལས་ཡོལ་མི་ཐུབ་པ་རེད། དེ་བས་འབའ་གཞས་ཞེས་པ་སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན། ཡོངས་གྲགས་སུ་སྨད་མཐོ་ཁམས་སྒང་དྲུག་གི་ནང་གསེས་སྤོ་འབོར་སྒང་སྟེ་འབྲི་ཆུ་དང་ཤར་ཟླ་ཆུ་གཉིས་ཀྱི་དབར་དུ་ཆགས་པའི་ས་ཆའི་སྨད་རྒྱུད། དེང་སང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་དང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ནུབ་ཕྱོགས་ས་ཁུལ་གྱི་ཁོངས་སུ་གཏོགས་པའི་འབྲི་ཆུའི་ཤར་རྒྱུད་དང་ནུབ་རྒྱུད། ཡུན་ནན་བདེ་ཆེན་ཁུལ་གྱི་ཤར་རྒྱུད་དང་ཟླ་ཆུའི་ནུབ་རྒྱུད་བཅས་ཀྱི་ས་ཆ་རྣམས་སུ་དར་བའི་གཞས་སྤྱི་ལ་གོ་ཆོག་ཅིང་། གང་རེད་ཅེ་ན། ས་ཆ་དེ་ཚོ་འབྲི་ཆུའི་འབབ་རྒྱུད་རོང་ཁུལ་དུ་ཆགས་ཤིང་གནམ་གཤིས་དྲོ་གྲང་དང་། ཐོན་སྐྱེད་འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་ཧ་ལམ་འདྲ་བ་དང་། ས་ཆ་དེ་ཚོའི་གཞས་སྣ་མང་པོའི་གཞས་གདངས་དང་འཁྲབ་སྟངས། གཞས་ཚིག་བཅས་དེང་སང་བར་དུ་ཡང་འདྲ་བའི་ཆ་ཤིན་ཏུ་མང་པོ་ཡོད་པ་མངོན་སུམ་ཚད་མས་གྲུབ་ཡོད་པའི་ཕྱིར། དེ་ཡང་འགྲོ་བ་མི་ཆགས་པ་ནས་བཟུང་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བརྒྱུད་ནས། ས་ཆ་དེ་ཚོའི་མི་མུས་རྒྱུད་བཅས་ཀྱི་ཐུན་མོང་གི་བློ་གྲོས་ལས་གྲུབ་པའི་ཉིང་བཅུད་ཅིག་སྟེ་གཞས་ཀྱི་སྒྱུ་རྩལ་ཞིག་གྲུབ་པའོ།།
གསུམ། འབའ་གཞས་བྱུང་ཚུལ།
འབའ་གཞས་ཀྱི་འབྱུང་ཁུངས་ལ་བཞེད་པ་མི་འདྲ་བ་ཡོད་མོད། ཡོངས་གྲགས་ཀྱི་ཕུགས་ནི་གནའ་བོའི་དུས་ཀྱི་བྲོ་ལ་གཏུགས་ཡོད་དེ། གདོད་མའི་མཆོད་སྦྱིན་གླུ་གར་གྱི་གྲུབ་ཆ་གཙོ་བོ་འདྲེས་ཡོད། སྤྱི་ལོ1978ལོར་དཀར་མཛེས་ཁུལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་འབའ་ཐང་རྫོང་བྲག་ཅན་སྟེང་གི་རྡོ་པང་དུར་ཁྲོད་དུ་ཀྲེན་གོའི་དུས་རབས་ཀྱི་རིག་རྫས་འབོར་ཆེན་རྙེད་ཡོད་པ་ལས་ཀྲེན་གོའི་དུས་རབས་སུ་འབའ་ཐང་ས་ཆ་ལ་འགྲོ་བ་མི་འཚོ་སྡོད་བྱས་མྱོང་བ་རྗེས་སུ་དཔག་ཐུབ་པ་རེད། འབའ་ཐང་གི་ས་ཁོངས་གནས་ཚུལ་དང་དེ་ཡོད་གཞིས་པའི་སྐོར་ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན། གནའ་དུས་འབའ་ཐང་ནི་ཚོ་བའམ་སྡེ་བའི་ས་ཆ་ཡིན་ཞིང་། ཀྲོའུ་རྒྱལ་རབས་སུ་རོང་གི་ས་ཡིན་ལ། ཆིན་རྒྱལ་རབས་སུ་ནུབ་ཆའང་ཞེས་འབོད་ཅིང་། ཧན་རྒྱལ་རབས་ཀྱི་སྐབས་སུ་བོན་ནག་གམ་བོད་རོང་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པར་བཤད་ཡོད། སྐབས་དེ་དུས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་ཞིང་། རང་བྱུང་ཁམས་ཀྱི་སད་སེར་དང་ཁ་ཆར་བུ་ཡུག་ལ་སོགས་པའི་གནོད་སྐྱོན་མང་པོ་དང་འཕྲད་པའི་སྐབས་སུ། ལྷ་འདྲེ་ལ་རྨོངས་དད་བྱེད་པ་དང་། མེས་པོ་དང་གདོད་མའི་མཚོན་ཆས་ལ་དད་གུས་བྱེད་པའི་སྲོལ་དང་ཆོ་ག་འདྲ་མིན་སྣ་ཚོགས་བྱུང་ཞིང་མཆོད་སྦྱིན་གྱི་ཆོ་ག་དེ་དག་གི་རྣམ་པ་ཡང་རིམ་བཞིན་ངག་གི་དབྱངས་ལེན་དང་ལུས་ཀྱི་གུས་ལུགས་ཤིག་ཏུ་ཆགས་ཤིང་། ཡུལ་དུས་འཕེལ་འགྱུར་དང་བསྟུན་ནས་ལུས་ངག་གི་བྱ་སྤྱོད་ལ་ཡང་འཕོ་འགྱུར་སྣ་མང་བྱུང་ཡོད་པ་ནི་ཆོས་ཉིད་རེད། མི་རྣམས་ཀྱིས་ཐུན་མོང་གིས་མཆོད་སྦྱིན་བྱེད་པའི་སྐབས་སུ་རྒན་པོ་རྣམས་ཀྱིས་གྲལ་མགོར་ཁྲིད་ནས་གྲལ་གཉིས་བསྒྲིགས་ཏེ། ཕོ་མོ་ཀུན་གྱིས་ལག་རྡང་དང་ཡང་ན་དཔུང་བ་སྦྲེལ་ནས་གུས་པའི་ཚུལ་དུ་མགོ་བོ་དང་སྐེད་པ་སྒུར་ཞིང་མེ་ཕུང་བསྐོར་ནས་གླུ་ལེན་གར་སྟབས་བསྒྱུར་བ་ལས་གདོད་མའི་སྐོར་བྲོའི་རྣམ་པ་དེ་རིམ་པར་ཆགས་པ་རེད། མཐའ་འཁོབ་ཡུལ་གྱི་ལུང་།། དགུན་ལ་ཁ་བ་མང་།། དབྱར་ལ་ཆར་ཆུ་མོད། དྲོ་གྲང་སྙོམས་ལ་རན།། ཞེས་པ་ནི་གནའ་བོའི་བོན་ནག་གམ་བོད་རོང་མིའི་སྐོར་བྲོའི་ཆེས་རྙིང་པའི་གཞས་ཚིག་གི་གྲས་སུ་གཏོགས་པ་དང་དེ་ཡང་རོང་ཁུལ་གྱི་རང་བྱུང་ཁོར་ཡུག་གི་བཤད་པ་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག དེ་ནས་ཐང་རྒྱལ་རབས་ཀྱི་སྐབས་སུའམ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་སྐོར་བྲོ་དེ་རིམ་བཞིན་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་རུ་སོང་ཞིང་། མི་རྣམས་ཀྱིས་སོ་ནམ་ལས་མཇུག་གྲོལ་རྗེས་ཀྱི་དགའ་སྟོན་སྤེལ་བ་དང་། དུས་སྟོན་བསུ་བ། བག་མ་བག་སྐྱེལ་བྱེད་པ་སོགས་ཀྱི་སྐབས་སུ་འཁྲབ་ཡས་ཀྱི་བྲོ་གཞས་སུ་ཆགས་ཤིང་། ཐོག་མའི་གྲལ་གཉིས་པོ་དེ་ཡང་རིམ་བཞིན་སྒོར་སྒོར་དུ་གྱུར་པ་དང་ཐོག་མའི་མགོ་དང་སྐེད་པ་སྒུར་བའི་ཆོ་ག་དེ་དག་ཀྱང་རིམ་བཞིན་རྐང་ལག་གི་སྟངས་སྟབས་སུ་གྱུར་ནས་སྒོར་གཞས་ཀྱི་རྣམ་པར་ཆགས། དེ་ནས་སུང་རྒྱལ་རབས་དང་ཡོན་རྒྱལ་རབས། མིང་རྒྱལ་རབས་བཅས་ཀྱི་སྐབས་སུ་སྒོར་གཞས་འབའ་ཐང་ས་ཁུལ་དུ་དར་རྒྱས་གོང་འཕེལ་མགྱོགས་པ་བྱུང་ཞིང་། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་སྐབས་སུ། སི་ཁྲོན་དང་ཡུན་ནན་དང་བོད་ལྗོངས། ཧྲའན་ཞི་ལ་སོགས་པའི་ཚོང་པ་རྣམས་འབའ་ཐང་དུ་ཡོང་ནས་ཚོང་ལས་སྤེལ་བར་བརྒྱུད་དེ་འབའ་ཐང་ས་ཆའི་ས་གནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཕྱིན་པ་དང་། ཆབས་ཅིག་གནའ་བོའི་ཚོང་འདྲེན་རྡལ་ལམ་ཡང་གསར་བཏོད་བྱུང་ནས་དར་རྒྱས་འགྲོ་བ་དང་བསྟུན་ནས་འབའ་ཐང་ནི་མི་རིགས་མང་པོའི་རིག་གནས་འདུས་འདྲེས་ཀྱི་དར་ལམ་ལྟ་བུ་ཆགས་པར་བརྟེན། སྒོར་གཞས་ཀྱི་སྔར་ཡོད་སྒྱུ་རྩལ་གྱི་རྣམ་པའི་སྟེང་དུ་མི་རིགས་གཞན་པ་དང་ས་གནས་གཞན་པའི་ཞབས་བྲོ་སྒྱུ་རྩལ་གྱི་དགེ་མཚན་གང་མང་ཚུར་ལེན་བྱས་ཡོད་ལ། དེ་ནས་རམ་བཀྲོལ་རོལ་ཆས་སྒྲ་སྙན་དར་བར་བརྒྱུད་གླུ་བྲོའི་འགྱུར་ཁུགས་རང་བཞིན་དང་དབྱངས་རྟ་རང་བཞིན་ཡང་ཇེ་ཆེར་ཕྱིན་ནས་ཕུན་སུམ་ཚོགས་པོར་ཆགས་ཏེ་བོད་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་གླུ་བྲོའི་སྒྱུ་རྩལ་ཏེ་འབའ་གཞས་གྲུབ་པ་རེད། དེ་བས་འབའ་གཞས་དར་ནས་ད་བར་ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་ཡོད་པ་ནི་བསྙོན་དུ་མེད་པ་རེད། ཡང་འབའ་གཞས《རྡོ་རྗེ་གླིང་པ》ཞེས་པའི་ནང་དུ་གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་སེང་ལྕང་འབྲུག་མོས་གེ་སར་དྲན་པའི་སྐྱོ་གདུང་མཚོན་ཚུལ་བྲིས་ཡོད་པ་དང་། དེ་མིན་དམངས་ཁྲོད་དུ་སྟག་མགོ་བཙན་རྫོང་འོག་ལ།། བྱ་ཁྱུང་གྲོང་པ་ཆགས་ཡོད།། ས་བཙན་སྟག་ཁྱུང་ཁ་སྤྲོད།། མི་ཕོ་གླིང་པའི་དཔའ་རྒོད།། ཞེས་པ་དང་། མི་གཅིག་མི་ངོ་མི་ཤེས་མི་གསུམ་བྱུང་།། གླིང་ཕྲུག་གེ་སར་རྒྱལ་པོ་ཡིན་ཤས་འདྲ།། རྟ་གཅིག་རྟ་ངོ་མ་ཤེས་རྟ་གསུམ་བྱུང་།། ལྷ་རྟ་རྐྱང་ཆུང་ཁ་དཀར་ཡིན་ཤས་འདྲ།། ཞེས་གླིང་གེ་སར་དང་འབྲེལ་བའི་གཞས་ཚིག་དུ་མ་དར་ཡོད་པ་ལ་གཞིགས་ན། གླིང་རྗེ་གེ་སར་གྱི་དུས་ནས་འབའ་གཞས་ཡོད་པ་རྗེས་སུ་དཔག་ནུས་ལ། གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་མཆོག་ནི་བོད་ཀྱི་རབ་བྱུང་དང་པོའི་བགྲང་བྱ་བཅུ་གཉིས་པ་ས་ཕོ་སྟག་སྟེ་སྤྱི་ལོ1038ལ་འཁྲུངས་པ་ཡོངས་གྲགས་བཞེད་པ་ཡིན་པས་འབའ་གཞས་དར་ནས་ལོ་སྟོང་ལ་ཉེ་བ་ཤུགས་སུ་རྟོགས་ཐུབ་པ་རེད། ཀྲུང་གོའི་གཞས་ཀྱི་ཆོལ་ཁའི་མཚན་སྙན་ཡོད་པའི་འབའ་ཐང་རྫོང་ནི་འབའ་གཞས་ཀྱི་མྱུ་གུ་ཆེས་ཐོག་མ་འབུས་ས་ཡིན་ཞིང་། གནའ་སྔ་མོའི་དུས་ནས་འགྲོ་བ་མིའི་ཤེས་རིག་ཆེས་ཆེར་དར་ཡོད་དོ།།
བཞི། འབའ་གཞས་ཀྱི་སྒྱུ་རྩལ་ཁྱད་ཆོས།
གཞས་སྣ་བརྒྱ་བརྒྱ་སྟོང་སྟོང་།། ངག་གདངས་བརྩི་བརྩི་གྲངས་མེད།། ཕྱག་ལག་གཡུག་སྟངས་མི་འདྲ།། རྡོག་བྲོ་རྒྱག་ལུགས་མི་གཅིག། ཅེས་པའི་གཞས་ཚིག་ལས་ འབའ་གཞས་ནི་སྙན་ངག་དང་སྒྲ་སྙན། གླུ་དབྱངས། བྲོ་གར་བཅས་གཞི་གཅིག་ཏུ་གྲུབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་མཚོན་ཐུབ་ཅིང་། རོལ་དབྱངས་དང་བྲོ་གར། གཞས་ཚིག་སོགས་སྙན་འཇེབས་ཆེ་ཞིང་བག་ཆགས་པོ་དང་། དལ་ལྷོད་ལྷུག་གསུམ་ལྡན་ལ། ལྷད་མེད་རང་གཤིས་མངོན་པ་བཅས་ཡིན་ཞིང་། མི་རྣམས་ཀྱི་གཞུང་དྲང་བག་ཆགས་ཀྱི་སེམས་ཁམས་མཚོན་ཡོད་པ་དང་། རྒན་དར་གཞོན་གསུམ་གྱིས་ཤེས་སླ་བ། དམངས་ཁྲོད་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་བཅས་ཡིན་ནོ།།
རོལ་དབྱངས་ཀྱི་ཁྱད་ཆོས་ཐད་ལ། གཞས་ཀྱི་རོལ་དབྱངས་སྙན་ཞིང་བརྩེ་དུང་གིས་ཕྱུག་པ་དང་། མཚམས་ཚིགས་གསལ་བ་ཡིན་ལ། སྒྲ་སྙན་གྱིས་རམ་བཀྲོལ་མཉེན་མོ་དང་བསྟུན་ནས་ས་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ལྡན་པས། བོད་རིགས་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད། གཞས་ཀྱི་རོལ་དབྱངས་འཇམ་ཞིང་ཕྲ་བ་དང་། འགྱུར་ཁུགས་མཉེན་ཆ་ཡོད་ལ་འཕར་ཆག་ཆེན་པོ་མིན་པ་དང་། སྒྲ་སྐྱེད་མཐོ་དམན་གྱི་ཚད་མང་ཆེ་བ་ཏུའུ8ནང་ཚུད་དུ་ཡིན་ཞིང་། གྲུབ་ཚུལ་ཡང་ཚིག་གཉིས་སམ་ཚིག་གཉིས་ནས་གསུམ་དུ་འགྱུར་བ་མང་། སྒྲ་སྐྱེད་མཐོ་དམན་གྱི་ཚད་དེ་གླུ་ལེན་སླ་བ་དང་བསྟུན་ཞིང་། འགྱུར་ཁུགས་ཀྱི་གྲུབ་ཚུལ་སྟབས་བདེ་བ་དང་། དབྱངས་རྟ་ལ་ཞབས་བྲོའི་རང་བཞིན་ཡོད་པ་སྟེ། ཞབས་བྲོ་འཁྲབ་བདེ་ལ་གཞས་རྐྱང་ཡང་ལེན་ཆོག་པ་རེད། རྒྱུན་མཐོང་གི་འགྱུར་ཁུགས་ཀྱི་རིགས་ལ་རིམ་འཕེལ་དམུ་འཁྱུད་ཅན(དཔེར་ན་ཉི་མ་ཤར་ལེ་འོ་ལྟ་བུ།)དང་རླབས་ཕྲན་རིས་འགྲོས་མ།(རྒྱ་མཚོ་གླིང་གླིང་ལྟ་བུ།)རི་བོང་འཕག་མཆོང་མ(བཟང་མདོ་གླིང་ལ་ལྟ་བུ།)བཅས་གསུམ་དུ་བགོས་ཆོག སྒྲ་ཚད་ཐད་སྤྱིར་བཏང་ཏུའུ་གཉིས་ནས་ལྔ་བར་ཡིན་པ་རེད།
འབའ་གཞས་ཀྱི་དབྱངས་ཀྱི་མཚམས་ཚིགས་ནི་སྟབས་བདེ་ལ་རྙོག་དྲ་ཆེན་པོ་མེད་ཅིང་། དབྱངས་ཚིགས་ཀྱི་ཚད་རིགས་གཙོ་བོ་ནི2/4ཡིན་ཞིང་དེའི་སྡེབ་འགུལ་རང་བཞིན་ཆེ་བས་གླུ་ལེན་གར་འཁྲབ་བྱེད་དུས་དབྱངས་ཚིགས་གཏོང་འཛིན་ཡག་པོ་བྱེད་ཐུབ་པར་མ་ཟད། སྟངས་སྟབས་ཀྱི་འགྱུར་བ་ལེགས་སྒྲིག་བྱེད་སླ་བ་དང་སྤྱི་ཁོག་གཅིག་གྱུར་བྱེད་སླ་བ་རེད། སྒྲ་རྟགས་ཐད་བཞི་ཆ་དང་བརྒྱད་ཆ། བརྒྱད་ཆ་ཉེ་ཚེ་བ། བཞི་ཆ་ཉེ་ཚེ་བ། བཅུ་དྲུག་ཆ་སོགས་ཡོད་ལ་གཞས་སྣ་རེ་ལ་སྒྲ་རྟགས་ཚན་སྡེབ་གང་རུང་འབྱུང་སྲིད་པ་རེད། འབའ་གཞས་ཀྱི་དབྱངས་གདངས་ཀྱི་སྒྲིག་ཚུལ་ལམ་འགྱུར་ཚུལ་མང་ཆེ་བ་ནི་ཀྲུང་གོའི་མི་རིགས་ཀྱི་དབྱངས་གདངས་འགྱུར་ཚུལ་ལྔ་ཏེ(ཀུང་ཧྲང་ཅའོ་ཀྲི་ཡུས་)ལས་མ་འདས་ཤིང་། གདངས་འགྱུར་དེ་རིགས་ལ་ཁ་གསལ་ཞིང་འགྱུར་ཁུགས་འཇམ་མཉེན་ཆེ་བའི་ཁྱད་ཆོས་ཡོད། གདངས་འགྱུར་ལྔ་ལས་མང་ཆེ་བ་ཡུས་གདངས་འགྱུར་ཡིན་ཞིང་། དེ་ནས་ཀྲི་དང་ཧྲང་གདངས་འགྱུར་ཡིན་པ་རེད། དཔེར་ན་འབའ་གཞས《སྐྱིད་པོ་ལ》དང《ལྕང་མ་སྐྱིད་བྱུང་།》ལྟ་བུ། ཁ་ཤས་གདངས་འགྱུར་དྲུག་པ་ཡང་ཡོད་དེ་དཔེར་ན《བཟང་མདོ་གླིང་ལ》ལྟ་བུ། གཞས་གདངས་རེ་ལ་གཞས་ཚིག་གང་ལ་གང་འཚམ་བཅུག་ཆོག་ཅིང་། གཞས་གདངས་གཅིག་ལ་གཞས་ཚིག་སྟོད་སྨད་བར་གསུམ་བཅུག་རུང་ལ་བསྐྱར་བཟླས་བྱས་ཀྱང་རུང་ངོ་།།
འབའ་གཞས་ཀྱི་རོལ་དབྱངས་ལ་སྤྱིར་བཏང་རོལ་ཆ་དང་གླུ་ལེན་ཏེ་ཁག་གཉིས་སུ་ཕྱེ་ཆོག་ཅིང་། དེའི་ནང་དུ་རོལ་ཆ་བཀྲོལ་བའི་ཆ་ཡིས་གཞས་ཀྱི་སྔོན་འགྲོ་དང་བར་བཅུག མཇུག་བསྡུ་བ་བཅས་ཀྱི་ཚབ་བྱས་ཡོད། རོལ་དབྱངས་སྙན་འཇེབས་དང་བརྩེ་དུང་ཆེ་ལ་མཚམས་ཚིགས་ལ་ཞབས་བྲོའི་རང་བཞིན་ལྡན་པ་རེད། གཞས་འཁྲབ་དུས་ཐོག་མར་དལ་ཞིང་འཇམ་ལ། རིམ་བཞིན་འགྱུར་ཁུགས་ཀྱི་འཕེལ་འགྲོས་དང་བསྟུན་ནས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར་ཏེ་མཐར་སྤྲོ་ལྷང་ལྷང་ངང་ནས་མཇུག་རྫོགས་འགྲོ་བ་རེད། འབའ་གཞས་ཀྱི་རོལ་དབྱངས་གྲུབ་སྟངས་ཐད་ཚིགས་བཅད་གཅིག་མ་དང་གཉིས་མ། གཉིས་མ་ནས་འགྱུར་བའི་གསུམ་མ་སོགས་ཡོད་ཅིང་། དེའི་ནང་དུ་ཚིགས་བཅད་གཉིས་མའི་གཞས་ནི་རྒྱུན་མཐོང་ཡིན་ནོ།།
ལྔ། འབའ་གཞས་ཀྱི་རམ་བཀྲོལ་རོལ་མོ་སྟེ་སྒྲ་སྙན།
(གཅིག)སྒྲ་སྙན་ནམ་པི་ཝང་གི་གོ་དོན།
སྒྲ་སྙན་ཞེས་པ་ནི་རྒྱུད་དང་ལྤགས་པ་སོགས་ཀྱི་བྱེད་ནུས་ལ་བརྟེན་ནས་རྣ་བར་སྙན་ཞིང་འཇེབས་པའི་སྒྲ་གདངས་ཐོན་པའི་རོལ་ཆས་ལ་ཟེར། སྒྲ་སྙན་ལ་རྭ་གོག་སྒྲ་སྙན་དང་། ཧོང་ཆན། པི་ཝང་། པི་ཝང་རྒྱུད་གསུམ་མ། བོད་ཀྱི་པི་ཝང་སོགས་མིང་མང་པོ་འབོད་སྲོལ་ཡོད།
པི་ཝང་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་ལ་བྱུང་བའི་གཞུ་འཐེན་རྒྱུད་དཀྲོལ་རོལ་ཆ་ཞིག་ཡིན་པའི་ཆ་ནས་དེར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད། བོད་ཀྱི་སྒྲ་སྙན་ཐོག་མ་ནི་འབྲོང་རྭ་ལས་བཟོས་པར་གྲགས་ཤིང་ཕྱིས་སུ་རྒྱུ་ཆ་དཀོན་པ་དང་གླུ་བྲོ་འཁྲབ་སྟོན་གྱི་དགོས་མཁོ། དེ་བཞིན་བཟོ་སླ་མིན་སོགས་ལ་གཞིགས་ནས་ཤིང་ལས་བཟོས་པ་མང་བ་རེད། འབའ་གཞས་འཁྲབ་པའི་སྐབས་སུ་མེད་དུ་མི་རུང་བ་ནི་རམ་བཀྲོལ་རོལ་མོ་ཏེ་སྒྲ་སྙན་ཡིན་ཞིང་། དམངས་ཁྲོད་དུ་སྒྲ་སྙན་བརྒྱུད་འཛིན་བྱེད་པར་རྒྱུད་རྟགས་དང་བཀྲོལ་བའི་ལག་རྩལ་སོགས་ཡིག་ཐོག་ལ་ཕབ་ཡོད་པ་ཤིན་ཏུ་དཀོན་ཞིང་། རས་རྒན་ཚོས་འཁྲབ་གཏོང་ཡུན་རིང་ཁྲོད་དུ་འཚོལ་ཞིབ་གནང་བར་བརྒྱུད་ནས་ཉམས་མྱོང་བསགས་པ་རྣམས་གཅིག་ནས་གཅིག་བརྒྱུད་དེ་བརྒྱུད་འཛིན་དར་སྤེལ་བྱུང་བ་རེད། བོད་ཀྱི་སྒྲ་སྙན་ལ་སྒྲ་གདངས་དམའ་ཞིང་འཐིབས་པ་དང་སྦོམ་ཞིང་རྔམ་མཐུག་པ། འདར་སྒྲ་ཆེ་བ་དང་སྐྱོ་ཉམས་ཐོན་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་རེད། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྣམས་ཀྱིས་བཤད་སྲོལ་ལྟར་ན་འབའ་གཞས་ཀྱི་དུས་རིམ་ཐོག་མའི་སྐབས་སུ་རམ་བཀྲོལ་རོལ་ཆ་མེད་པ་དང་སྒྱུ་རྩལ་གྱི་རྣམ་པ་ནི་གླུ་ལེན་ཞོར་ཞབས་བྲོ་འཁྲབ་ཞོར་བྱ་རྒྱུ་དེ་ཡིན་ཞིང་། རྗེས་སུ་དཔལ་འབྱོར་ཉོ་ཚོང་མང་ཞིང་མི་རིགས་ཁག་གི་རོལ་དབྱངས་རིག་གནས་སྤེལ་རེས་ཕྱིན་པ་དང་བསྟུན་ནས་རམ་བཀྲོལ་རོལ་ཆ་སྒྲ་སྙན་དེ་ཡང་འབའ་གཞས་ཀྱི་ནང་དུ་ཞུགས་ཤིང་། སྒྲ་སྙན་གྱི་འགྱུར་ཁུགས་དང་གླུ་ལེན་གར་འཁྲབ་གཅིག་ཏུ་འདྲེས་པའི་འབའ་གཞས་ཀྱི་སྒྱུ་རྩལ་རྣམ་པ་གྲུབ་ཡོད། འབའ་གཞས་འཁྲབ་པའི་སྐབས་སུ་སྒྲ་སྙན་གྱིས་གཞས་མགོ་ཁྲིད་པ་དང་རམ་བཀྲོལ་བྱེད་པ། གཞས་བར་གྱི་མཚམས་བྱེད་པ་བཅས་ཀྱི་ནུས་པ་ཐོན་གྱི་ཡོད་པ་རེད།
(གཉིས།)སྒྲ་སྙན་ནམ་པི་ཝང་བཟོ་བའི་རྒྱུ་ཆ།
འབའ་ཐང་གི་སྒྲ་སྙན་བཟོས་པའི་རྒྱུ་ཆའི་ཐད་འབའ་གཞས《སྒྲ་སྙན་ཆོས་གྲགས་རྒྱ་མཚོ》ཞེས་པ་ཡོད་ལ། དེ་ནི་ཆེད་དུ་སྒྲ་སྙན་གྱི་བཤད་པའི་གཞས་ཤིག་ཡིན་ལ། དེའི་གཞས་ཚིག་ནི་འདི་ལྟར་ཏེ། སྒྲ་སྙན་ཆོས་གྲགས་རྒྱ་མཚོ།། མི་དགོས་དགུ་དགོས་ཡིན་གྲགས།། ཕོ་ཤིང་སྟག་མ་དགོས་གྲགས།། མོ་ཤིང་གླང་མ་དགོས་གྲགས།། གསེར་གྱི་སྒ་ཞིག་དགོས་གྲགས།། དངུལ་གྱི་གཅུ་ཕུར་དགོས་གྲགས།། རེའུ་ལྤགས་པ་དགོས་གྲགས།། ཟིང་རྟའི་རྔ་མ་དགོས་གྲགས།། སྙན་པའི་གཞས་ཤིག་གཏོང་རེས།། སྣང་བ་ཕུགས་ནས་སྤྲོ་བྱུང་།། ཞེས་པ་བཞིན་སྒྲ་སྙན་བཟོ་བའི་རྒྱུ་ཆ་གང་དང་གང་དགོས་པ་གསལ་པོར་བཤད་ཡོད་ཅིང་། གསེར་གྱི་སྒ་དང་དངུལ་གྱི་གཅུ་ཕུར་ནི་གནའ་དུས་བེད་སྤྱོད་བྱེད་མྱོང་མེད་མི་ཤེས་ཀྱང་དེང་དུས་ཤིང་སྲ་མོའི་རིགས་ལས་གཞན་མཐོང་རྒྱུ་མེད་པ་ལྟར་ཆགས་ཡོད། སྒྲ་སྙན་གྱི་སྒ་ནི་རུས་པའམ་ཐང་ཤིང་ལས་གྲུབ་པ་མང་། དམངས་ཁྲོད་དུ་འབའ་ཐང་གི་སྒྲ་སྙན་དང་པོ་དེ་འབྲོང་རྭས་མོ་ཤིང་དང་སྟག་མས་ཕོ་ཤིང་བྱས་པར་གྲགས། སྒྲ་སྙན་གྱི་ཕོ་ཤིང་ནི་ཤིང་སྲ་མོ་རིགས་ཏེ་སྟག་མ་དང་སྟར་ཤིང་། གཡེར་ཤིང་། གསོམ་ཤིང་སོགས་ཀྱིས་བཟོ་ཆོག་ལ། མོ་ཤིང་ནི་ཤིང་སྙི་མོའི་རིགས་ཏེ་གླང་མ་དང་ལྕང་མ་སོགས་ཀྱིས་བཟོ་ཆོག སྒྲ་སྙན་གྱི་གཞུ་ཤིང་ནི་སྦ་སྨྱུག་གི་རིགས་ལས་བཟོ་ཆོག་ཅིང་། ཕོ་རྒྱུད་རྟ་ཕོའི་རྔ་མ་དགོས་ལ་གྲངས་ཀ་མང་ཞིང་ཅུང་ཟད་སྦོམ་པ་དང་མོ་རྒྱུད་རྒོད་མའི་རྔ་མ་དགོས་ལ་གྲངས་ཀ་ཉུང་ཞིང་ཅུང་ཟད་ཕྲ་བ་རེད། ད་རུང་ཕོ་རྒྱུད་དང་མོ་རྒྱུད། གཞུ་རྒྱུད་བཅས་ཕན་ཚུན་བརྡར་ནས་སྒྲ་འབྱུང་བའི་གཞི་རྫས་ཏེ་ཐང་ཆུའམ་ཐང་སྣུམ་དགོས་པ་དང་། སྒྲ་སྙན་གྱི་རྒྱུད་སྐུད་ལ་ཐང་སྣུམ་མ་བསྐུས་ན་སྒྲ་སྙན་ལྐུགས་པར་གྱུར་ཏེ་སྒྲ་ཐོན་རྒྱུ་མེད་པ་རེད། དེ་ནས་ཕོ་རྒྱུད་དང་མོ་རྒྱུད་སྡོམ་བྱེད་ཀྱི་འཆིང་སྐུད་དམ་སྒྲ་ཐག་ཀྱང་མེད་དུ་མི་རུང་། རྒྱུ་ཆ་བཙལ་དཀའ་བས་མོ་རྒྱུད་དུ་གཡོགས་པའི་ལྤགས་པ་ཡང་ར་ལྤགས་དང་ཕག་ཀོ་དང། སྦྲུལ་ལྤགས་སོགས་ཀྱིས་བཟོས་པ་མང་ཞིང་རྒྱུད་སྐུད་ཀྱང་ཉ་འཛིན་བྱེད་ཀྱི་འགྱིག་སྐུད་ཕྲ་མོས་བྱས་པ་མང་ངོ་།།
(གསུམ།)སྒྲ་སྙན་ནམ་པི་ཝང་བཟོ་བའི་གོ་རིམ།
སྒྲ་སྙན་བཟོ་པའི་གོ་རིམ་ལ་ཧ་ལམ་བརྒྱད་ཡོད་དེ། ཕོ་ཤིང་བཟོ་བ་དང་། མོ་ཤིང་བཟོ་བ། གཅུ་ཕུར་བཟོ་བ། སྒ་བཟོ་བ། ཕོ་ཤིང་ལ་གཅུ་ཕུར་སྤྲད་པ། མོ་ཤིང་ལ་ལྤགས་པ་གཡོགས་པ། ཕོ་ཤིང་དང་མོ་ཤིང་སྦྱོར་བ། སྒྲ་སྙན་ཆ་ཚང་སྒྲིག་སྦྱོར་བྱས་པ་བཅས་སོ།། དེ་རྣམས་ཅུང་ཞིབ་ཕྲ་བཤད་ན་འདི་ལྟར་ཏེ། ཕོ་ཤིང་ནི་ཕོ་རྒྱུད་མོ་རྒྱུད་འདེགས་བྱེད་དང་མཛུབ་མོའི་གནོན་རྟེན་གལ་ཆེན་ཡིན་ཞིང་། རིང་ཐུང་ཧ་ལམ་ལི་སྨི60ནས80བར་དང་། ཁ་ཞེང་ཧ་ལམ་ཚུན་ནམ་ཞོ0.55ཡས་མས་ཡིན། རྩེ་མོ་ནི་སྒྲ་སྙན་གྱི་ཏོག་ཡིན་ལ་བཀྲ་ཤིས་པ་མཚོན་བྱེད་དུ་འབྲུག་མགོ་དང་མཆོད་རྟེན་གྱི་གཟུགས་སུ་བྱས་པ་མང་། ཕོ་ཤིང་གི་ཡར་སྟོད་ལ་གཅུ་མིག་གཉིས་ཕུག་ནས་གཅུ་ཕུར་གཉིས་སྤྲད་དགོས་པ་དང་། མར་སྨད་ཀྱི་རྩེ་མོ་དེ་མོ་ཤིང་གི་ནང་དུ་གཟུད་དགོས། སྒྲ་སྙན་གྱི་སྐད་དག་དང་མི་དག་ནི་ཕོ་ཤིང་དང་འབྲེལ་བ་ཆེན་པོ་ཡོད་ཅིང་སྟག་མ་ཤིང་ཡོད་ན་ཡས་ཤོས་སུ་བརྩིས་པ་རེད། མོ་ཤིང་ནི་སྒྲ་སྙན་གྱི་མཉམ་གྲགས་སྐད་སྦུག་ཡིན་ཞིང་ཁ་ཞེང་ལི་སྨི8ནས10བར་ཡིན་ཆོག་ལ་རིང་ཚད་ལི་སྨི15ནས20བར་ཡིན་ཆོག ནང་ཁོག་སྟོང་པའི་མདོང་དབྱིབས་སུ་གྲུབ་ཅིང་། ཁ་ཤས་ཀྱིས་ཕོ་ཤིང་བཙུད་སའི་ཕྱོགས་ཁ་ཞེང་ཅུང་ཆེ་བ་བྱེད་སྲོལ་ཡང་འདུག གཅུ་ཕུར་ནི་ཕོ་ཤིང་ངམ་རྒྱུད་སྐུད་དང་ཐད་འཕྱང་ཡིན་པའི་ཟླུམ་སྙུང་གཟུགས་འདྲ་བ་གཉིས་ལ་ཟེར་བ་དང་ཤིང་ལས་གྲུབ་ཅིང་མདུན་སྣེ་ཕྲ་ལ་རྒྱུད་སྐུད་འདྲེན་བྱེད་ཀྱི་བཅད་ཁ་བཟོ་དགོས། སྒྲ་སྙན་གྱི་སྒྲ་དྲག་ཞན་གྲིམ་ལྷོད་ནི་གཅུ་ཕུར་གྱིས་སྙོམ་སྒྲིག་བྱ་དགོས་པ་རེད། གོང་ལ་ཡོད་པའི་གཅུ་ཕུར་ལ་ནང་རྒྱུད་གཅུ་ཕུར་ཏེ་ནང་གཅུ་ཟེར་ཞིང་ཕོ་རྒྱུད་བསྡམ་དགོས། འོག་ལ་ཡོད་པའི་གཅུ་ཕུར་ལ་ཕྱི་རྒྱུད་གཅུ་ཕུར་ཏེ་ཕྱི་གཅུ་ཟེར་ཞིང་མོ་རྒྱུད་བསྡམ་དགོས། ཕྱི་གཅུ་དང་ནང་གཅུ་གཉིས་ཀྱི་བར་ཚུན་ནམ་ཞོ0.26ཙམ་བཞག་ཆོག ཕོ་ཤིང་གི་གོང་དུ་ཕོ་རྒྱུད་མོ་རྒྱུད་སྡོམ་བྱེད་ཀྱི་ཐག་སྐུད་ལ་འཆིང་སྐུད་དམ་སྒྲ་ཐག་ཟེར་ཞིང་། སྟོང་སྐུད་དང་རས་སྐུད། ཀོ་སྐུད་སོགས་ཀྱིས་རྒྱུད་སྐུད་ཐད་ཀར་ཕོ་ཤིང་དུ་བསྡམ་དགོས་ཤིང་། འཆིང་སྐུད་ཀྱི་རིང་ཐུང་ནི་སྒྲ་སྙན་འཁྲོལ་མཁན་གྱི་མཛུབ་མོའི་རིང་ཐུང་དང་ཕོ་ཤིང་གི་སྦོམ་ཕྲ་ལ་གཞིགས་ནས་བསྡམ་ཆོག་ལ་རིང་དྲགས་པ་དང་ཐུང་དྲགས་ན་མི་རུང་བ་རེད། སྤྱིར་བཏང་བཤད་ན་རྒྱུད་སྐུད་དང་ཕོ་ཤིང་བར་གྱི་ཞེང་ཚད་ནི་ཚུན་ནམ་ཞོ0.7ཡས་མས་སུ་བཞག་ན་འོས་འཚམ་ཡིན་པ་རེད། འཆིང་སྐུད་ཕོ་ཤིང་ལ་སྡོམ་པའི་གནས་ཡུལ་གཏན་འཁེལ་ཡིན་དགོས་པ་ལས་རྒྱུན་དུ་ཡར་དེད་མར་དེད་བྱེད་མི་ཉན། ཕོ་རྒྱུད་དང་མོ་རྒྱུད་ཐུག་པའམ་གཅུ་རུ་འཇུག་མི་རུང་། སྒྲ་སྙན་གྱི་སྒ་ཆུང་ཡང་མོ་ཤིང་དུ་གཡོགས་པའི་པགས་པ་དང་རྒྱུད་སྐུད་བར་གྱི་འབྲེལ་ཟམ་ལྟ་བུ་ཡིན་ཞིང་དེའི་ནུས་པ་ནི་རྒྱུད་སྐུད་ཀྱི་བརྡར་ཤུགས་པགས་པར་འདྲེན་ནས་སྒྲ་འབྱིན་ཐུབ་པ་དེ་རེད། སྒ་ཡི་རྒྱུ་ཆ་དང་གཟུགས་དབྱིབས། པགས་པའི་ཐོག་གི་བཞག་གནས་བཅས་མི་འདྲ་བའི་དབང་གིས་སྒྲ་སྙན་གྱི་སྒྲའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད། སྤྱིར་སྒྲ་སྙན་གྱི་སྒའི་རིང་ཚད་ནི་ཚུན་ནམ་ཞོ0.4དང་མཐོ་ཚད་ཚུན་ནམ་ཞོ0.25བྱས་ན་རན་ཞིང་འཚམ་ལ། རིང་དྲགས་པ་དང་ཐུང་དྲགས་པ། མཐོ་དྲགས་པ་དང་དམའ་དྲགས་པ་བཅས་ཡིན་མི་རུང་། གཅུ་ཕུར་དང་ཕོ་ཤིང་སྒྲིག་སྦྱོར་བྱེད་པའི་ཚེ་གཅུ་ཕུར་གྱི་སྙུང་ཚད་དང་ཕོ་ཤིང་ཐོག་གི་གཅུ་མིག་གཉིས་ཀྱི་སྙུང་ཚད་མཚུངས་དགོས་པ་དང་། དམ་ལྷོད་རན་པའི་སྒོ་ནས་འཕྲོད་སྦྱོར་ཡག་པོ་ཡོང་བ་བྱ་དགོས་པ་ལས། དམ་དྲགས་ན་གཅུ་དཀའ་ལ་ལྷོད་དྲགས་ན་རྒྱུད་སྐུད་ཞིག་པའམ་རྒྱུག་འགྲོ་བ་རེད། ཕོ་ཤིང་དང་མོ་ཤིང་སྤྲོད་ལུགས་ཡག་པོ་མ་རེད་ན་སྤྱོད་མི་བདེ་བར་མ་ཟད། འཛེར་སྒྲ་དང་སྒྲ་གདངས་མི་གཅིག་པའི་སྐྱོན་ཡོང་སྲིད་པས། གནད་འགག་ནི་ཕོ་ཤིང་དང་མོ་ཤིང་གི་དྲང་ཟུར་བཤན་པོ་ཡོང་མིན་ལ་རག་ལས་པ་རེད། མོ་ཤིང་ལ་པགས་པ་གཡོགས་པའི་ལས་ཀ་ནི་ཧ་ཅང་ཞིབ་ཚགས་ཅན་ཞིག་ཡིན་པས་ལག་རྩལ་མཁས་པོ་མེད་ན་ཡག་པོ་ཡོང་མི་ཐུབ། པགས་པའི་རྒྱུ་ཆ་གདམ་མཁས་པ་དང་ཤ་སྐྱི་གཙང་དག་བཟོ་མཁས་པ། པགས་པ་རྒྱོང་ཚད་དམ་ལྷོད་རན་པ་བཅས་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་རེད། དེ་ནས་མཇུག་གི་གོ་རིམ་ཏེ་སྒྲ་སྙན་ཧྲིལ་པོ་སྒྲིག་སྦྱོར་བྱ་རྒྱུ་དེ་ཡིན་ལ། གནད་འགག་ནི་ཕོ་རྒྱུད་དང་མོ་རྒྱུད། གཞུ་རྒྱུད་བཅས་སྦོམ་ཕྲ་རིང་ཐུང་འོས་འཚམ་ཡིན་མིན་དང་ཁོད་སྙོམས་པོ་ཡིན་མིན། དྲ་འགྲིག་མིན་བཅས་ལ་རག་ལས་པ་རེད། སྒྲ་སྙན་ལ་རྫིག་ཉམས་དང་མཛེས་ཉམས་མངོན་པའི་ཆེད་དུ་ཚོན་མདངས་རྒྱག་བསམ་ན་བཟོ་རིམ་ལ་བལྟས་ནས་སྔོན་ལ་ཚོན་རྒྱག་ཆོག་ལ་སྒྲ་སྙན་ལེགས་པར་གྲུབ་རྗེས་ཚོན་ཡང་རྒྱག་ཆོག་པ་དང་། ཡིན་གཅིག་མིན་གཉིས་ཚོན་རྒྱག་དགོས་པའི་དགོས་པ་ཡང་མེད་པ་རེད། གོང་གི་སྒྲ་སྙན་བཟོ་བའི་གོ་རིམ་དང་ཐིག་ཚད་བཅས་ནི་སྤྱི་ཁྱབ་ཙམ་ལ་དམིགས་ནས་བཤད་པ་ལས། དམངས་ཁྲོད་དུ་སྒྲ་སྙན་བཟོ་སྟངས་ཀྱི་གོ་རིམ་དང་། ཆེ་ཆུང་སོགས་འདྲ་མི་འདྲ་ཡོད་ལ་མཐའ་གཅིག་ཏུ་འདི་ལྟར་ཡིན་ཞེས་ཁ་ཚོན་གཅོད་དཀའ་འོ།།
འབའ་གཞས་འཁྲབ་དུས་སྒྲ་སྙན་འཁྲོལ་མཁན་མེད་ན་ཇ་ནང་ལ་ཚྭ་མེད་པ་དང་སྐད་ཆའི་ནང་དུ་གཏམ་དཔེ་མེད་པ་ལྟར་བྲོ་བ་གཏན་ནས་མེད། གཞས་ཀྱི་དབྱངས་འགྲོས་ནི་རས་རྒན་ཚོ་ལ་ལ་རག་ལས་ཤིང་ལྷག་པར་རས་དཔོན་གྱི་ལག་རྩལ་དང་འཁྲབ་རྩལ་གྱིས་གཞས་ར་བཟང་ངན་ལ་ཤུགས་རྐྱེན་ཐད་ཀར་ཐེབས་སྲིད་པ་རེད། རས་དཔོན་གྱིས་རས་རྒན་ཚོའི་སྣེ་ཁྲིད་དེ་སྔོན་ལ་འགྲོ་ཞིང་དེའི་རྗེས་ལོ་ན་རྒན་གཞོན་ལྟར་སྐྱེས་པ་དང་དེ་ནས་བུད་མེད་རིམ་པ་བཞིན་འོང་དགོས་ལ། གཞས་ཤིག་གི་འགོ་བརྩམས་པའི་ཚེ་ཐོག་མར་གཞས་གདངས་ལྟར་སྒྲ་སྙན་ཚར་གཅིག་བཀྲོལ་ནས་འཁྲབ་རྗེས། དེ་ནས་བཀྲོལ་ཐེངས་གཉིས་པའི་འགོ་བརྩམས་པ་དང་མི་ཚང་མས་མཉམ་ལེན་བྱ་དགོས། དེ་ལྟར་རེས་མོས་བྱ་དགོས་ལ། གཞས་འཁྲབ་སྟངས་ཐོག་མར་དལ་ཞིང་དེ་ནས་རིམ་པར་ཇེ་མགྱོགས་སུ་བཏང་ནས་མཐར་ཆེས་མགྱོགས་པའི་ཚད་ཅིག་ལ་བསླེབས་དུས་གཞས་མཚམས་ཡོངས་སུ་རྫོགས་པ་དང་། འཁྲབ་མཁན་དང་ལྟད་མོ་བ་ཚང་མས་གཞས་ཡག་ཅེས་ཟེར་ཞིང་ངལ་གསོ་ཅུང་ཟད་བརྒྱབ་རྗེས། དེ་ནས་ཡང་གཞས་གཞན་མ་ཞིག་གི་མགོ་བརྩམས་པ་རེད། ལོ་སར་སོགས་དུས་སྟོན་གལ་ཆེན་དང་བག་སྟོན། འདུ་འཛོམས་གལ་ཆེན་བཅས་ཀྱི་དུས་སུ་འབའ་གཞས་དང་སྐོར་བྲོ་འཁྲབ་དགོས་ལ། ཉིན་མཚན་སྦྲེལ་ནས་འཁྲབ་དུས་ཀྱང་ཡོད་པ་རེད། སྤྱིར་བཏང་གཞས་ར་ཞིག་གི་ནང་དུ་རས་རྒན་གཅིག་ནས་གཉིས་དང་བཞི་ནས་ལྔ། དེ་བས་མང་ན་བཅུ་ལྷག་ཀྱང་ཡོད་རུང་ཞིང་། རས་རྒན་མང་དྲགས་ན་སྒྲ་སྙན་གྱི་སྐད་ཆེན་པོར་འགྲོ་བར་ཕན་ཡང་སྒྲ་སྙན་འགྲིག་དཀའ་མོ་ཡོང་བ་རེད། སྒྲ་སྙན་གྱི་སྙན་ཆ་དང་གཞས་གདངས་གནད་ལ་འཁེལ་མིན་ནི་སྒྲ་སྙན་མཁན་པོའི་ལག་རྩལ་ལ་རག་ལས་ཤིང་། ལག་གཡས་པས་གཞས་གདངས་དང་བསྟུན་ནས་གཞུ་རྒྱུད་ཕོ་རྒྱུད་དམ་མོ་རྒྱུད་ལ་བརྡར་ལུགས་བྱ་དགོས་ཤིང་། ལག་གཡོན་པའི་མཛུབ་མོ་དང་། དཀྱིལ་མཛུབ། སྲིན་མཛུབ། མཛུབ་ཆུང་བཅས་བཞི་ཡིས་ཕོ་རྒྱུད་དང་མོ་རྒྱུད་དུ་གང་ལ་གང་འོས་མནན་ལུགས་བྱས་ཏེ་གཞས་འཁྲོལ་བ་དང་། སྙན་འཇེབས་ཀྱི་ཚད་ནི་ནམ་རྒྱུན་དཀྲོལ་སྦྱོང་ལ་བརྩོན་པ་ཡོད་མེད་དང་རོལ་དབྱངས་ལ་དགའ་ཞེན་ཡོད་མེད། ཆེད་གཉེར་གྱི་བསམ་པ་ཡོད་མེད། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་ཆུང་སོགས་དང་འབྲེལ་བ་ཆེན་པོ་ཡོད་པའོ།།
(བཞི།)སྒྲ་སྙན་ནམ་པི་ཝང་བཟོ་མཁན་གྱི་བརྒྱུད་འཛིན་པ།
འབའ་ཐང་གི་ཞིང་འབྲོག་ས་ཁུལ་གྱི་སྐྱེས་པ་རྒན་དར་གཞོན་གསུམ་ཕལ་ཆེར་གྱིས་སྒྲ་སྙན་བཀྲོལ་ནས་འབའ་གཞས་འཁྲབ་ཤེས་ཀྱི་ཡོད་ལ། སྒྲ་སྙན་བཟོ་ཤེས་མཁན་ཡང་མང་པོ་ཡོད་པ་རེད། ལུང་པ་སོ་སོའི་ཡུལ་སྲོལ་གཤིས་ལུགས་ལྟར་སྒྲ་སྙན་ཡང་ཆེ་ཆུང་སྣ་ཚོགས་དར་ཡོད། སྒྲ་སྙན་གྱི་རྒྱུ་ཆ་དང་བཟོ་རྩལ་གྱི་ཁྱད་པར་ལས་སྒྲ་སྙན་གྱི་སྒྲ་གདངས་ཀྱང་མི་འདྲ་བ་དུ་མ་ཞིག་ཡོད་པ་ནི་བཤད་མི་དགོས་པ་རེད། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོག་མའི་གྲས་སུ་ཚུད་པའི་འབའ་གཞས་ཀྱི་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་བཀྲ་ཤིས་ནི་འབའ་གཞས་འཁྲབ་ལེན་འཁྲོལ་གསུམ་ལ་མཁས་ཤིང་སྒྲ་སྙན་ཡང་བཟོ་མཁས་པའི་འབའ་ཐང་གི་དམངས་ཁྲོད་སྒྱུ་རྩལ་པ་ཞིག་ཡིན་ལ། ཁོང་ལོ་ན་ཆུང་དུས་ནས་སྒྲ་སྙན་བཟོ་བའི་ལག་རྩལ་སྦྱངས་ཏེ་ད་བར་ལོ་སུམ་ཅུ་ལྷག་སོང་ཡོད་པ་དང་། རིམ་རྩིས་བྱས་ན་སྒྲ་སྙན4000ལྷག་བཟོས་ཡོད་པ་རེད། འབའ་གཞས་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱེད་ཆེད་ཁོང་གིས་རང་ཉིད་ཀྱི་ཁྱིམ་དུ་སྒྲ་སྙན་བཟོ་ཁང་ཞིག་བཙུགས་ཡོད་པ་དང་། དུས་ཚོད་ཀྱི་ཁོམ་པ་དང་བསྟུན་ནས་འབའ་གཞས་དང་སྒྲ་སྙན་བཟོ་པའི་གསོ་སྦྱོང་འཛིན་གྲྭ་ཞིག་ཀྱང་བཙུགས་ནས་ད་སྔའི་བར་འབའ་གཞས་འཁྲབ་ལེན་འཁྲོལ་གསུམ་བྱེད་ཤེས་པ་དང་། སྒྲ་སྙན་ཡང་བཟོ་ཤེས་པའི་ལག་རྩལ་མི་སྣ50ལྷག་གསོ་སྐྱོང་བྱས་ཡོད་པ་རེད། བཀྲ་ཤིས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། མི་རྣམས་ཀྱི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད། བསམ་པའི་རིག་གནས་ཀྱི་དགོས་མཁོ་ཡང་ཉིན་རེ་བཞིན་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད། ད་ལྟའི་ལོ་གཞོན་ཚོའི་ནང་དུ་ཕར་བལྟས་ཚོད་ལ་བརྒྱ་ཆ20ཡས་མས་མ་གཏོགས་སྲོལ་རྒྱུན་རིག་གནས་ལ་དགའ་པོ་བྱེད་མཁན་མི་འདུག འབའ་གཞས་འཛིན་སྐྱོང་སྤེལ་གསུམ་གྱི་ད་ཡོད་གནས་ཚུལ་ལ་བལྟས་ན་དེ་ཙམ་ཡག་པོ་མི་འདུག མི་ཉུང་ཤས་ཤིག་གི་སྟོབས་ཤུགས་ལ་བརྟེན་དགོས་ན་ཕན་ས་མ་རེད། ངེས་པར་དུ་སྲིད་གཞུང་གིས་བྱ་སྤྱོད་སྤེལ་ཏེ་གཙོ་ཁྲིད་ཀྱི་ནུས་པ་འདོན་དགོས་ཀྱི་འདུག ཕྲུ་གུའི་དུས་ནས་དམ་འཛིན་ཡག་པོ་བྱ་དགོས་པ་དང་། སློབ་གྲྭ་ཁག་ནས་ཀྱང་དམ་འཛིན་ཡག་པོ་བྱ་དགོས་ས་རེད། ད་ཡོད་འབའ་གཞས་ཀྱི་སྒྱུ་རྩལ་པ་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་ཚང་མས་ཡང་བསྐྱར་འབའ་གཞས་ལ་དགའ་པོ་བྱེད་ཡས་ཀྱི་སྤྲོ་བ་ཀུན་ནས་བསླངས་ཏེ་འབའ་གཞས་རྒྱལ་ཡོངས་དང་འཛམ་བུ་གླིང་ལ་ཁྱབ་པར་བྱ་དགོས་ཞེས་བཤད་པ་རེད།
བཀྲ་ཤིས་དང་འདྲ་བའི་འབའ་གཞས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་སྐལ་བཟང་ནོར་བུ་དང་བློ་བཟང་ཟླ་བ། བློ་གྲོས་སོགས་དང་། དེ་བཞིན་བོད་ཀྱི་གླུ་པ་གླུ་མ་གྲགས་ཅན། རིག་གནས་སྒྱུ་རྩལ་ལས་ཁུངས། དམངས་ཁྲོད་ཀྱི་གཞས་པ་གཞས་མ། རས་དཔོན་རས་རྒན་བཅས་ཀྱིས་འབའ་གཞས་རྒྱུན་འཛིན་སྤེལ་གསུམ་ཡོང་ཆེད་སོ་སོའི་ནུས་པ་བཏོན་དང་འདོན་བཞིན་ཡོད།
དྲུག འབའ་གཞས་ཀྱི་གཞས་ཚིག
(གཅིག)འབའ་གཞས་གཞས་ཚིག་གི་དབྱེ་བ།
འབའ་གཞས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་སྟེ། ཁམས་བོད་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་རིག་གནས་དཔལ་འབྱོར། ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་ཁོར་ཡུག་དང་མི་རིགས་ཀྱི་འབྲེལ་བ་སོགས་མཚོན་པ། མཛེས་སྡུག་ཕ་ཡུལ་གྱི་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་འཚོ་བར་བསྔགས་བརྗོད་བྱས་པ། གངས་རི་དང་རྩྭ་ཐང་དང་ཞིང་ཁའི་མཛེས་ལྗོངས། རྒྱལ་ཁབ་དང་ཕ་མ་སྤུན་མཆེད་གྲོགས་པོ་སོགས་ལ་དགའ་ཞེན་དང་བསྟོད་པ། ཕོ་མོའི་ཕན་ཚུན་དྲི་མེད་རྣམ་དག་གི་དགའ་སེམས་མཛའ་བཤེས། དཀའ་སྡུག་ལོ་ཟླ་ལས་བྱུང་བའི་སྡུག་ཡུས་སོགས་གླུ་གཞས་ཀྱི་དབྱངས་རྟ་ལ་དྲངས་ཡོད། དར་ཁྱབ་ཆེ་བའི་གཞས་ཚིག་ཁོ་ན་ཁྲི་ལྷག་ཡོད། གཞས་ཚིག་དེ་དག་ཚིག་སྦྱོར་གསལ་ཞིང་དྭངས་པར་མ་ཟད། བོད་རིགས་སམ་རྒྱ་རིགས། འཇང་རིགས་སྤུན་ཟླ་ཕན་ཚུན་འབྲེལ་བ་མཚོན་པའི་གཞས་ཚིག་ཀྱང་སྟོང་ཕྲག་དུ་མ་ལ་ཟིན་ཡོད། དེ་དག་གི་ལུས་རྒྱན་འོས་ཤིང་འཚམ་ལ་ཚིག་སྦྱོར་གྱི་འགྲོས་གོ་བདེ་ཞིང་བློ་ངོར་འཇགས་སླ་བ་བཅས་ཡིན་ཞིང་མང་ཆེ་བ་ཚེག་བར་དྲུག་མའི་ཚིགས་བཅད་ཡིན།
རིམ་བྱུང་འབའ་གཞས་ཀྱི་གཞས་ཚིག་ལ་ཞིབ་འཇུག་བྱས་པར་བརྒྱུད་གཞས་ཚིག་ལ་རིགས་དབྱེ་ཚུལ་འགའ་ཡོད་དེ། དང་པོ་ལ་འབའ་གཞས་ཀྱི་གཞས་ཚིག་ལ་བསྟོད་གཞས་དང་། སྐྱོ་གཞས། མཛའ་གཞས། གཏན་འཇགས་གཞས་ཚིག་བཅས་རིགས་ཆེན་པོ་བཞིར་ཕྱེ་ཡོད། གཉིས་པ་ལ་འཁྲབ་ཡུལ་མི་འདྲ་བར་གཞིགས་ནས་མཆོད་བྲོ་དང་། འཛོམས་བྲོ། ཡུལ་སྲོལ་གོམས་གཤིས། བག་མ་བག་སྐྱེལ། མཛའ་གཞས། སྐྱོ་གཞས། སྨོན་ལམ་བཅས་རིགས་ཆེན་པོ་བདུན་ཕྱེ་ཡོད། རིགས་གསུམ་པ་ལ་འབའ་བ་ཕན་སྟོབས་དང་བློ་བཟང་རྣམ་གཉིས་ཀྱིས་འཚོལ་སྒྲིག་བྱས་པའི་ཚིག་ཚིག་སྟོང་ལྷག་དེ་བསྟོད་གཞས་དང་མཛའ་གཞས། སྣང་སྐྱིད། ཆང་གཞས། སྐྱོ་གཞས། དོགས་སྒང་། རེ་ཐག་ཆད་པ། ཞེ་ཆགས། གཏམ་བསྒོ། སེམས་གསོ། རེ་སྨོན། གཞས་ཤགས། འགྱུར་མེད། མགུར་གཞས། དྲིན་གཟོ། ལས་འབྲེལ་བཅས་ཀྱི་དབྱེ་བ་ཕྱེས་ཡོད།
གོང་གི་གཞས་ཚིག་གི་དབྱེ་བ་རྣམས་གཞས་ཚིག་གི་ནང་དོན་དང་འཁྲབ་སྟོན་བྱེད་ཡུལ། འཁྲབ་ཞུགས་མི་སྣ། དེ་བཞིན་གཞས་ཚིག་དེ་ཉིད་ཀྱི་ཁྱད་ཆོས་མི་འདྲ་བ་བཅས་ལ་གཞིགས་ནས། ཅུང་རང་དབང་ཡོད་པའི་གཞས་ཚིག་དང་ཅུང་གཏན་འཇགས་ཡིན་པའི་གཞས་ཚིག་སྟེ་རིགས་ཆེན་པོ་གཉིས་སུ་འདུས་ཡོད། ཅུང་རང་དབང་ཡོད་པའི་གཞས་ཚིག་ནི་གཞས་འཁྲབ་མཁན་གྱི་མང་ཉུང་དང་འཁྲབ་སྟོན་བྱེད་ཡུལ་དང་བསྟུན་ནས་གླུ་ལེན་དུས་སྟབས་བསྟུན་རང་བཞིན་ཆེ་ལ་གཞས་གདངས་ལ་གཞིགས་ནས་གཞས་ཚིག་བཅུག་ཆོག་པ་དང་། གཞས་གདངས་གཅིག་ལ་གཞས་ཚིག་མང་པོ་ཡང་བཅུག་ཆོག་པ་རེད། ཅུང་གཏན་འཇགས་ཡིན་པའི་གཞས་ཚིག་ནི་མི་རབས་དུ་མས་བརྒྱུད་འཛིན་བྱས་ནས་ཤུལ་དུ་ལུས་པ་ཞིག་ཡིན་པས་གཞས་ཚིག་ལ་འགྱུར་བ་མེད་ཅིང་། གཞས་གདངས་དང་གཞས་ཚིག དེ་བཞིན་ཞབས་བྲོའི་སྟངས་སྟབས་བཅས་ཚང་མ་གཏན་འཇགས་ཡིན་ནོ།།
ཅུང་རང་དབང་ཡོད་པའི་གཞས་ཚིག་ཏུ་བསྟོད་བསྔགས་དང་བརྩེ་དུང་ཤས་ཆེར་འདྲེས་ཤིང་བརྗོད་གཞི་སྣ་མང་ཕུན་སུམ་ཚོགས་པ་སྟེ། རང་གི་ཕ་ཡུལ་གྱི་ཡུལ་ལྗོངས་དང་ཐོན་ཁུངས། བླ་མ་དང་དྲིན་ཆེན་ཕ་མ། ངལ་རྩོལ་མི་དམངས་ཀྱི་བློ་མཛངས་ཤིང་ཐབས་ལ་མཁས་པ། ཞུམ་མེད་ཀྱི་སྙིང་སྟོབས་བཅས་ལ་བསྟོད་བསྔགས་བྱེད་པ་སྟེ། དཔེར་ན། འབའ་བ་སྐྱིད་པོའི་ཐོག་ལ།། དབྱར་གཅིག་སྟོན་ཐོག་ཉིས་བརྩེགས།། དགོན་པ་ཆོས་ས་དར་ནས།། ཤུག་པས་གཡས་སྐོར་བཏང་ཡོད།། ཅེས་པ་ཕ་ཡུལ་ལ་བསྟོད་པའི་གཞས་ཚིག་ལྟ་བུ་དང་། གངས་དཀར་ཤེལ་གྱི་རི་ལ།། དགེ་བསྙེན་བླ་མ་རྡོ་རྗེ།། ཡུལ་གྱི་དཔའ་བོ་དཔའ་མོ།། གངས་ཀྱི་དཀྱིལ་ནས་འཁྲུངས་ཡོད།། ཅེས་པ་ཡུལ་ལྷ་ལ་བསྟོད་པ་ཕུལ་བ་ལྟ་བུ། བྱམས་པོའི་ཕ་མའི་ཁ་ཏ།། དྲིན་ཆེན་སློབ་དཔོན་བསླབ་བྱ།། ཚེ་རོགས་བཟང་པོའི་སྙིང་གཏམ།། དེ་གསུམ་བསླུ་བ་མེད་པ།། ཅེས་པ་ཕ་མ་དང་སློབ་དཔོན། བཟའ་ཟླ་བཟང་པོ་བཅས་ལ་བསྟོད་པ་ཕུལ་བ་ལྟ་བུ། དུས་བདེ་མཐུན་འབྲེལ་ཆེ་བས།། གནས་བདེ་ལས་སྐྱིད་ཡིན་པ།། འཚོ་བ་ཡར་རྒྱས་དབང་གིས།། སྤྲོ་སེམས་མེ་ཏོག་ཤར་བྱུང་།། ཞེས་པ་འཚོ་བ་གསར་པར་བསྟོད་པ་ཕུལ་བ་ལྟ་བུའོ།།
ཡང་བརྩེ་བ་མཚོན་པའི་སྐོར་ལ། སྐད་ཅིག་གློག་དང་འདྲ་བའི།། སྤྱན་གྱིས་མདའ་མོ་འཕེན་བྱུང་།། གངས་དཀར་སེམས་ལ་ཐེབས་ནས།། རང་དབང་འདུག་ཐབས་མ་བྱུང་།། ཞེས་པ་ཕོ་མོའི་བར་གྱི་བརྩེ་འདང་མཚོན་པའི་མཛའ་གཞས་ཀྱི་གཞས་ཚིག་ལྟ་བུ་དང་། སེམས་པ་མི་སྐྱོ་དགུ་སྐྱོ།། ད་ལོའི་ལོ་ལ་སྐྱོ་སོང་།། རང་སེམས་སྐྱོ་བས་མ་ཚད།། ནམ་མཁའི་བྱ་ཡང་སྐྱོ་སོང་།། ཞེས་པ་སྐྱོ་གཞས་ཀྱི་གཞས་ཚིག་ལྟ་བུ་ཧ་ཅང་མང་ངོ་།།
ཅུང་གཏན་འཇགས་ཡིན་པའི་གཞས་ཚིག་གི་རིགས་ནི་ལོ་རབས་མང་པོ་གཅིག་ནས་གཅིག་བརྒྱུད་དེ་ཡོང་བས་བློར་ངེས་སླ་བ་དང་ཚེག་བར་གྱི་གྲངས་ཀ་གཏན་འཁེལ་ཡིན་པ་རེད། དཔེར་ན། ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་གཞས་ཚིག་རྙིང་པ་སྟེ།
དང་པོ་ནང་ལ་ལོ་སར་ཚེས།།
འབའ་བ་ཚང་མས་གཟབ་སྤྲོས་སྤྲས།།
སྐེད་གླིང་ཧུའུ་ཆིང་ལྡིར་སྒྲ་གྲག།
བཅོ་ལྔའི་མཆོད་པ་མི་ཡིས་གང་།།
གཉིས་པ་ནང་ལ་ལྗང་ཆུང་སྔོ།།
ཁམ་བུ་མེ་ཏོག་ཁྲ་སིང་སིང་།།
དང་ཆུ་མགྱོགས་པ་ཐོང་གིས་དང་།།
ལྕང་མ་ཚ་ཆུ་མཉམ་པོར་འགྲོ།།
གསུམ་པ་ནང་ལ་ཨུ་དུམ་ཤར།།
ཡུར་མ་ཡུར་བཞིན་ཚོད་མ་འཐུ།།
དཔྱིད་ཉི་རིང་དོ་མ་བསམས་དང་།།
ལས་ཀ་ལས་དུས་ལས་སྐྱིད་རེད།།
བཞི་པ་འབུམ་འབྱུང་ཟླ་བ་རེད།།
རྒྱ་སྤང་སྟེང་ལ་ཁུ་བྱུག་གྲག།
སྔ་དྲོར་ཞིང་ལས་མགྱོགས་ཙམ་གྱིས།།
ཕྱི་དྲོར་དགོན་སྐོར་སྐོར་སྐྱིད་རེད།།
ལྔ་པ་ནང་ལ་དབྱར་ཟླ་བསུ།།
རྒྱ་མགར་ར་བས་སྐར་འཛིན་བྱེད།།
སྐྱ་ཆད་སྔོ་དུབ་མ་བསམས་དང་།།
དཀར་པོ་གྱེན་འདེད་སོ་བ་བྱུང་།།
དྲུག་པ་ནང་ལ་འབའ་སོ་ལས།།
ནམ་ཕྱེད་བྱ་དང་ཕྱོགས་ལངས་བྱེད།།
དཀའ་ལས་རྔུལ་ཆུར་མ་འཛེམ་དང་།།
རྒྱ་སྒམ་འབྲུ་ཡིས་ཏག་ཏག་གང་།།
བདུན་པར་བྲ་དཀར་མེ་ཏོག་ཤར།།
རང་ཚོ་མཉམ་པོ་གནས་མཇལ་འགྲོ།།
ཡུལ་ལྷ་གཞི་བདག་སྐྱབས་སུ་མཆི།།
སད་དང་སེར་བ་མ་འོང་དགོས།།
བརྒྱད་པ་ནང་ལ་དབྱར་ཟླ་སྐྱེལ།།
ན་ཆུང་སྟེང་ལ་གུར་གྱིས་གང་།།
བདེ་སྐྱིད་མཆོད་རྟེན་བརྒྱབ་ཚུན་ཆད།།
བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར།།
དགུ་པ་ནང་ལ་སྔོ་སྐམ་འཐུ།།
དགུན་ཁའི་གཟན་ཆས་གྲ་སྒྲིག་བྱེད།།
ཁལ་དཀར་ཁལ་ནག་ཡོད་མེད་གཉིས།།
རྩྭ་དང་སྔོ་སྐམ་གང་ཐོབ་གྱིས།།
བཅུ་པ་ནང་ལ་ལྔ་མཆོད་རན།།
ཙོང་ཁ་པ་ལ་སྐྱབས་སུ་མཆི།།
ཨ་ཕོ་རང་གིས་འཇོན་གྱུར་ན།།
དགའ་ལྡན་ཁྲི་ལ་བདག་པོ་མེད།།
བཅུ་གཅིག་པ་ལ་ས་རྡོ་འགས།།
འབའ་ཆུ་དགོན་ཆུར་དར་དཀར་ཆགས།།
དགུན་ཟླ་གྲང་དོ་མ་བསམས་དང་།།
གཟིམ་ཆུང་ཉི་མ་འདེ་སྐྱིད་རེད།།
བཅུ་གཉིས་པ་ལ་སོ་ནམ་རན།།
ལུད་སྐྱ་ཆུ་དྲངས་རིབ་མ་བརྒྱབ།།
རྨོས་དཀར་རྨོས་ནག་མགྱོགས་གྱིས་དང་།།
དགུ་གཏོར་ལྟད་མོ་ལྟ་སྐྱིད་རེད།། ལྟ་བུའོ།།
(གཉིས།)འབའ་གཞས་ཀྱི་གཞས་ཚིག་གི་ལུས།
སྡེབ་སྦྱོར་ནི་མཛེས་པ་མཚོན་བྱེད་ཡིན་ལ་ང་ཚོའི་ནམ་རྒྱུན་གྱི་བྱ་སྤྱོད་ཁྲོད་དུ་མི་ཁྱབ་ས་ཧ་ལམ་མེད་པ་ལྟ་བུ་གྱུར་ཡོད། སྡེབ་སྦྱོར་མི་འདྲ་བར་བརྟེན་ནས་སྙན་ངག་གི་ལུས་ཀྱང་དུ་མར་གྱུར། བོད་ཀྱི་དམངས་གླུའི་ནང་གི་ཚིགས་བཅད་སྙན་ངག་ནི་དེའི་རོལ་དབྱངས་ཀྱི་མཚམས་ཚིགས་དང་འགྱུར་ཁུགས་སོགས་ཀྱི་གྲུབ་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དེ་སྔོན་མཁས་པ་ཚོས་དམངས་གླུ་དར་བའི་ས་ཆ་དང་གླུ་ཚིག་གི་ནང་དོན། གྲུབ་ཚུལ་དང་དབྱངས་རྟ་བཅས་མི་འདྲ་བར་གཞིགས་ནས་བོད་ཀྱི་དམངས་གླུ་ལ་རིགས་གསུམ་ཏེ། ལ་གླུའི་རྣམ་པའི་དམངས་གླུ་དང་གཞས་ཀྱི་རྣམ་པའི་དམངས་གླུ། རང་དབང་ཅན་གྱི་དམངས་གླུ་བཅས་གསུམ་དུ་ཕྱེས་ཡོད། ལ་གླུ་རྣམ་པའི་དམངས་གླུ་ནི་དུམ་མཚམས་མང་པོ་ལས་གྲུབ་ཅིང་མང་ཆེ་བ་གསུམ་ཅན་ཡིན་ལ། གཉིས་ཅན་དང་བཞི་ཅན་ཡང་ཡོད། དུམ་མཚམས་སོ་སོའི་ཚིག་རྐང་ཆ་མཚུངས་ཤིང་གཉིས་ནས་བཅུའི་བར་ཡོད་ཅིང་། ཚེག་བར་ཆ་ཡ་ཡང་འདྲ་ཞིང་སྒྲ་རྒྱན་གྱི་ཆ་ཡང་འདྲེས་ཡོད། གཞས་ཀྱི་རྣམ་པའི་དམངས་གླུ་ལ་ཐུང་ཞིང་མྱུར་ལ་ཆ་གསུམ་ཅན་གྱི་ཚེག་བར་དྲུག་མའི་ཚིགས་བཅད་མང་ཞིང་། ཚིགས་བཅད་གཅིག་དང་ཕྱེད་ཀའམ་ཚིགས་བཅད་གཉིས་རེ་ཡང་ཡོད། སྒྲ་རྒྱན་གྱི་ཆ་ཡོད་མེད་སྣ་ཚོགས་སུ་གྲུབ། རང་དབང་ཅན་གྱི་དམངས་གླུའི་གྲུབ་ཚུལ་ནི་སྟབས་བསྟུན་ཆེ་ཞིང་རང་དབང་ཡོད་ལ། ཚིག་རྐང་བཅུ་ནས་ཉི་ཤུའི་བར་ཡོད། ཚེག་བར་དྲུག་བདུན་བརྒྱད་དགུ་མ་སོགས་མང་བ་རེད།
འབའ་གཞས་ཀྱི་གཞས་ཚིག་གི་ལུས་ནི་ཚིགས་བཅད་སྙན་ངག་ཡིན་ཞིང་། དེ་ཡང་ཆ་རེ་བྱས་ནས་འདོན་དགོས་པའི་ཚེག་བར་དྲུག་མའི་ཚིགས་བཅད་མང་ཞིང་། དུས་རབས་བཅུ་བདུན་པའི་སྐབས་སུ་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གིས་ཀྱང་ཚིགས་བཅད་སྙན་ངག་འབྲི་སྟངས་འདི་སྤྱད་ནས་མགུར་གླུ70ལྷག་མཛད་དེ་འཛམ་གླིང་སྙན་ངག་གི་གཙུག་རྒྱན་དུ་བཀོད་ཡོད། རྒྱལ་ཕྱི་ནང་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ་པའི་དར་མདོའི་མཛའ་གཞས་དེའི་ལུས་ཡང་ཚེག་བར་དྲུག་མའི་ཚིགས་བཅད་སྙན་ངག་ཡིན་པ་རེད། དེས་ན་ཚེག་བར་དྲུག་མའི་ཚིགས་བཅད་ནི་བོད་རིགས་མང་ཚོགས་ཀྱིས་གནའ་ནས་ད་བར་ཁ་རྣ་ལ་ཆེས་བྱང་བྱང་དང་བསམ་པའི་འདོད་ཚུལ་ཇི་བཞིན་དུ་ཆེས་ཆེར་བསྟན་པར་སྤྱོད་དགའ་ཆེ་བའི་གླུ་གཞས་ཀྱི་ལུས་ཤིག་ཏུ་གྲུབ་ཡོད་པ་ནི་བཤད་མ་དགོས་སོ།། དཔེར་ན།
ཆང་གཅིག་ཞིམ་མངར་འཛོམས་པ།།
གནས་ཚང་ཨ་མའི་ཆང་རེད།།
གནས་ཚང་ཨ་མ་མེད་ན།།
ཞིམ་མངར་འཛོམས་ས་མ་རེད།། ལྟ་བུ།
དྲིན་ཆེན་ཕ་མའི་ཁ་ཏ།།
ལྷ་བྱ་གོང་མའི་གསུང་སྐད།།
ལ་མོ་ཕར་ཕར་རྒྱག་དུས།།
གསུང་བཤད་ཚུར་ཚུར་སྙན་བྱུང་།། ལྟ་བུའོ།།
(གསུམ།)འབའ་གཞས་ཀྱི་གཞས་ཚིག་གི་རྒྱན།
འབའ་གཞས་ཀྱི་གཞས་ཚིག་གི་རྒྱན་ལ་དཔེ་རྒྱན་དང་གཟུགས་རྒྱན། རབ་རྟོག། སྒྲ་རྒྱན་སོགས་མང་པོ་ཡོད་ཅིང་། ཚིག་རྒྱན་དེ་ལ་བརྟེན་ནས་གཞས་ཚིག་གི་ནང་དོན་ཡང་གསོན་ཉམས་དོད་པོར་ཡིན་ལ་གནས་ལུགས་གདིང་ཟབ་ཡོད་པ་དང་། བརྩེ་དུང་ལྷུག་པོར་མཚོན་ཞིང་ཤུགས་སུ་བསྟན་དོན་དེ་མ་ཐག་གོ་ཐུབ་པ་བཅས་ཡིན་ནོ།། དཔེར་ན། གངས་རི་དཀར་པོའི་འོག་ལ།། རྫ་རི་ཨེ་ཡོད་མ་ཤེས།། ཆུང་འདྲིས་བྱམས་པའི་ཐུགས་ལ།། བློ་ཀྱོག་ཨེ་ཡོད་མ་ཤེས།། ལྟ་བུ་དང་། ཚིག་རྐང་སྔ་མ་གཉིས་ནི་དཔེ་དང་ཕྱི་མ་གཉིས་དོན་ནོ།། ཁམ་པོ་ཁ་ལ་ཞིམ་བྱུང་།། མེ་ཏོག་མིག་ལ་མཛེས་བྱུང་།། ཁམ་སྡོང་ཁྲ་མོའི་འོག་ལ།། མེ་ཏོག་ཆར་པ་འབབ་བྱུང་།། ཞེས་པ་གཟུགས་རྒྱན་ལྟ་བུ། ཕྱི་ལ་ཤེལ་གྱི་བུམ་པ།། ཁ་ལ་མཛེས་པའི་མེ་ཏོག། བུམ་པ་ནང་གི་བུམ་ཆུས།། མེ་ཏོག་བློས་རྒྱབ་མ་བཏང་།། ཞེས་པ་རབ་རྟོག་གི་རྒྱན་ལྟ་བུ། ཟླ་བ་བརྒྱད་པ་ཚེས་སོང་།། རི་མགོའི་སྤང་རྩྭ་སེར་སོང་།། ཤྭ་བ་སྤང་ལ་འཁོར་བའི།། བློ་སེམས་ཐག་གིས་ཆོད་སོང་།། ཞེས་བ་བསྡུས་བརྗོད་ཀྱི་རྒྱན་ལྟ་བུ། གསེར་བྱ་སྤུན་གསུམ་གནམ་ལ་ལྡིང་ན་དགའ་བ་ལ། གནམ་ལ་ལྡིང་ན་སྐྱིད་པ་ལ།། གནམ་ལ་ལྡིང་ཞིང་ས་ལ་བབས་ན་དགའ་བ་ལ། ས་ལ་བབས་ན་སྐྱིད་པ་ལ།། ས་ལ་བབས་ཤིང་རྒུམ་འབུ་འཐུས་ན་དགའ་བ་ལ།། རྒུམ་འབུ་འཐུས་ན་སྐྱིད་པ་ལ།། རྒུམ་འབུ་འཐུ་ཞིང་བྲེ་གང་ལོན་ན་དགའ་བ་ལ།། བྲེ་གང་ལོན་ན་སྐྱིད་པ་ལ།། བྲེ་གང་ལོན་ནས་འབྲས་ཆང་བཙོས་ན་དགའ་བ་ལ།། འབྲས་ཆང་བཙོས་ན་སྐྱིད་པ་ལ།། འབྲས་ཆང་བཙོས་ནས་རང་ཚོ་འཛོམས་ན་དགའ་བ་ལ།། རང་ཚོ་འཛོམས་ན་སྐྱིད་པ་ལ།། ཞེས་པ་སྒྲ་རྒྱན་གྱི་ཆ་དང་འདྲེས་པ་སོགས་ཤིན་ཏུ་མང་ངོ་།།
(བཞི།)འབའ་གཞས་ཀྱི་གཞས་ཚིག་གི་ཚིག་གྲོགས།
འབའ་གཞས་ཀྱི་གཞས་ཚིག་ལ་ཚིག་གྲོགས་མི་འདྲ་བ་དུ་མ་ཡོད་ཅིང་། ཁ་ཤས་ནི་མིའི་མིང་དང་། ཁ་ཤས་ནི་ཚིག་ཕྲད་ཡིན་ལ། ཁ་ཤས་ནི་ཤིས་ཚིག་ཡིན་པ་རེད། ཚིག་གྲོགས་གཞག་ཡུལ་མི་འདྲ་བར་བརྟེན་ནས་ནུས་པ་ཡང་མི་འདྲ་བ་ཡང་སྲིད་ཅིང་། དེ་ལ་ཚིག་གྲོགས་ཐུང་ངུ་དང་གཞས་ཚིག་གི་ཐོག་མཐའ་བར་གསུམ་ཚང་མ་ཚིག་གྲོགས་སྤྱད་ཡོད་པ་གཉིས་སུ་ཕྱེས་ཆོག། ཚིག་གྲོགས་ཐུང་ངུ་ནི་གཞས་ཀྱི་མགོ་དང་། ཚིག་རྐང་དང་ཚིག་རྐང་གི་བར། མཇུག་བཅས་སུ་སྤྱད་པ་མང་། ཡིག་འབྲུ་གཅིག་ནས་བཞི་བར་ཅན་མང་བ་རེད། དཔེར་ན་ཡ་དང་། སོ། སོ་ཡ་ལ། ཡ་ལ། ཡ་ལ་སོ། འོ། འོ་ལགས། ལ། དང་། ཨེ། ལགས་སོ། འོ་ལགས་འོ། ཞབས་བྲོ་ཡག་མོ་ལགས། རྡོག་བྲོ་ཡག་མོ་ལགས་སོགས་ཡོད། ཚིག་གྲོགས་སྤྱད་པས་གཞས་པ་དང་གཞས་མའི་སྐད་གདངས་དང་བརྩེ་བ་མཚོན་པར་རམ་འདེགས་བྱེད་ཐུབ་ཀྱི་ཡོད། དཔེར་ན་སྒྲ་སྙན་སྔོན་དུ་ཚར་གཅིག་སོང་རྗེས། གཞས་ལེན་མགོ་ཚུགས་པ་དང་རས་དཔོན་གྱིས་འོ་ལགས་ཞེས་འབོད་མ་ཐག ཚང་མ་གཞས་མཉམ་ལེན་བྱེད་པ་ལྟ་བུའི་ནུས་པ་ཡང་ཡོད་པ་རེད། གཞས་ཀྱི་ཐོག་མཐའ་བར་གསུམ་དུ་ཚིག་གྲོགས་བཞག་པ་འབའ་གཞས་ཁྲོད་དུ་ཧ་ཅང་མང་ཞིང་། འགའ་ཞིག་གཞས་ཀྱི་མིང་དུ་གྱུར་པ་ཡང་ཡོད། གཞས་ཀྱི་མགོ་མཇུག་བར་གསུམ་དུ་ཚིག་གྲོགས་དེ་དག་བཞག་པའི་ཚེ་སྐབས་ཐོག་གཞས་ཚིག་བཟོས་ནས་ལེན་པར་ཕན་ཐོགས་པར་མ་ཟད། རྡོག་བྲོའི་འགྲོས་དང་ཡང་མཐུན་པའི་ཕན་ནུས་ཡོད་པ་རེད། དཔེར་ན་འབའ་གཞས་སོ་རྡོ་ཡ་ལ་ལྟ་བུ་དང་བསོད་ནམས་ཆེན་མོ་ལོ་ལྟ་བུ་མཚོན་བྱེད་ཙམ་བཀོད་པའོ།།
བདུན། འབའ་གཞས་ཀྱི་རྡོག་བྲོའི་ཁྱད་ཆོས།
གནའ་བོའི་མི་རིགས་ཀྱི་རིག་གནས་གང་དང་གང་ཞིག་ཡིན་རུང་རང་བྱུང་ཁོར་ཡུག་དང་འབྲེལ་བ་ངེས་ཅན་ཡོད་ལ། རང་བྱུང་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་གསོ་འཁྱོངས་དང་གྲུབ་པ་ཞིག་ཡིན་པ་རེད། མི་རིགས་ཤིག་གི་དམངས་ཁྲོད་ཞབས་བྲོ་ནི་རིག་གནས་ཀྱི་གཞི་སྟེགས་ཤིག་ཡིན་ཞིང་། མི་རིགས་དེའི་དུས་རབས་མི་འདྲ་བའི་རིག་གནས་ཀྱི་རྒྱུ་རྐྱེན་ནི་རིག་གནས་ཀྱི་རྟགས་མཚོན་དམིགས་བསལ་བ་ཞིག་གི་ཆ་ནས་ཞབས་བྲོའི་ཁྲོད་དུ་གནས་སྲིད་པ་རེད། དེར་བརྟེན། འབའ་ཐང་ས་གནས་དེ་གའི་རང་བྱུང་ཁོར་ཡུག་དང་མི་རིག་བྱང་ཚད། དམངས་ཁྲོད་གོམས་སྲོལ། དེ་བཞིན་མི་རིགས་ཀྱི་མཛེས་དཔྱད་སེམས་ཁམས་སོགས་རྒྱུ་རྐྱེན་མི་འདྲ་བའི་རྨང་གཞིའི་ཐོག་ད་གཟོད་ས་གནས་དེ་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འབའ་གཞས་ཀྱི་རྡོག་བྲོའི་སྟངས་སྟབས་གྲུབ་པ་རེད། ཞབས་བྲོའི་སྟངས་སྟབས་དེ་རྣམས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་འཕོ་འགྱུར་ཟམ་མི་ཆད་པ་བྱུང་ནས་གཏན་འཇགས་ཀྱི་རྡོག་བྲོའི་སྟངས་སྟབས་སུ་གྲུབ་ཡོད། འབའ་ཐང་གི་གནམ་གཤིས་དྲོ་གྲང་སྙོམས་ཤིང་ཐོན་ཁུངས་འབེལ་བས་ནོར་བུ་ས་ཆ་ཞེས་པའི་མཚན་སྙན་ཡོད་ལ། མི་རྣམས་རང་བྱུང་གི་ཁོར་ཡུག་བཟང་པོ་དེ་འདྲའི་ཁྲོད་དུ་འཆམ་མཐུན་མཉམ་གནས་བྱེད་པའི་ཚེ། སེམས་སུ་གངས་རི་རྩྭ་ཐང་དང་གཙང་པོ་མཚོ་མོ་སོགས་ལ་བཅོས་མིན་གྱི་བརྩེ་བ་ཞིག་ངམ་ཤུགས་སྐྱེས་སྲིད་ལ། ལྷག་པར་འཚོ་བར་རེ་སྨོན་དང་བསྟོད་བསྔགས་ཀྱིས་ཡོངས་སུ་ཁེངས་ཡོད། མི་རྣམས་ཀྱིས་སེམས་ཀྱི་འགྱུར་བ་དེ་དག་ཕྱི་ལུས་ངག་གི་བྱ་སྤྱོད་དུ་མཚོན་པས་སྟངས་སྟབས་ཀྱི་ཉམས་སྣ་དགུ་ཡང་ཐོན་པ་ཡིན་ནོ།།
གོམ་གསུམ་འདེགས་གཅིག་དང་གོམ་གཅིག་བཅར་གཅིག་ཅེས་པ་ནི་འབའ་གཞས་ཀྱི་རྡོག་བྲོའི་རྩ་བའི་ཁྱད་ཆོས་ཤིག་ཡིན་ལ། བལྟས་པ་ཙམ་གྱིས་ཤེས་སླ་མོ་ཡོད་པ་རེད། དེ་ནས་གཞས་གདངས་ཀྱི་འགྱུར་ཁུགས་མི་འདྲ་བ་དང་བསྟུན་ནས་འགྱུར་བ་བྱུང་སྟེ་ཕུན་སུམ་ཚོགས་པོར་ཆགས་ཡོད། སྐྱེས་པའི་གཞས་སྟབས་དཔའ་སྟོབས་ཆེ་ཞིང་བློ་གཤོགས་ཆེ་བ་དང་། འཁྲབ་ལེན་བཀྲོལ་གསུམ་གཞི་གཅིག་ཏུ་གྱུར་བའི་ཁྱད་ཆོས་ཡོད་ཅིང་། རྡོག་པ་གཡུགས་ཤིང་རྒྱག་པ་དང་། སྒུར་འདར་སྐོར་གསུམ། གཅུ་འཁྱུག་ལྡིང་གསུམ་སོགས་གཞས་སྟབས་ཡོངས་ལ་དཔའ་སྟོབས་དང་རྫིག་རྔམ་གྱིས་ཕྱུག་ཡོད། བུད་མེད་ཀྱི་གཞས་སྟབས་འཇམ་མཉེན་ཆེ་ལ་དལ་ཞིང་མཛེས་ཉམས་དོད་པོ་ཡིན་ཞིང་། གཞས་སྟབས་ཀྱི་གནད་འགག་ནི་རྐེད་པ་སྒྱུར་ལུགས་དང་ལག་པའི་སྟངས་སྟབས་ཏེ་ལག་སྐྱོར་བྱེད་ཚུལ་ལ་རག་ལས་ཤིང་། གཞས་ཀྱི་འགྱུར་ཁུགས་དང་བསྟུན་ནས་བར་སྣང་དུ་སྤྲིན་ཚོམ་རྒྱུ་བའམ་ཆུ་མོ་དལ་གྱིས་འབབ་པ་ལྟ་བུའི་ཉམས་ཐོན་གྱི་ཡོད་པ་རེད། དུས་རིམ་ཅུང་སྔ་བའི་འབའ་གཞས་ཀྱི་ལག་སྐྱོར་ལ་ཚད་གཞི་ཡོད་ཅིང་ལག་པའི་མཐོ་ཚད་སྨིན་མ་ལས་བརྒལ་མི་རུང་ཞིང་རྔུལ་ལེན་གྱི་ཕུ་རིང་དཔྲལ་བའི་ཐད་ནས་ཚེས་གསུམ་ཟླ་བའི་གཞུ་དབྱིབས་སམ་འཇའ་ཚོན་གྱི་རི་མོ་བྲིས་པ་ལྟ་བུ་རིང་དུ་འཐེན་དགོས་པ་དང་ཕྲ་ཆུང་མིག་ཟུང་ཡང་ལག་སྐྱོར་གྱི་ཕྱོགས་དང་མཐུན་པར་ལྟ་སྟངས་བྱ་དགོས་པར་བཤད་ཡོད། གང་ལྟར་འབའ་གཞས་ཀྱི་གཞས་སྟབས་རྒྱས་འཛོམས་ཆེ་ལ་ཐོགས་པ་མེད་པ། འཇམ་མཉེན་ལྡན་ཞིང་བརྩེ་དུང་གིས་གང་བ་ཡིན་ཞིང་། གཞས་གདངས་ཀྱི་འགྱུར་ཁུགས་དང་བསྟུན་ནས་འཕག་རྡུང་རྒྱག་གསུམ་དང་བསྐོར་ལྡིང་འཁྱུག་གསུམ། དགྱེ་སྒུར་འདར་གསུམ། འདེགས་སྐྱོར་གཡུག་གསུམ་སོགས་གང་བྱས་ཀྱང་རན་ཞིང་གཙང་ལ་འགྱུར་བག་ཡོད་ཅིང་དོགས་འཚེར་མེད་པ་ཞིག་ཡོང་དགོས། གཞས་འཁྲབ་མཁན་གྱི་སེམས་པ་དགའ་ལྷང་ལྷང་ཡིན་ན་བཞིན་རས་ཀྱི་ཉམས་ཀྱང་འཛུམ་དམུལ་ལེར་ཡིན་ལ། འཁྲབ་མཁན་དེ་རིགས་ཀྱིས་ལྟད་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་ཀྱི། འཁྲབ་རྩལ་ཇི་ལྟར་མཁས་ཀྱང་སྣང་བ་སྐྱིད་པོ་མེད་ན་ཡིད་དབང་འགུགས་ཤུགས་ཉམས་འགྲོ་བ་རེད། འཁྲབ་རྩལ་ལ་བྱང་ཆུབ་པའི་རྨང་གཞིའི་ཐོག་ལུས་ངག་ཡིད་ཀྱི་ཉམས་འགྱུར་ཀྱང་ཕུན་སུམ་ཚོགས་པོ་ཞིག་ཆགས་པ་ཡིན་ན་ཆར་པ་ཆུའི་གྲོགས་སུ་འགྱུར་བ་ལྟར་མིག་དབང་དང་ཡིད་དབང་མཉམ་དུ་འཕྲོག་ནུས་པ་རེད། དེ་མིན་འབའ་གཞས་ལ་སྲོག་ཆགས་ཀྱི་ཉམས་ལ་ལད་མོར་བྱེད་པའི་གཞས་སྟབས་ཀྱང་མང་དུ་ཡོད་ཅིང་། དཔེར་ན《རྨ་བྱ་ཆུ་འཐུང་།》དང་། 《རི་བོང་འདུག་ཚུགས།》《ཨ་ཁུ་རྟ་ཁྲ་སྐྱ་མི།》སོགས་སོ།།
འབའ་གཞས་འཁྲབ་པའི་ཚེ་རས་རྒན་ཚོས་སྔོན་ལ་སྣེ་ཁྲིད་ཅིང་། དེ་ནས་སྐྱེས་པ་དང་རྗེས་སུ་བུད་མེད། དེ་ཡང་གཞས་ཀྱི་འཁྲབ་རྩལ་བཟང་ངན་ལྟར་བང་རིམ་བསྒྲིགས་ཏེ་གཡས་སྐོར་བྱས་ནས་འཁྲབ་དགོས་ཀྱི་ཡོད། འབའ་གཞས་ཀྱི་གཞས་ཀྱི་རུ་བསྟར་སྒྲིག་སྟངས་ཀྱི་ཐད་ལ་སྲོལ་རྒྱུན་གྱི་འབྲུག་འཁྱིལ་དང་། སྒོར་དབྱིབས་ཅན་དང་། གཡུང་དྲུང་གི་རི་མོ་དང་། ཉི་ཟླ་ཁ་སྤྲོད། (སྐྱེས་པ་ཉི་མའི་ཚུལ་དུ་ནང་སྐོར་དང་བུད་མེད་ཟླ་བའི་ཚུལ་དུ་ཕྱིར་སྐོར།)མེ་ཏོག་དང་མཆོད་རྟེན་གྱི་དབྱིབས་སོགས་ཡོད་ལ། གཞས་འཁྲབ་མཁན་གྱི་མང་ཉུང་ལ་གཞིགས་ནས་འབྲུག་འཁྱིལ་ལ་ཡང་ཕྱི་འཁྱིལ་དང་ནང་འཁྱིལ། སྒོར་དབྱིབས་ཅན་ལ་ཕྱི་སྐོར་དང་ནང་སྐོར། གཡུང་དྲུང་གི་རི་མོ་ལ་ཁྲ་མིག་ཡོད་པ་དང་མེད་པ། ཉི་ཟླ་ཁ་སྤྲོད་ལ་ཆེ་ཆུང་གི་རིགས་དབྱེ་བ། མེ་ཏོག་དང་མཆོད་རྟེན་གྱི་དབྱིབས་ལ་ཡང་ནང་གསེས་ཆེ་ཆུང་ཕྲ་རགས་དུ་མ་དབྱེ་བ་སོགས་མང་ངོ་།། དེང་རབས་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་ནས་གཞུང་བསྟར་དང་། འཕྲེད་བསྟར། ཕྱོགས་བཞི་ནས་དཀྱིལ་གཤར་བ། སྒོར་དབྱིབས་སྣ་ཚོགས། རུ་བསྟར་བསྣོལ་མ། ཡིག་རིས་སོགས་གསར་གཏོད་ཀྱི་ཉིང་བཅུད་ལས་གྲུབ་པའི་གཞས་ཀྱི་རུ་བསྟར་མང་པོ་དར་བཞིན་ཡོད།
བརྒྱད། འབའ་གཞས་བརྒྱུད་འཛིན་གྱི་ད་ཡོད་གནས་བབ།
འབའ་ཐང་ས་ཆའི་རྒན་དར་གཞོན་གསུམ་ཚང་མས་འབའ་གཞས་འཁྲབ་ཤེས་ལ་འཁྲབ་དགའ་ཆེན་པོ་ཡང་ཡོད་ཅིང་། ཁོང་ཚོའི་སེམས་ནང་དུ་འབའ་གཞས་ནི་འབའ་ཐང་གི་རིག་གནས་ཤིག་དང་འབའ་ཐང་གི་ཁྱད་ཆོས་ཤིག་ཏུ་རྩི་བཞིན་ཡོད་ལ། འབའ་བ་གཙོས་པའི་མི་རྣམས་ཀྱིས་བརྒྱུད་འཛིན་ཡག་པོ་བྱ་དགོས་པའི་མི་རིགས་རིག་གནས་ཀྱི་ནོར་བུ་ཞིག་ཏུ་ཡང་རྩི་བཞིན་ཡོད། འབའ་གཞས་བརྒྱུད་འཛིན་གྱི་ད་ཡོད་གནས་ཚུལ་ཐད་ལ་གཅིག་ནི་ཁོར་ཡུག་གི་ཤུགས་རྐྱེན་ཆེ་ཆུང་དང་ཡུལ་སྲོལ་གོམས་གཤིས་དང་ཁྱིམ་ཚང་གི་ཤུགས་རྐྱེན་ཐེབས་ཆེ་ཆུང་ལ་དམིགས་ནས་རྒན་དར་གཞོན་གསུམ་གྱི་ནང་དུ་འབའ་གཞས་འཁྲབ་པའི་བྱང་ཚད་ཀྱང་མི་གཅིག་པ་སྟེ། ལོ་ན་ཉེར་ལྔ་མན་གྱི་ན་གཞོན་དང་བྱིས་པའི་ཁྲོད་དུ་འབའ་གཞས་འཁྲབ་ཤེས་མཁན་ཅུང་ཉུང་ཉུང་ཡིན་པ་རེད། གཉིས་ནི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་སྦྲགས་རོལ་རྩོད་བྱེད་སྟངས་སྣ་མང་ཕུན་སུམ་ཚོགས་པོ་དར་བར་བརྟེན། སྲོལ་རྒྱུན་འབའ་གཞས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད་པ་རེད། ལྷག་པར་བྱིས་པ་དང་ལོ་ཆུང་ཚོ་ཁོམ་པ་ཡོད་དུས་ལ་དྲ་བའི་རྩེད་མོ་སྣ་ཚོགས་ལ་གཡེང་ནས་དུས་འདའ་བ་ལས་སྲོལ་རྒྱུན་རིག་གནས་ལ་དགའ་བའི་འདུ་ཤེས་ཀྱི་ས་བོན་ཞིག་སེམས་ལ་ཧ་ལམ་བཏབ་མེད་པ་རེད། འབའ་གཞས་ཙམ་དུ་མ་ཟད་དེང་སང་བོད་ཀྱི་བྱིས་པ་དང་ལོ་ཆུང་ཚོའི་ནང་དུ་སྦྲང་དཀར་རྩམ་པ་ཟ་དགའ་མཁན་ནི་ཉིན་མོ་སྐར་མ་ཙམ་རེད་འདུག་ཅེས་བཤད་ན་ཕུགས་སྡུག་སོང་དྲགས་པ་འདྲ་ཞིག་རེད་ཀྱང་དངོས་ཡོད་གནས་ཚུལ་ནི་དེ་ག་རང་རེད། སྒྱུ་རྩལ་གྱི་རིགས་གང་ཞིག་བརྒྱུད་འཛིན་བྱེད་པར་དེ་ཉིད་དམིགས་སུ་འབེབས་པའི་ཐབས་དང་བརྒྱུད་ལམ་ཞིག་ཡོད་ཅིང་། དགེ་སློབ་བར་གྱི་བརྒྱུད་འཛིན་བྱེད་སྟངས་དེ་ཀྲུང་གོའི་རོལ་དབྱངས་རིག་གནས་བརྒྱུད་འཛིན་གྱི་ཁྱད་ཆོས་གལ་ཆེན་ཞིག་དང་ཡི་གེ་དང་དབྱངས་གཞུང་མེད་པ་ཁ་སྙན་ནས་བརྒྱུད་པ་དེ་ཀྲུང་གོའི་སྲོལ་རྒྱུན་རོལ་དབྱངས་ཀྱི་ཐབས་ལམ་ཞིག་ཡིན་པ་ལྟར། འབའ་གཞས་བརྒྱུད་འཛིན་བྱེད་སྟངས་ཀྱི་རིགས་དང་པོ་ནི་དགེ་སློབ་བར་གྱི་བརྒྱུད་འཛིན་ཡིན་ཞིང་། ལྷག་པར་མང་ཆེ་ཤོས་སྒྲ་སྙན་འཁྲོལ་བའི་བརྒྱུད་འཛིན་ཐད་ཡིན་པ་རེད། གྲོང་སྡེའི་རྒན་རབས་དང་ཁྱིམ་ཚང་གི་ཕ་མེས་ཡང་མེས། གཞས་ལ་དགའ་བའི་གཞས་པ་དང་གཞས་མ་བཅས་ནི་གྲོང་སྡེ་དེའི་གཞས་ཀྱི་དགེ་རྒན་ཡིན་ལ། དེ་རྣམས་ཀྱིས་དལ་ཁོམ་ཡོད་དུས་སྒྲ་སྙན་དང་གཞས་གདངས། གཞས་ཚིག་བཅས་རང་གིས་ཤེས་ཚད་དང་བསྟུན་ནས་སྦྱོང་འདོད་ཡོད་མཁན་ཚོ་ལ་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཡོན་མི་དགོས་པར་སློབ་ཁྲིད་བྱས་པ་རེད། འབའ་གཞས་བརྒྱུད་འཛིན་བྱེད་སྟངས་རིགས་གཉིས་པ་ནི་ཁྱིམ་ཚང་དང་གྲོང་སྡེས་ཚན་པ་བྱས་པའི་བརྒྱུད་འཛིན་བྱེད་སྟངས་དེ་ཡིན་ཞིང་། ཁྱིམ་ཚང་འདུ་འཛོམས་ཀྱི་དུས་སྐབས་དང་གྲོང་སྡེའི་སོ་ནམ་ཁོམ་དལ་བྱུང་དུས། དེ་བཞིན་སྤྱི་རིམ་ཆེ་གྲས་དང་། བག་མ་བག་སྐྱེལ་གྱི་སྐབས། ཁང་སྟོན་གྱི་སྐབས་བཅས་སུ་འབའ་གཞས་མེད་དུ་མི་རུང་ལ་གཟབ་འཆོར་སྤྲས་པ་དང་མི་སྤྲས་པ་སོགས་རྣམ་པ་དུ་མ་ཡོད། དེའི་སྐབས་སྒྲིག་ལམ་དང་ངེས་སྲོལ་ཆེར་མེད་ཅིང་གང་དགར་གང་འདོད་དུ་འཁྲབ་ཆོག་པས་ཁྱིམ་ཚང་གི་དོ་ར་དང་སྤྱི་པའི་བྱེད་སྒོ་སྤེལ་ཡུལ། ཞིང་ར་དང་། སྤང་ཐང་སོགས་ནི་སྒྲ་སྙན་དང་འབའ་གཞས་འཁྲོལ་སྦྱོང་བྱེད་ས་གཙོ་བོར་གྱུར་པ་དང་། ལོ་ཆུང་དང་བྱིས་པ་མང་པོར་འབའ་གཞས་ཀྱི་བག་ཆགས་ཐོག་མ་ཡང་དེ་ནས་བཞག་ཐུབ་ཀྱི་ཡོད། འབའ་གཞས་བརྒྱུད་འཛིན་བྱེད་སྟངས་རིགས་གསུམ་པ་ནི་དུས་སྟོན་ཆེ་གྲས་སྐབས་སུ་འབའ་གཞས་འཁྲབ་པའི་ལུགས་སྲོལ་དེ་ཡིན་ཞིང་། དཔེར་ན་ལོ་སར་དང་དགུ་གཏོར་དང་། ཚེས་བཅུ། མ་ཎི་དུང་སྒྲུབ། དབྱར་བསུ། དབྱར་གནས་བཅས་སུ་འབའ་གཞས་འཁྲབ་སྟོན་བྱ་དགོས་ལ། དེའི་སྐབས་སུ་ལུས་ལ་གཟབ་འཆོར་དང་རྒྱན་ཆ་ཡོད་དགུ་སྤྲས་དགོས་ལ། འཁྲབ་མཁན་ཡང་དུད་རེའི་མི་རེ་ཡོང་དགོས་པ་དང་། གཞས་རའི་རས་རྒན་གྱི་གྲངས་ཀ་དང་གཞས་འཁྲབ་མཁན་གྱི་མི་གྲངས། གཞས་ཀྱི་ཚན་པ་དང་གཞས་ཀྱི་རུ་བསྟར། གཞས་འཁྲབ་པའི་དུས་ཚོད་སོགས་གཏན་འཁེལ་བཟོ་དགོས་ཤིང་། སྐབས་དེ་ནི་ཕྱུག་པོས་ཕྱུག་ཉམས་ངོམ་ས་དང་རྫིག་པོས་རྫིག་ཉམས་ངོམ་ས། མཛེས་པོས་མཛེས་ཉམས་ངོམ་ས། གཞས་མཁན་གྱི་གཞས་ཉམས་ངོམ་ས་བཅས་ཡིན་པར་བརྟེན། གཞི་ཁྱོན་ཆེ་ཞིང་སྤུས་ཚད་མཐོ་ལ། ལྟད་མོ་ཆེས་མཛེས་པ་ཡིན་ནོ།། འབའ་གཞས་བརྒྱུད་འཛིན་བྱེད་སྟངས་རིགས་བཞི་པ་ནི་དུས་ཕྱིས་ཙམ་ན་དར་བ་སྟེ། ཐང་ཆེན་རིག་གནས་དང་འབའ་གཞས་འཁྲབ་སྟོན་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་དེ་ཡིན། སྤྱི་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་འབའ་ཐང་རྫོང་གིས་རྫོང་མཁར་དུ་འབའ་གཞས་ཀྱིས་གཙོ་དོན་བྱས་པའི་འབའ་གཞས་ཐང་ཆེན་བསྐྲུན་པ་དང་། དེ་བཞིན་གྲོང་རྡལ་དང་ཡུལ་ཤོག་ཁག་ལ་ཡང་སྤྱི་ཁང་སྟེ་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་བསྐྲུན་ཡོད། མི་རྣམས་ཀྱིས་དགོང་ཟས་བཟོས་རྗེས་མ་བོས་རང་འགྲིག་གིས་ཐང་ཆེན་དང་སྤྱི་ཁང་གི་ཕྱོགས་སུ་འདུས་ནས་གཞས་གདངས་སྙན་མོ་དང་འགྲོགས་ནས་འབའ་གཞས་འཁྲབ་སྲོལ་ཞིག་ཆགས་ཡོད། སྲོལ་དེ་ནི་ལུས་སྦྱོང་དང་འབའ་གཞས་བརྒྱུད་འཛིན་ཟུང་དུ་འབྲེལ་ཞིང་། མི་སེར་གྱི་འཚོ་བ་ཡར་རྒྱས་ཕྱིན་པའི་མངོན་རྟགས་ཤིག་ཀྱང་ཡིན་པ་རེད། དེར་འབའ་ཐང་གི་ཡུལ་མི་ཙམ་དུ་མ་ཟད། ཕྱི་ནས་ཡོང་མཁན་གྱི་རྒྱལ་ཕྱི་ནང་གི་འགྲུལ་པ་ཚོས་ཀྱང་དགའ་པོ་བྱེད་ཀྱི་ཡོད་ལ། ཁོ་ཚོས་འབའ་གཞས་འཁྲབ་སྦྱོང་གི་གོ་སྐབས་བཟང་པོ་ཤིག་ཏུ་མཐོང་ནས་གང་ཐུབ་ཅི་ཐུབ་ཀྱིས་གཞས་རའི་ནང་དུ་ཞུགས་ཀྱི་ཡོད། ཐང་ཆེན་དུ་འབའ་གཞས་འཁྲབ་པར་སྒྲ་སྙན་འཁྲོལ་མཁན་མེད་ཅིང་ཡོངས་ཁྱབ་རང་བཞིན་གྱི་གཞས་ཚན་དུ་མ་བདམས་ནས་བཀྲོལ་ལེན་འཁྲབ་གསུམ་འཛོམས་པའི་ཟེར་སྡེར་རམ་ཁྱེར་སྡེར་བཟོས་ནས་ཐད་ཀར་གཏོང་ཆོག་པ་རེད། འབའ་གཞས་འཁྲབ་སྟོན་འགྲན་བསྡུར་ནི་འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་ཏེ། གཙོ་བོར་རྫོང་མཁར་གྱི་ཉེ་འགྲམ་ན་ཡོད་པའི་གྲོང་རྡལ་དང་ཡུལ་ཤོག་སྒྲིག་འཛུགས་བྱས་པའམ་ཡང་ན་ལས་ཁུངས་སོ་སོ་སྒྲིག་འཛུགས་བྱས་ནས་ལོ་རེ་བཞིན་འཁྲབ་སྟོན་འགྲན་བསྡུར་བྱེད་སྒོ་སྤེལ་གྱི་ཡོད་པ་རེད། འཁྲབ་སྟོན་དེ་ཡང་གོང་གི་དུས་སྟོན་སྐབས་དང་གཅིག་མཚུངས་ཡིན་ཞིང་ལུས་རྒྱན་ཡང་ཕལ་ཆེར་གཅིག་གྱུར་ཡིན་ལ། རྫོང་དང་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་ཡོད་ལ་འཕྲིན་སྦྱོར་ལས་ཁུངས་ཀྱིས་ཀྱང་ཆེད་དུ་བརྙན་ཕབ་པ་དང་། པར་རྒྱག་མཁན་ཡང་མང་པོ་ཡོད་པས་རྒྱས་འཛོམས་ཧ་ཅང་ཆེ་ཞིང་། མི་ཁྲི་འཛོམས་པའི་དུས་སྐབས་ཀྱང་ཡོད་པ་རེད། འབའ་གཞས་བརྒྱུད་འཛིན་བྱེད་སྟངས་རིགས་ལྔ་པ་ནི་སློབ་གྲྭའི་ནང་འབའ་གཞས་འཁྲབ་རྒྱུ་དང་རྫོང་གིས་འབའ་གཞས་སྒྱུ་རྩལ་ཚོགས་པ་བཙུགས་པ་དེ་ཡིན་ཞིང་། སློབ་གྲྭ་ཁག་གིས་སྔ་དྲོའི་སློབ་ཐུན་སྐབས་ཀྱི་རྒྱང་བསྒྲགས་ལུས་སྦྱོང་གི་ཚབ་ཏུ་འབའ་གཞས་འཁྲབ་ཀྱི་ཡོད་པ་དང་། རིག་རྩལ་བྱེད་སྒོ་གང་ཞིག་སྤེལ་ན་འབའ་གཞས་ཡོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབའ་གཞས་སློབ་མའི་ཁྲོད་དུ་དར་སྤེལ་བཏང་དང་གཏོང་བཞིན་ཡོད། དེ་ནས་རྫོང་གི་འབའ་གཞས་སྒྱུ་རྩལ་ཚོགས་པས་ཀྱང་རྒྱལ་ཕྱི་ནང་གི་གར་སྟེགས་སུ་འབའ་གཞས་འཁྲབ་སྟོན་བྱས་ནས་འབའ་གཞས་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་སྤེལ་བཏང་དང་གཏོང་བཞིན་ཡོད་ཅིང་། སྒྱུ་རྩལ་གྱི་བྱང་ཚད་ཅུང་མཐོ་བའི་འཁྲབ་སྟོན་མི་སྣ་ཡང་སྐབས་དང་བསྟུན་ནས་བསྡུ་དགོས་པས་དེས་ཀྱང་ཤུགས་སུ་འབའ་གཞས་བརྒྱུད་འཛིན་བྱེད་པར་ཕན་ཐོགས་ཀྱི་ཡོད།
འབའ་གཞས་ནི་འབའ་ཐང་མི་དམངས་ཚོའི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་ཟབ་ཅིང་རྒྱ་ཆེ་བའི་མི་རིགས་ཀྱི་རིག་གནས་འདུས་ཡོད་པར་མ་ཟད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱང་མངོན་པར་མཚོན་ཡོད། འབའ་གཞས་ནི་འབའ་བའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཟིན། སྤྱི་ལོ1945ལོའི་གོ་གུང་ཏང་གཉིས་ཀྱི་ཁྲུང་ཆིན་གྲོས་མོལ་གྱི་འཐུས་མིའི་ཚོགས་པས་འཛུགས་གཉེར་བྱས་པའི་དགོང་ཚོགས་སྟེང་སྐད་གྲགས་ཆེ་བའི་གར་འཁྲབ་མཁན་ཏེ་ཨེ་ནན་གྱིས་འཁྲབ་ཚན་དང་པོའི་ནང་དུ་འབའ་གཞས་འཁྲབ་པ་རེད། སྤྱི་ལོ1954ལོར་འབའ་གཞས་ཀྲུང་གོའི་འཐུས་མི་ཚོགས་པའི་གཞས་སུ་བདམས་ནས་པོ་ལན་རྒྱལ་ཁབ་ཀྱི་ཧྭ་ཧྲ་གྲོང་ཁྱེར་དུ་འཚོགས་པའི་འཛམ་གླིང་གཞོན་ནུ་མཉམ་སྤྲོའི་འདུ་ཚོགས་ལ་འཁྲབ་སྟོན་མཛད་ནས་གཟིགས་མོ་བས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། སྤྱི་ལོ1964ལོར་འབའ་བའི་ལས་ཞོར་བུ་ཚ་བུ་མོ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལས་ཞོར་སྒྱུ་རྩལ་གྱི་ལྟ་སྦྱོང་སྐོང་འཁྲབ་ལ་ཞུགས་ཤིང་ཀྲོའུ་ཨེན་ལེ་སོགས་ཀྲུང་དབྱང་མགོ་ཁྲིད་རྣམ་པས་གཟེངས་བསྟོད་གནང་མྱོང་བ་རེད། འབའ་གཞས་ཀྱི་དབྱངས་རྟ་དེ་བརྙན་འཕྲིན་འཁྲབ་ཚན《གེ་སར་རྒྱལ་པོ》དང་། དངོས་བྲིས་གློག་བརྙན《ཐང་བོད་གནའ་ལམ》སོགས་ཀྱི་བར་བཅུག་གླུ་དབྱངས་བྱས་ཡོད་པ་དང་། དེར་མ་ཟད་ད་ལྟའི་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན་བཅས་ཀྱི་བརྙན་འཕྲིན་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བོད་ཁུལ་གྱི་རྣམ་པ་མཚོན་པའི་བརྙན་འཕྲིན་ལེ་ཚན་གྱི་གླུ་དབྱངས་ཀྱང་བྱས་ཡོད། འབའ་ཐང་རྫོང་གི་འབའ་གཞས་ཀྱི་བརྒྱུད་འཛིན་པ་ཚན་པ་དང་པོ་སྟེ་སྒྲ་སྙན་བཟོ་རྒན་བྱ་ཁྱུང་གྲོང་རྡལ་སྙ་རྫོང་ཤོག་གི་བཀྲ་ཤིས་དང་བློ་གྲོས། རས་རྔ་བཟོ་རྒན་བྱ་ཁྱུང་གྲོང་རྡལ་དགོན་པ་སྒང་གི་སྐལ་བཟང་ཚེ་རིང་། རོལ་དབྱངས་བཟོ་མཁན་བྱ་ཁྱུང་གྲོང་རྡལ་བང་བ་ཤོག་གི་མར་རྣམ་རྒྱལ། རོལ་དབྱངས་བཟོ་མཁན་བྱ་ཁྱུང་གྲོང་རྡལ་ལྕགས་རི་ནང་གི་ཞའོ་ཨ་མེ། སོ་བ་ལུང་ཡུལ་ཤོག་འུག་མདའ་ལུང་གྲོང་སྡེའི་གཞས་པ་བཀྲ་ཤིས། སོ་བ་ལུང་ཡུལ་ཤོག་སོ་བ་ལུང་གྲོང་སྡེའི་གཞས་པ་འབྲུག་གྲགས། བྱ་ཁྱུང་གྲོང་རྡལ་བང་བ་ཤོག་གི་གཞས་པ་ཟླ་བ། མུ་གཏོར་ཡུལ་ཤོག་མུ་གཏོར་གྲོང་སྡེའི་གཞས་པ་དགེ་མི་རྒྱལ་མཚན། བྱ་ཁྱུང་གྲོང་རྡལ་ཚེས་བཅུ་ཤོག་གི་གཞས་པ་སྐལ་བཟང་། བྱ་ཁྱུང་གྲོང་རྡལ་བང་བ་ཤོག་གི་གཞས་པ་སྐལ་བཟང་ཚེ་རིང་། རྫོང་རྩ་ཡུལ་ཤོག་ཟུར་སྒང་གྲོང་སྡེའི་གཞས་པ་འབྲུག་གྲགས། བྱ་ཁྱུང་གྲོང་རྡལ་བྲག་ཅན་སྟེང་གྲོང་སྡེའི་གཞས་མ་བསོད་ནམས་ལྷ་མོ། བྱ་ཁྱུང་གྲོང་རྡལ་རི་སྟོད་གྲོང་སྡེའི་གཞས་མ་ལི་ཡེ་ཤེས་སྒྲོལ་མ། བྱ་ཁྱུང་གྲོང་རྡལ་ཁང་ལྟག་ཤོག་གི་གཞས་མ་དབྱངས་ཅན་བཅས་མི15ཡིས་ཀྱང་འབའ་གཞས་རྒྱུན་འཛིན་སྤེལ་གསུམ་ལ་བྱས་རྗེས་བཞག་ཡོད།
ཉེ་བའི་ལོ་ཤས་རིང་ལ། འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འབའ་གཞས་དང་བོད་ཀྱི་ལྷ་མོ་ཟློས་གར་གཙོས་པའི་གཟུགས་མེད་རིག་གནས་བརྒྱུད་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད་ལ། དངོས་ཡོད་གནས་ཚུལ་དང་མཐུན་པར་འབའ་གཞས་སྲུང་སྐྱོང་གི་འཆར་འགོད་ཀྱང་རབ་དང་རིམ་པ་བཟོས་པ་དང་། འབའ་གཞས་ཀྱིས་གཙོ་དོན་བྱས་པའི་རིག་གནས་ཐོན་ལས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་ཀྱི་འཕྲིན་གཏོང་ལག་རྩལ་སྣ་མང་སྤྱད་དེ་འབའ་གཞས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། ལྷག་པར《འབའ་གཞས་ཀྱི་གློག་རྡུལ་གྲངས་དན་མཛོད》དང《འབའ་ཐང་ལྷ་མོ་ཟློས་གར་གྱི་གློག་རྡུལ་གྲངས་དན་མཛོད》བསྐྲུན་པའི་ལས་གཞི་ལེགས་འགྲུབ་བྱུང་ཡོད་པ་རེད། 《འབའ་གཞས་ཀྱི་གློག་རྡུལ་གྲངས་དན་མཛོད》ཀྱི་ནང་དུ་གཞས་ཚིག2000ལྷག་དང་གཞས་གདངས300ལྷག་བསྡུས་ཡོད་པ་རེད།།
དགུ། འབའ་གཞས་ཀྱི་རྒྱན་ཆས།
འབའ་གཞས་འཁྲབ་པའི་ཚེ་རྒྱན་ཆས་སྤྲས་མེད་ན་ཁ་སྐད་དུ་སྐྱ་འཆམ་ཞེས་འབོད་ལ། རྟ་ལ་སྒ་ཆས་སྤྲས་མེད་པ་འདྲ་བས་ལྟད་མོ་ལྟ་རིན་གང་ཡང་མེད་པ་རེད། འབའ་གཞས་ཀྱི་རྒྱན་ཆས་ལ་སྐྱེས་པའི་རྒྱན་ཆས་དང་བུད་མེད་ཀྱི་རྒྱན་ཆས་རིགས་གཉིས་སུ་ཡོད་ཅིང་། སྲོལ་རྒྱུན་གྱི་རྒྱན་ཆས་ནི་བོད་ཆས་ཡིན་ཞིང་། བོད་ལྭ་དང་བོད་ཀྱི་སྟོད་གོས། བོད་ཀྱི་རྔུལ་ལེན། བོད་ཀྱི་དོར་མ་བཅས་ཡོད་ཅིང་། བོད་ལྭ་ནི་རས་དང་མགོ་སྣམ། ཕྲུག་དཀར་ནག་སོགས་རྒྱུ་སྤུས་མི་འདྲ་བས་འཚེམ་དྲུབ་བྱས་ཤིང་། ཕུ་ཐུང་རིང་ལ་ནང་ཁོག་ཆེ་ཞིང་། གོང་བ་དང་ཕུ་ཁ། གོས་མཐའ་བཅས་ལ་གོས་ཆེན་གསེར་མའམ་རྒྱ་སེར་སོགས་ཀྱི་མཐའ་ཤན་བརྒྱབ་ཡོད། སྔོན་མའི་དུས་སུ་སྟག་གཟིག་སྲམ་ལྤགས་ཀྱིས་མཐའ་ཤན་རྒྱག་སྲོལ་ཡོད་ཀྱང་ཕྱིས་སུ་མི་རྣམས་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུའི་འདུ་ཤེས་ཆེ་རུ་སོང་བ་དང་བསྟུན་ནས་དེང་སང་སྲོག་ཆགས་ཀྱི་ལྤགས་པའི་རིགས་ཀྱི་མཐའ་ཤན་རྒྱག་པའི་བོད་ལྭ་མཐོང་དཀོན་པོ་ཡིན་པ་རེད། སྐྱེས་པའི་རྔུལ་ལེན་ནི་དར་དང་འབུ་རས་ཀྱིས་འཚེམ་དྲུབ་བྱས་པ་མང་ཞིང་རིང་ཐུང་རྐེད་པར་བསླེབས་པ་དང་། གཡོན་ལྷེ་ཆེ་ཞིང་གཡས་ལྷེ་ཆུང་ལ། གོང་བ་དང་གཡོན་ལྷེའི་མཐར་རྒྱ་སེར་སོགས་ཀྱིས་མཐའ་ཤན་རྒྱག་པ་དང་མི་རྒྱག་པའི་རིགས་དུ་མ་ཡོད། མདོག་ཁ་ཡང་དཀར་སེར་དམར་པོ་མང་ཞིང་ཕུ་ཐུང་རིང་པོ་ཡིན་པ་རེད། དེང་སང་འབུ་རས་ཀྱི་རྔུལ་ལེན་དཀར་པོ་དང་མཐའ་ཤན་མེད་པའི་ཕྲུག་ཕྱུ་པ་གྱོན་པའི་དར་སྲོལ་ཆེ་ཞིང་གནའ་ཉམས་དོད་པོ་ཡིན་པས་རེད། རྔུལ་ལེན་གྱི་སྟེང་ལ་སྟོད་འགག་གམ་ཁན་སྦྱར་གྱོན་སྲོལ་ཡོད་ཅིང་ཕལ་ཆེར་རྒྱ་སེར་ལས་དྲུབ་ཡོད་པ་རེད། དོར་མ་འབུ་རས་དཀར་པོས་དྲུབ་པ་མང་ཞིང་དོར་མགོ་ཅུང་ཆུང་ཞིང་དོར་ཁོག་དང་དོར་སྒབ་ཆེ་ལ་གྱོན་དུས་ལྷབ་ལྷུབ་ཀྱི་རྣམ་པ་ལྡན་ཡོད། རྐེད་རགས་ཀྱི་རྒྱུ་སྤུས་ནི་རས་དང་དར་ཁ་དོག་སེར་དམར་ལྗང་སྨུག་སོགས་ལས་གྲུབ་ཅིང་ཞེང་ལ་མཐོ་གང་ལྷག་དང་རིང་ཚད་ལ་འདོམ་པ་དོ་ཡས་མས་ཡོད་ལ། སྣེ་གཉིས་ལ་ཚ་ལོ་ཡོད། མགོར་ཚ་ཞྭ་དམར་པོ་དང་རྒྱ་གར་ཞྭ་མོ། ཚེ་རིང་སྐྱེངས་ཁེབས་སོགས་གྱོན་སྲོལ་ཡོད་ཅིང་། དེ་སྔོན་ཝ་ཞྭ་གྱོན་སྲོལ་ཡོད་ཀྱང་ཕྱིས་སུ་མེད། འབའ་ཐང་འབྲོག་ཁུལ་གྱི་སྐྱེས་པས་སྐྲ་རིང་པོ་བཞག་སྲོལ་ཡོད་ཅིང་། སླས་སྐྲའི་སྣེ་མོར་སྟོང་སྐུད་དམར་པོའི་ཚ་ལོའི་སྐྲ་འཆོར་བཏགས་ཡོད་ཅིང་དེའི་བར་བ་སོའི་ཐེལ་ཀོར་དང་གཡུ་ཡི་ཐེལ་ཀོར་སོགས་རྒྱན་ཆའི་ཚུལ་དུ་བརྒྱུད་ཡོད། འབའ་ཐང་རོང་ཁུལ་གྱི་སྐྱེས་པ་ཚོས་སྐྲ་རིང་པོ་བཞག་མཁན་ཉུང་ཉུང་ལས་མེད། དེ་ནས་སྐེ་ལ་གསེར་ཐག་དང་བྱུ་རུ་སོགས་རིན་པོ་ཆེའི་རྒྱན་ཆ་གང་འཛོམས་བཏགས་པ་དང་། ཕྲག་ཏུ་གསེར་དངུལ་གྱི་ག་འུ་ལུང་རྒྱན་མ་འཕྲེད་དུ་དཔྱངས་པ། རྐེད་པར་དངུལ་གྲི་འདོགས་པ། ལག་པར་བ་སོའི་ལག་གདུབ་སོགས་འདོགས་པ། མཛུབ་མོ་གསེར་དངུལ་གྱི་སོར་གདུབ་དང་བ་སོའི་ཐལ་ཀོར་འདོགས་པ། རྐང་པར་བོད་ལྷམ་ཡུ་རིང་མ་དང་ཡང་ན་འཇུ་རྟ་ཡུ་རིང་མ་གྱོན་ཡོད། སྐྱེས་པས་ལུས་ལ་རྒྱན་ཆས་སྤྲས་ཏེ་འབའ་གཞས་འཁྲབ་པའི་ཚེ། རྫིག་ཉམས་དང་དཔའ་ཉམས། གཤོགས་ཉམས་བཅས་རང་བཞིན་ནས་ཐོན་ཡོང་བ་རེད།
བུད་མེད་ཀྱི་རྒྱན་གོས་ཐད་ལ། བོད་ལྭ་ཕུ་མེད་གྱོན་པ་མང་ཞིང་། རྒྱུ་སྤུས་ཀྱང་མགོ་སྣམ་དང་ཕྲུག དེ་བཞིན་དར་གོས་ཆེན་དང་རས་སོགས་མང་བ་དང་། ཡོངས་གྲགས་སུ་དབུས་ཕྱོགས་ཀྱིས་འཐག་པའི་ཐེར་མ་འཇམ་པོ་ཡིན་ཞིང་ཁ་དོག་ནག་པོ(ཁ་སྐད་དུ་བྱ་བོང་རྣ་རྩ་ཞེས་ཀྱང་ཟེར།)དང་དམར་སྨུག་མང་བ་དང་། ཁ་ཤས་ལ་རྨ་བྱའི་སྒྲོ་མདོངས་ཀྱི་རི་མོས་བརྒྱན་ཡོད། མགོ་སྣམ་དང་ཕྲུག་གི་མོ་ལྭའི་གོང་སྔ་དང་ཕུ་ཁ། གོས་མཐའ་བཅས་སུ་སྲམ་ལྤགས་ཤན་སྲོལ་སྔོན་དུས་ཙམ་ན་ཡོད་ཀྱང་ད་ལྟར་མེད། རྔུལ་ལེན་ཐུ་བ་འབྱེད་པ་རིང་ཐུང་པུས་མགོ་ཁེབས་ཙམ་ཡིན་ཞིང་། གཞས་འཁྲབ་དུས་མཛེས་ཚོན་ཆེ་བའི་ཆེད་དུ་དཀར་དམར་རམ་དཀར་པོ་དང་དམར་སྐྱ་སྤེལ་ནས་གྱོན་སྲོལ་ཡོད་ཅིང་དཀར་པོ་ནང་དང་དམར་པོ་ཕྱི་ལ་གྱོན་དགོས། སྐེད་པར་སྐེད་རགས་ཚོན་ཁྲ་མ་འཆིང་བ་དང་དངུལ་གྱི་འབག་ཁུག་ཁབ་ཁུག་དཔྱངས་ཡོད། པང་གདན་གྱི་རྒྱུ་སྤུས་ནི་མགོ་སྣམ་དང་ཐེར་མ་ཡིན་ཞིང་འཇའ་རིས་ཀྱི་ཚོན་ཁྲ་རྩིང་ཞིབ་གང་རུང་ཡོད། མགོར་སྟོང་སྐུད་ཚོན་ཁ་སྣ་མང་གིས་བཟོས་པའི་སྐྲ་འཆོར་རྒྱག་པ་དང་། རྣ་བར་གསེར་དངུལ་གྱི་རྣ་རྒྱན་རྒྱག་པ། སྐེ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་དོ་ཤལ་དང་གསེར་དངུལ་གྱི་ག་འུ་འདོགས་པ། ལག་པར་གསེར་དངུལ་གཡུ་སོགས་ཀྱི་ལག་གདུབ་བམ་ལག་འཇོང་དང་མཛུབ་མོར་གསེར་དངུལ་གྱི་སོར་གདུབ་བཏགས་ཡོད། རྐང་པར་བོད་ལྷམ་དང་འཇུ་རྟ་ཡུ་ཐུང་མ་གྱོན་པ་དང་། བུད་མེད་ཀྱིས་འབའ་ཆས་སྤྲས་ནས་འབའ་གཞས་འཁྲབ་པའི་ཚེ་མཛེས་ཉམས་དང་བཀྲག་ཉམས། བཤངས་ཉམས་བཅས་རང་བཞིན་ནས་ཐོན་ཡོང་གི་ཡོད་པ་རེད། སྤྱི་ཚོགས་འཕེལ་རྒྱས་དང་འཚོ་བའི་གོམས་སྲོལ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་འབའ་གཞས་འཁྲབ་དུས་སྲོལ་རྒྱུན་གྱི་གོས་ཆས་གཞིར་བཞག་པའི་ཐོག་འགྱུར་བ་ཆེ་ཕྲ་བྱུང་དང་འབྱུང་བཞིན་ཡོད་ཅིང་། ལྷག་པར་གླུ་གར་ཚོགས་པའི་གོས་ཆས་ཐད་ལ་གསར་གཏོད་རང་བཞིན་ཆེན་པོ་ཡོད་པ་རེད།།
བཅུ། འབའ་གཞས་རྟོག་ཞིབ་དང་ཞིབ་འཇུག
འབའ་གཞས་རྟོག་ཞིབ་དང་ཞིབ་འཇུག་ཉེ་རབས་ནས་འགོ་ཚུགས་པ་ཡིན་ཞིང་། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་ནས་ལྔ་བཅུའི་བར་དུ། སྒྱུ་རྩལ་པ་གྲགས་ཅན་ཏེ་ཨེར་ལེན་དང་ཧུའུ་སུང་ཧྭ། ལུའོ་ཉན་དབྱི་སོགས་སྔོན་རྗེས་སུ་འབའ་ཐང་དུ་ཕེབས་ནས་འབའ་གཞས་སྐོར་ལ་བཅར་འདྲི་དང་སློབ་སྦྱོང་གནང་ཞིང་། ཁོང་ཚོས་འབའ་གཞས་ནི་ཧ་ལས་པའི་སྒྱུ་རྩལ་ཞིག་ཏུ་བརྩིས་ནས་ཕྱིར་ཕྱོགས་སུ་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད། དེ་ནས་བཟུང་འབའ་གཞས་ཀྱང་དཀར་མཛེས་ཁུལ་དང་སི་ཁྲོན་ཞིང་ཆེན། རྒྱལ་ཕྱི་ནང་ཀུན་ཏུ་དར་ཡོད་ལ། རོལ་དབྱངས་ཀྱི་སློབ་དེབ་ཁག་ཏུ་ཡང་བཏུས་པ་རེད། རྗེས་སུ་འབའ་བའི་མི་སྣ་གྲགས་ཅན་སྐལ་བཟང་ཚེ་རིང་དང་། ལིའུ་ཅ་ཅུས། བཀྲ་ཤིས་ཚེ་རིང་། ཕུན་སྟོབས། དཔལ་ལྡན་རྣམ་རྒྱལ། ཡེ་ཤེས་རྒྱ་མཚོ་སོགས་ཀྱིས་འབའ་གཞས་རྟོག་ཞིབ་དང་རྒྱུན་འབྱམས་བྱ་གཞག་ལ་བྱས་རྗེས་ཡོན་གྱིས་མི་ཁུག་པ་བཞག་ཡོད་ལ། 1954ལོར་རོལ་དབྱངས་མཁན་ཧོང་པིང་ཧྲན་གྱིས《གཞས་ཀྱི་རོལ་དབྱངས》ཞེས་པ་བརྩམས་ཡོད། 1981ལོར་འཛམ་གླིང་རོལ་དབྱངས་དུས་དེབ་ཏུ《བོད་ཀྱི་དམངས་ཁྲོད་གླུ་གར་ཏེ་གཞས》ཞེས་པའི་ཆེད་རྩོམ་བཀོད་ཡོད། 1993ལོར་སངས་རྒྱས་མཚོ་མོས《ངས་ཆེས་དགའ་བའི་ཁམས་པའི་གཞས》ཞེས་པ་བརྩམས་པ་དང་། 2003ལོར་མཁས་པ་འཇམ་དབྱངས་ཆོས་འཕེལ་གྱིས《བོད་ཀྱི་གཞས་སྒྱུ་རྩལ་གྱི་བྱུང་འཕེལ་དང་རིགས་དབྱེའི་སྐོར་གླེང་བ》ཞེས་པའི་དཔྱད་རྩོམ་བརྩམས་པ་དང་2007ལོར《བོད་ཀྱི་རིག་གནས་སྒྱུ་རྩལ》དང 《གངས་ཅན་རོལ་དབྱངས་རིག་པའི་གསར་དཔྱད》ཞེས་པའི་དེབ་གཉིས་བརྩམས། 2004ལོར་ཕན་སྟོབས་དང་བློ་བཟང་གིས《འབའ་གཞས》ཞེས་པའི་དེབ་བརྩམས། 2007ལོར་རོལ་དབྱངས་མཁན་ཡེང་ཅེས《འབའ་གཞས་ཀྱི་རིགས་ཚོ་རིག་གནས་དང་མི་རིགས་རིག་གནས་མཉམ་གནས་སྐོར་གླེང་བ》ཞེས་དཔྱད་རྩོམ་མཛད་པ་དང་། 2008ལོར་རྩོམ་པ་པོ་ལུང་ཅེས་《གཞས་ཀྱི་གདོད་མའི་ས་པ་སྟེ་འབའ་གཞས》ཞེས་པ་བརྩམས་ཡོད། འབའ་བ་ཕན་སྟོབས་དང་བློ་བཟང་གཉིས་ཀྱིས2012ལོར《འབའ་བའི་གཞས་ཚིག》སྟོད་ཆ་དང་སྨད་ཆ་བརྩམས་པ་དང་། བློ་བཟང་དང་མར་རྣམ་རྒྱལ་གཉིས་ཀྱིས《འབའ་གཞས་ཀྱི་གཞས་གདངས》བརྩམས་ཏེ་འབའ་གཞས་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་བླ་ལྷག་ཏུ་ཆེ་བ་བཞག་ཡོད།
《 འབའ་གཞས་ཀྱི་གཞས་ཚིག》ཅེས་པའི་མཇུག་བྱང་དུ་བློ་བཟང་ལགས་ཀྱིས་འབའ་གཞས་ནི་བགྲང་བྱ་སྟོང་ཕྲག་དུ་མར་ཁམས་བོད་མཐོ་སྒང་ཐོག་འཚོ་བཞེས་གནང་བའི་འབའ་ཐང་མི་དམངས་རྣམས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་རྟུལ་ཕོད་ཀྱི་སྙིང་སྟོབས་དང་། ཤེས་རིག་བློ་རྒྱ་དང་ལྡན་པའི་བག་ཆགས་གཤིས་རྒྱུད་ལས་ལྷན་དུ་ཐོན་པའི་དཔལ་ཡོན་གྱི་ཐོན་རྫས་སམ་ཡེ་ཤེས་ཀྱི་ཞུན་ཐིགས་ལྟ་བུ་ཞིག་ཡིན། འབའ་གཞས་ནི་ཁུངས་དག་པའི་རོང་ཡུལ་ཞིང་ལས་ཀྱི་རིག་གནས་དང་མི་སེར་དཀྱུས་མའི་རིག་གནས་ཀྱི་ཁོངས་སུ་གཏོགས་པ་དང་། དམངས་ཁྲོད་དུ་གཞི་རྩ་ཟབ་མོ་ཟུག་ཡོད་ལ་བོད་རིགས་དམངས་ཁྲོད་དུ་རོལ་རྩེད་ཀྱི་སྤྲོ་བའང་འཕེལ་ཐུབ་པའི་རྩོམ་རིགས་ཀྱི་རྣམ་པ་མཆོག་ཏུ་གྱུར་པ་ཡིན། ལོ་རྒྱུས་ཐད་མྱོང་ཆ་ཟབ་བ་དང་རིག་གནས་ཐད་མཁྱེན་རྒྱ་ཆེ་བ། མཚོན་བྱ་ཕུན་སུམ་ཚོགས་པོ། རོལ་དབྱངས་འགྱུར་ཁུགས་ལྡན་པོ། སྦྱོར་ཚིག་ཡིད་དབང་འཕྲོག་པོ། གར་སྟབས་ལྟ་ན་སྡུག་པ་སོགས་ཕྱི་ཚུལ་དང་ནང་དོན་གང་རུང་བག་ཆགས་པའི་འབའ་གཞས་དེ་ནི་སྒྱུ་རྩལ་དང་ཞིབ་འཇུག རོལ་མྱོང་བཅས་བྱེད་རིན་ཤིན་ཏུ་ཆེ་བའི་བོད་རིགས་དམངས་ཁྲོད་ཀྱི་རྩོམ་རིག་སྒྱུ་རྩལ་མཆོག་ཏུ་གྱུར་པ་ཞིག་ཡིན་ཞེས་གསུངས་པ་ལྟར། འབའ་གཞས་ཀྱི་མཛེས་དཔྱད་ལྟ་བའི་ཐད་སྒྱུ་རྩལ་གྱི་རྣམ་པ་ཡག་པ་དང་། རོལ་དབྱངས་དང་ཞབས་བྲོ་ཡག་པ། གཞས་ཚིག་ཡག་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་དང་། འབའ་གཞས་ལ་རོལ་རྩེད་དང་ལུས་སྦྱོང་གི་བྱེད་ནུས་དང་། སློབ་གསོའི་བྱེད་ནུས། གུས་ལུགས་ཀྱི་བྱེད་ནུས། རིག་གནས་སྐུལ་ཁྲིད་ཀྱི་བྱེད་ནུས་སོགས་ཡོད་པ་ཤུགས་སུ་རྟོགས་ཐུབ་པ་རེད། 2000ལོར་རྒྱལ་ཁབ་རིག་གནས་པུའུ་ཡིས་འབའ་ཐང་རྫོང་ལ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་འབྱུང་ཡུལ་ཞེས་པའི་མཚན་བྱང་གནང་བ་དང2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཐོག་མའི་གྲས་སུ་བཞག་ཡོད། མདོ་ཁམས་ཕྱོགས་ཀྱི་འབའ་ཐང་།། གཞས་བྲོ་གླུ་ལ་མཁས་སོང་།། ལྷག་པར་གཞས་ཀྱི་ས་བོན།། ཡུལ་ཁམས་ཀུན་ཏུ་ཁྱབ་ཡོད།། ཅེས་པ་གཞས་ཚིག་ཏུ་བཀོད་པ་ལྟར་རོ།།