རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 02-26




       ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་གྱི་དཔེ་བཟང་མཚན་སྙན་ཐོབ་མཁན་སོགས་ལ་བྱ་དགའ་སྤྲད་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་། ཝང་དབྱང་གིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་གནང་། ལི་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་།  ཀྲའོ་ལི་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་ཆེན་ནང་ཞུགས་པ་རེད།

      མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་། བརྗིད་ཉམས་ཀྱི་རྣམ་པས་ཁེངས།
     སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག ཚོགས་ཆེན་འགོ་ཚུགས་པ་རེད། བཅིངས་འགྲོལ་དམག་གི་དམག་དཔུང་རོལ་དབྱངས་རུ་ཁག་གིས་བློས་བླངས་དམག་གི་མདུན་བསྐྱོད་གླུ་གཞས་དཀྲོལ་ཞིང་། ཚོགས་རའི་ནང་ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།

      ཝང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་དཔེ་བཟང་གི་མཚན་སྙན་གནང་བའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས། ཆོད་དོན་ནང་། སྔོན་ཐོན་ལ་གཟེངས་བསྟོད་དང་སྐུལ་མ་གཏོང་བ་དང་། མི་རིགས་སྙིང་སྟོབས་དང་དུས་རབས་སྙིང་སྟོབས། དབུལ་བྲལ་འགག་སྒྲོལ་སྙིང་སྟོབས་དར་སྤེལ་བཏང་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲི་རང་བཞིན་དང་འོས་འགན་རང་བཞིན། གཟི་བརྗིད་རང་བཞིན་བཅས་ལ་སྐུལ་སློང་བྱས་ནས། སྔར་བས་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མའོ་ཞང་ལིང་སོགས་བློ་མཐུན་བཅུ་དང་ཧོ་པེ་ཞིང་ཆེན་སན་ཧན་པ་འཕྲུལ་ཆས་ནགས་ར་སོགས་ཚོགས་པ་བཅུ་ལ་རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་དཔེ་བཟང་ལ་མཚན་སྙན་གནང་བའི་ཐག་བཅད།

  བརྗིད་ཉམས་ལྡན་པའི་མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ་ཞེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་དཔེ་བཟང་གི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་དང་དཔང་ཡིག གཟེངས་རྟགས་སོགས་གནང་བ་མ་ཟད། ཁོ་ཚོར་རྟེན་འབྲེལ་ཞུས། ཡུལ་དངོས་སུ་ཐལ་སྒྲ་ཁེབས་པ་རེད།

      ཝང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་གྱི་ཕུལ་བྱུང་མི་སྒེར་དང་སྔོན་ཐོན་ཚོགས་པ་ལ་གཟེངས་བསྟོད་གནང་བའི་ཆོད་དོན་སྒྲོག་སྦྱོང་གནང་། ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཚོགས་པ་ལ་བྱ་དགའ་གནང་། ཚོགས་ར་ཡོངས་ཀྱི་དགའ་སྤྲོའི་ཐལ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས། དེ་རིང་ང་ཚོས་གཟབ་རྒྱས་སྒོས་ཚོགས་ཆེན་འཚོགས་ནས། བརྗིད་ཉམས་ལྡན་པའི་སྒོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འབད་པ་འོག ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་གནད་འགག་གི་དུས་འདིར། རང་རྒྱལ་གྱི་དབུལ་བྲལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཅིང་། ད་ཡོད་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་དགུ་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ཚང་མ་དབུལ་བྲལ་བྱུང་། དབུལ་ཕོངས་རྫོང་བརྒྱད་བརྒྱ་སོ་གཉིས་དབུལ་ལས་ཐར་ཞིང་། དབུལ་ཕོངས་གྲོང་སྡེ་འབུམ་གཅིག་ཁྲི་གཉིས་སྟོང་བརྒྱད་དབུལ་ཕོངས་ལས་བྲལ་བ་དང་། ས་ཁོངས་སྤྱིའི་ཆ་ནས་དབུལ་ཕོངས་ཀྱི་གནད་དོན་སེལ་ནས། དབུལ་ཕོངས་ཚབས་ཆེན་མེད་པར་བཟོ་བའི་ལས་འགན་གལ་ཆེན་འགྲུབ་པ་དང་། ལོ་རྒྱུས་དེབ་ཐེར་དུ་འཁོད་ཆོག་པའི་ངོ་མཚར་བསྐྲུན། འདི་ནི་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་ཡིན། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད་ཡིན་ཞེས་བསྒྲགས་པ་རེད།

      ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས། བྱ་དགའ་ཐོབ་པའི་ཕུལ་བྱུང་མི་སྒེར་དང་སྔོན་ཐོན་ཚོགས་པར་རྟེན་འབྲེལ་ཞུས། དབུལ་བྲལ་འགག་སྒྲོལ་ལ་བྱས་རྗེས་བཞག་པའི་རིམ་པ་སོ་སོའི་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་དང་ཁེ་ལས་དོན་ལས་ལས་ཁུངས། ཞིང་སྡེའི་རྒྱ་ཆེ་བའི་གཞི་རིམ་རྩ་འཛུགས་དང་ཏང་ཡོན། ལས་བྱེད། མང་ཚོགས། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་སྒྲུབ་རུ་ཁག  དང་བླངས་པ། དམངས་གཙོ་ཏང་ཤོག་ཁག  བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། དེ་མིན་སྤྱི་ཚོགས་ལས་རིགས་ཁག་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས། དབུལ་བྲལ་འགག་སྒྲོལ་ནང་ཧུར་ཐག་གིས་ཞུགས་ཤིང་རྒྱབ་སྐྱོར་གནང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་སྤུན་ཟླ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ་དང་ཕྱི་སྡོད་རང་མིའི་སྤུན་ཟླ། ཀྲུང་གོའི་དབུལ་འཕྲིའི་ལས་དོན་ལས་ཐུགས་ཁུར་དང་རོགས་རམ་གནང་བའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་གྱི་མཛའ་བརྩེ་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས།

      ཞི་ཅིན་ཕིང་གིས་དབུལ་ཕོངས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་གཅོང་ནད་ལྟ་བུ་རེད། དབུལ་ཕོངས་སེལ་བ་ནི་དུས་ནམ་ཡང་གནའ་དེང་དང་རྒྱལ་ཕྱི་ནང་དུ་འགྲོ་བ་མིའི་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་ཞིག་ཡིན།  ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཀྱིས་དབུལ་ཕོངས་ལ་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་ཐོག་མའི་ཕུགས་འདུན་དུ་བརྩིས་ནས། ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་ཉིད་ཀྱི་སྐྱིད་པའི་འཚོ་བ་གཏོད་ཆེད་ཡུན་རིང་དཀའ་སྤྱད་འབད་བརྩོན་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་གྲུབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད། མི་དམངས་སྒྲིག་འཛུགས་བྱས་ནས་རང་སྟོབས་རང་སྤེལ་དང་། འབད་འབུངས་སྟོབས་སྐྱེད། ཡང་བསྐྱར་སྲིད་འཛིན་བཅས་བྱས་ཏེ།  དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གཞི་ཁྱོན་ཆེ་བ་དང་།  འཆར་གཞི་ཡོད་པ།  རྩ་འཛུགས་ཡོད་པ་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་ལག་བསྟར་བྱས་པ་དང་།  སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་ཤུགས་རྒྱག་པ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་རྒྱབ་ནས། སྔར་བྱུང་མ་མྱོང་བའི་གྲུབ་འབྲས་རླབས་ཆེན་ཐོབ་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་དབུལ་བྲལ་འགག་སྒྲོལ་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་མངོན་གསལ་དོད་པོའི་ཐོག་བཞག་པ་དང་། དབུལ་བྲལ་འགག་སྒྲོལ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམའ་ཚད་ཀྱི་ལས་འགན་ལ་བརྩིས་ཏེ། བརྗིད་རྔམ་ཆེ་བའི་དབུལ་བྲལ་འགག་སྒྲོལ་གྱི་མི་དམངས་ཀྱི་བྱ་གཞག་ཅིག་སྒྲིག་འཛུགས་བྱས་ནས་བསྒྲུབས་པ་རེད། ལོ་བརྒྱད་ཀྱི་རིང་ཏང་དང་མི་དམངས་ཀྱིས་དཀའ་ངལ་ཁྱད་བསད་དང་ངལ་བ་དང་དུ་བླངས་ནས། མི་འགྱུར་རྡོ་རྗེའི་སྙིང་སྟོབས་དར་སྤེལ་བཏང་བ་དང་། བཙན་རྫོང་མཁྲེགས་པོ་གཏོར་ཕོད་པ་བྱས་ཏེ། དབུལ་པོ་ཁྲོད་ཀྱི་དབུལ་པོ་དང་ཁག་པོ་ནང་གི་དཀའ་ཁག་སེལ་ཐབས་བྱས་ནས། དབུལ་བྲལ་འགག་སྒྲོལ་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་བྲལ་ཐུབ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། དབུལ་བྲལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོའི་རྗེས་ཟིན་ནས་སྤྱི་ཡོངས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་།  དབུལ་བྲལ་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་ནས་རང་བདག་རང་སྤེལ་གྱི་སྤོབས་པ་བསྐྱེད་ཡོད། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ལེགས་བཅོས་མངོན་གསལ་བྱུང་བ་དང་། ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་སོང་བ་རེད།  དབུལ་འཕྲི་དང་བཅོས་སྐྱོང་གི་ཀྲུང་གོའི་མིག་དཔེ་བཏོད་ནས། འཛམ་གླིང་ཡོངས་ཀྱི་དབུལ་འཕྲི་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།

      ཞི་ཅིན་ཕིང་གིས། བུ་བཟང་དཔའ་བོ་དུས་ལས་བྱུང་། རླབས་ཆེན་སྐྱེ་བོ་ཕལ་བའི་ཁྲོད་ཟེར་བ་ལྟར། དབུལ་བྲལ་འགག་སྒྲོལ་ལས་དོན་རིང་དབུལ་སྐྱོར་ལས་བྱེད་ས་ཡ་ཁ་ཤས་ཀྱིས་དཀའ་སྤྱད་སྡུག་རུས་དང་འབད་པ་ལྷོད་མེད་ཀྱིས་དབུལ་ཕོངས་མང་ཚོགས་ལ་བསམ་བློ་གཅིག་དང་། འཚོ་བ་མཉམ་དུ། དཀའ་ལས་མཉམ་རྒྱག་བྱས་ཏེ།  མཛེས་སྡུག་ལྡན་པའི་ལང་ཚོའི་ལོ་ཟླ་དག་དབུལ་བྲལ་བྱ་གཞག་ལ་ཕུལ་ཡོད།  ཀུན་གྱི་ཡིད་སེམས་དབང་མེད་ཤོར་བའི་སྔོན་ཐོན་གྱི་བྱ་སྤྱོད་གང་མང་བཞག་ཡོད།  དབུལ་བྲལ་འགག་སྒྲོལ་རིང་བློ་མཐུན་ཆིག་སྟོང་བརྒྱད་བརྒྱ་ལྷག་གི་ཚེ་སྲོག་ཀྱང་དབུལ་བྲལ་འགག་སྒྲོལ་ལས་ལ་བློས་བཏང་སྟེ།  གུང་ཁྲན་ཏང་མིའི་དམ་བཅའ་དང་འགན་འཁྲི་ལ་སྒྲོག་འགྲེལ་བྱས་ཡོད།  དབུལ་བྲལ་འགག་སྒྲོལ་ནས་རང་སྲོག་བློས་བཏང་པའི་མི་སྣ་དག་གིས་གཏོང་ཕོད་དང་བྱས་རྗེས་བཞག་པའི་གཟི་བྱིན་འབར་བའི་ལོ་རྒྱུས་བྱས་རྗེས་དེ། ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།  སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་དཔའ་བོ་དེ་དག་གི་གཉེན་ཉེ་ཚང་མར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ལ།  དབུལ་བྲལ་འགག་སྒྲོལ་གྱི་དཔའ་བོའི་ངོ་མཚར་གཏམ་རྒྱུད་དང་སྙིང་སྟོབས་དྲིལ་བསྒྲགས་ཆེན་པོ་བཏང་ནས།  རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཁྱོན་ཡོངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་།  ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོད་དམིགས་འབེན་འགྲུབ་ཆེད་དཀའ་སྤྱོད་འགག་སྒྲོལ་དང་སྤོབས་པ་ཆེར་བསྐྱེད་དེ་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས།  དབུལ་བྲལ་འགག་སྒྲོལ་ལ་འཛམ་གླིང་ཡོངས་ཀྱི་དོ་སྣང་ཆེ་བའི་གྲུབ་འབྲས་ཐོབ་ཡོད་པ་ནི།  ཏང་གི་འགོ་ཁྲིད་བརྟན་པོ་ལས་བྱུང་བ་རེད། ཀྲུང་ཧྭ་མི་རིགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འབུངས་ཀྱི་སྙིང་སྟོབས་ལས་བྱུང་བ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས། ནང་སྒོས་སུ་བཅོས་སྒྱུར་སྒོ་འབྱེད་ནས་ད་བར་བཞག་པའི་དངོས་པོའི་རྨང་གཞི་བརྟན་པོ་ལས་བྱུང་།  སྐབས་རིམ་བྱོན་གྱི་ལག་ལེན་གཏན་སྲུང་ལས་བྱུང་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མཐུན་སྒྲིལ་འབད་བརྩོན་ལས་བྱུང་བ་རེད།  ང་ཚོས་རང་རྒྱལ་ཀྱི་གནས་ཚུལ་ལ་གཞིགས་ཏེ། དབུལ་བྲལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ།  རྒྱུན་ལྡན་དང་མི་འདྲ་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ནས། ལག་བསྟར་བེད་ནུས་ལྡན་པའི་སྲིད་ཇུས་མ་ལག་དང་ལས་དོན་མ་ལག ལམ་ལུགས་མ་ལག་ཆ་ཚང་བ་ཞིག་འཛུགས་སྐྱོང་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་བྲལ་ལམ་བུ་ཞིག་གཏོད་དེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་བྲལ་གྱི་རིག་གཞུང་ཞིག་ཆགས་ཡོད།  དེ་དག་གཙོ་བོར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ཀྱིས་དབུལ་བྲལ་འགག་སྒྲོལ་ལ་ཆབ་སྲིད་དང་རྩ་འཛུགས་ཀྱི་ཁག་ཐེག་བརྟན་པོ་བྱས་ཡོད།  མི་དམངས་གཙོ་བོའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་བློ་བརྟན་གྱུར་མེད་ཀྱི་ཐུན་མོང་ཕྱུག་འགྱུར་ལམ་དུ་བསྐྱོད་ནས་ཐོབ།

    རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ལེགས་ཆ་འདོན་སྤེལ་རྒྱུན་འཁྱོངས་བྱས་ནས། དབུལ་བྲལ་འགག་སྒྲོལ་གྱི་ཐུན་མོང་སྙིང་སྟོབས་དང་ཐུན་མོང་བྱ་སྤྱོད་ཆགས་ཡོད། དབུལ་བྲལ་ཐིག་པོའི་འཐབ་ཇུས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ལ་བརྟེན་ནས་དབུལ་ཕོངས་འབྱུང་ཁུངས་མེད་པ་གཏོང་ཡོད།  རྒྱ་ཆེ་བའི་དབུལ་ཕོངས་མང་ཚོགས་ཀྱི་ཧུར་སེམས་དང་། རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་སྐུལ་སློང་བྱས་ནས།  དབུལ་བྲལ་རང་སྟོབས་རང་སྤེལ་གྱི་སྒུལ་ཤུགས་སྐུལ་སློང་བྱེད་ཡོད། དགའ་སྡུག་མཉམ་མྱོང་དང་། མཐུན་སྒྲིལ་རོགས་རེས་ཀྱི་ཀུན་སྤྱོད་དར་སྤེལ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཡོངས་སུ་དབུལ་སྐྱོར་གྱི་ཁོར་ཡུག་ཆགས་པ་བྱེད། བདེན་འཚོལ་དོན་གཉེར་དང་དཀའ་སེལ་འགག་སྒྲོལ། ཏན་ཏན་ཏིག་ཏིག་གིས་རྒྱུན་འཁྱོངས་བྱས་ནས། དབུལ་སྐྱོར་ངོ་མ་དང་། དབུལ་བྲལ་ངོ་མ་བྱས་ཡོད།  ཉམས་མྱོང་དང་ངོས་འཛིན་གལ་ཆེན་འདི་དག་ནི་རང་རྒྱལ་དབུལ་བྲལ་འགག་སྒྲོལ་གྱི་རིག་གཞུང་གྲུབ་འབྲས་ཡིན་པ་མ་ཟད། མཱ་ཁེ་སི་རིང་ལུགས་ཀྱི་དབུལ་ཕོངས་སེལ་བའི་རིག་གཞུང་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་པ་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས། རླབས་ཆེན་བྱ་གཞག་ལས་རླབས་ཆེན་སྙིང་སྟོབས་བྱུང་། རླབས་ཆེན་སྙིང་སྟོབས་ཀྱིས་རླབས་ཆེན་བྱ་གཞག་ལ་སྣེ་ཁྲིད། དབུལ་བྲལ་འགག་སྒྲོལ་གྱི་རླབས་ཆེན་བྱ་གཞག་ལས། གོང་འོག་གཅིག་མཐུན་དང་། སེམས་ཤུགས་གཅིག་སྒྲིལ། དོན་གཉེར་ཐིག་པོ། གསར་གཏོད་རྒྱ་བསྐྱེད། དཀའ་སེལ་འགག་སྒྲོལ། མི་དམངས་ཀྱི་རེ་བ་སྟོང་ཟད་མི་གཏོང་བའི་དབུལ་བྲལ་འགག་སྒྲོལ་གྱི་སྙིང་སྟོབས་ཆགས་ཡོད། དབུལ་བྲལ་འགག་སྒྲོལ་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་གཤིས་དམིགས་འབེན་དང་། ཀྲུང་གོའི་མི་དམངས་ཀྱི་ཀུན་སྤྱོད་བློ་སྦྱོང་། ཀྲུང་ཧྭ་མི་དམངས་ཀྱི་སྙིང་སྟོབས་ཀྱི་མཚོན་བྱེད་ཡིན་པ་མ་ཟད། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་དགོངས་པའི་གཅིག་བསྡུས་མཚོན་བྱེད་དང་། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་ཡོངས་སུ་མཚོན་པས། རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་དབུལ་བྲལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་དང་། མཐུན་སྒྲིལ་གཅིག་མཐུན་དང་། དཔའ་ངར་ཆེ་སྐྱེད་བྱེད་དགོས། མདུན་སྐྱོད་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་ཉེན་ཁ་ཡོད་ཚད་སེལ་ནས། ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ལ་རྒྱལ་ཁ་སྔར་ལས་ཆེན་པོ་ཐོབ་པ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་བྲལ་འགག་སྒྲོལ་ལས་ཕྱོགས་ཡོངས་ནས་རྣམ་པར་རྒྱལ་བ་ནི། ཏང་གི་མི་དམངས་མཐུན་བསྒྲིལ་དང་སྣེ་ཁྲིད་བྱས་ནས་མ་འོངས་བདེ་སྐྱིད་འཚོ་བ་བསྐྲུན་པ་དང་། མཉམ་དུ་འབྱོར་ཕྱུག་ཡོང་བའི་ལམ་བུའི་ཐོག་གོམ་པ་བརྟན་པོ་ཞིག་སྤོས་ཡོད་པ་མཚོན། དེ་མིན་དབུལ་ལས་བྲལ་བ་ནི་འཚོ་བ་གསར་པ་དང་བྱ་གཞག་གསར་པའི་འགོ་མ་ཡིན་མ་གཏོགས། མཐའ་ཐུག་གི་དམིགས་ཡུལ་མིན། འཕེལ་རྒྱས་དོ་མཉམ་མིན་པ་དང་ཆ་ཚང་མིན་པའི་གནད་དོན་ཐག་གཅོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་ཀྱི་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་གཏོང་བ། མིའི་སྒོ་ཀུན་གྱི་འཕེལ་རྒྱས་ཡོང་བ། མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་ཡོང་བ་བཅས་ལས་འགན་ལྗིད་ཞིང་ལམ་ཐག་རིང་། ང་ཚོས་ང་ཆེ་ང་རྒྱལ་དང་ལྷོད་གཡེང་བྱེད་པའི་རྒྱུ་མཚན་གང་ཡང་མེད། ངེས་པར་དུ་བབ་བསྟུན་མདུན་བསྐྱོད་དང་ཡང་འབད་བསྐྱར་འབད། འབད་བརྩོན་ལྷོད་མེད་བྱེད་དགོས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་གསར་གཏོད་དང་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེང་དར་རྒྱས་གཏོང་བ་གཉིས་འབྲེད་མཐུད་ཡག་པོ་བྱེད་པའི་ལས་ཀ་ཁག་ཡག་པོ་སྒྲུབ་པ་དང་། ཡང་བསྐྱར་དབུལ་ཕོངས་འགྱུར་སླ་བར་མི་འབོར་ལ་ལྟ་སྐུལ་ཚད་ལེན་ཇེ་དྲག་དང་། དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་ལ་ཡུན་རིང་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་པ། གཞན་ཡུལ་དབུལ་སྐྱོར་གནས་སྤོའི་མང་ཚོགས་ཀྱི་རྒྱུན་མཐུད་རོགས་སྐྱོར་ཡག་པོ། དབུལ་བྲལ་ཐུབ་པའི་རྫོང་ལ་རོགས་སྐྱོར་བཅས་བྱས་ནས། དབུལ་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱེད་དགོས། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་སྒྲུབ་རུ་ཁག  ཤར་ནུབ་རྒྱུད་མཉམ་ལས། རིགས་མཐུན་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་མ་ཟད། ད་དུང་གནས་བབ་དང་ལས་འགན་གྱི་འགྱུར་བ་དང་བསྟུན་ནས་འཐུས་ཚང་གཏོང་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་པོ་གཏོང་བའི་འགན་འཁྲི་ཇེ་བརྟན་དུ་བཏང་ནས། གཞི་ཁྱོན་ཅན་གྱི་ཡང་བསྐྱར་དབུལ་ཕོངས་མི་འབྱུང་བའི་མཐའ་མའི་ཚད་གཞི་བརྟན་སྲུང་བྱེད་དགོས་ཞེས་ནན་གསུང་གནང་།

     ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་གལ་ཆེན་ཡིན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་གནས་བབ་གསར་པ་འཛུགས་སྐྱོང་བཅས་ལས་བྱུང་བའི་འཕེལ་ཕྱོགས་གསར་པ་དང་། བཏོན་པའི་བླང་བྱ་གསར་པར་དམིགས་ནས། ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ལམ་བུའི་ཐོག་བསྐྱོད་པ། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་ཧེ་བག་ཇེ་ཆུང་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ནས། ཡོང་འབབ་དམའ་ཞིང་དར་རྒྱས་མིན་པའི་ས་ཁུལ་ལ་འཕེལ་རྒྱས་གྲུབ་འབྲས་ལོངས་སུ་སྤྱོད་བཅུག་ནས། དེང་རབས་ཅན་གྱི་འཕེལ་རིམ་ནང་གཅིག་ཀྱང་རྗེས་སུ་ལུས་འཇུག་མི་རུང་། 

     ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྱོན་ཡོངས་དཀའ་ཁག་དབུལ་བྲལ་འགག་སྒྲོལ་ལས་སླ་མོ་མེད་པས། སྲིད་ཇུས་མ་ལག་དང་། ལས་ཀའི་མ་ལག ལམ་ལུགས་མ་ལག་འཐུས་ཚང་གཏོང་བ་དང་། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་དང་། སྟོབས་ཤུགས་གཅིག་བསྡུ་ལེགས་སྒྲིག  ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་གཏོང་བ་བཅས་བྱས་ནས། ཞིང་ལས་སྤུས་མཐོ་ནུས་མཐོ་དང་། གྲོང་གསེབ་ཀྱི་བདེ་སྡོད་ལས་བདེ་དང་། ཞིང་པ་ཕྱུག་པོ་ཡོང་བར་བྱེད་དགོས་ཞེས་གསུངས།

      ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་འགྲུལ་བཞུད་གསར་པའི་ཐོག ང་ཚོས་ངེས་པར་དུ་མི་དམངས་ཚང་མ་ཐུན་མོང་ཕྱུག་འགྱུར་ཡོང་བ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། ཏན་ཏན་ཏིག་ཏིག་དང་། ཡང་འབད་བསྐྱར་འབད་བྱས་ནས། དམིགས་འབེན་འདི་ལ་དམ་པོར་དམིགས་ཏེ་སྔར་ལས་ཧུར་ཐག་འབད་བརྩོན་བྱེད་པ་དང་། མིའི་སྒོ་ཀུན་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་སྔར་ལས་ཇེ་མང་དང་། སྔར་ལས་འགན་སྲུང་། སྔར་ལས་རྒྱུན་མཐུད་ཆོག་པ་བྱེད་དགོས་ཞེས་ནན་གསུང་གནང་།

      ཞི་ཅིན་ཕིང་གིས་འདས་སོང་ལ་ཕྱིར་ལྟ་བྱེད་ཚེ། ང་ཚོས་ཀྲུང་ཧྭ་མི་རིགས་ལོ་ངོ་སྟོང་ཕྲག་མང་པོར་སྡུག་ལ་སྦྱར་པའི་དབུལ་ནག་གནད་དོན་ཐད་རླབས་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། མིའི་རིགས་ཀྱི་དབུལ་འཕྲི་ལོ་རྒྱུས་ཐོག་གི་ངོ་མཚར་སྐྲུན་ཡོད། མ་འོངས་པར་ཕྱོགས་ནས། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རླབས་ཆེན་གྱི་ལོ་རྒྱུས་ལ་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

     ཞི་ཅིན་ཕིང་གིས་ལས་འགན་ཧ་ཅང་ལྕི་བས། དུས་ཡུན་རིང་པོར་འབད་བརྩོན་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་ཡག་པོ་བྱས་ནས། ཡིད་ཆེས་ཆོད་སེམས་ཇེ་བརྟན་དང་། ནམ་ཡང་ལྷོད་གཡེང་མི་གཏོང་བའི་སྙིང་སྟོབས་དང་། གཏན་དུ་འབད་བརྩོན་ལྷོད་མེད་བྱེད་པའི་རྣམ་འགྱུར་གྱིས། དངོས་དོན་དམ་འཛིན་དང་། དཀའ་ངལ་ཁྱབ་བསད་བྱས་ནས། ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་ཕྱོགས་སུ་དཔའ་ངར་གྱིས་མདུན་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད།

    ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས། དབུལ་བྲལ་འགག་སྒྲོལ་ལ་ཕྱོགས་ཡོངས་རྒྱལ་ཁ་ཐོབ་པ་བརྗིད་ཉམས་ལྡན་པའི་ངང་བསྒྲགས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་དང་། ལོ་བརྒྱ་ཐམ་པ་དང་པོའི་འབད་བརྩོན་དམིགས་འབེན་ཀྱི་འཐབ་ཇུས་མཐོ་ཚད་མངོན་འགྱུར་ལས། དབུལ་བྲལ་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་ལ་བདེན་དཔང་བླ་མེད་མཛད་ཡོད།

    དབུལ་བྲལ་འགག་སྒྲོལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་པ་དང་། རླབས་ཆེན་གྱི་དབུལ་བྲལ་འགག་སྒྲོལ་གྱི་སྙིང་སྟོབས་རྒྱས་བཤད་གཏིང་ཟབ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་བླང་བྱ་ཁ་གསལ་བཏོན་པ་དང་། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན།  མཛུབ་ཁྲིད་རང་བཞིན།  དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཡག་པོ་བསྒྲུབས་ནས། འབད་བརྩོན་ཧུར་ཐག་དང་། ཞུམ་མེད་འབད་འཐབ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། གྲུབ་འབྲས་གཡུར་དུ་ཟ་བའི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་བརྒྱ་ཐམ་པ་འཁོར་བར་བསུ་མ་ཞུ་དགོས་ཞེས་གསུངས།

      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ།  རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཞུགས་པ་རེད། 

      ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་སྡེ་ཚན་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ།  ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་ཁོངས་མི།  རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་ཕྱོགས་སྡོམ་གཟེངས་བསྟོད་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི།  དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་།  རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་སྐུ་ཚབ་སུམ་སྟོང་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། 

      ཚོགས་འདུ་མ་འཚོགས་གོང་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་དཔེ་བཟང་མཚན་སྙན་ཐོབ་མཁན་དང་།  རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་ཕུལ་བྱུང་མི་སྒེར་དང་སྔོན་ཐོན་ཚོགས་པའི་སྐུ་ཚབ། རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་མིག་དཔེ་བཟང་པོའི་གཟི་བརྗིད་མཚན་སྙན་ཐོབ་མཁན་མི་སྒེར་དང་། གཞུང་དོན་དུ་སྐུ་གཤེགས་པའི་རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་ཕུལ་བྱུང་མི་སྒེར་གྱི་གཉེན་ཉེའི་སྐུ་ཚབ་སོགས་ལ་མཇལ་འཕྲད་གནང་བ་རེད། ཞི་ཅིན་ཕིང་སོགས་ཀྱིས་ཚང་མ་དང་མཉམ་དུ་དྲན་རྟེན་མཉམ་པར་སྒྲོན་པ་རེད།  









རྩོམ་ཡིག་སྔོན་མ།
发扬“两路”精神,再出发!

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1