ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཅིག་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟབ་སྦྱོང་འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། འདས་མ་ད་གསུམ་གང་ཡིན་རུང་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ལམ་བཟང་བོ་ནི་ང་ཚོ་དཀའ་ངལ་ལ་སྐྲག་མི་དགོས་པ་དང་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་བའི་བསམ་པའི་རྒྱགས་ཕྱེ་རིན་ཐང་བྲལ་བ་ཡིན། ན་གཞོན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་རྒྱུན་འཛིན་པ་ཡིན་པས། ངེས་པར་དུ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ལམ་བཟང་བོའི་རྒྱུན་འཛིན་པ་རྣལ་མ་བྱས་ཏེ། བར་མ་ཆད་པའི་སྒོ་ནས་འདུ་ཤེས་དང་བློ་སྤོབས། རང་གཅུན་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་ནས། དུས་རབས་གསར་པའི་ནང་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་པའི་ཁྲོད་ནས་འབད་འབུངས་སྔོན་སྐྱོད་དང་བྱས་རྗེས་འཇོག་པར་འབད་དེ། ཏང་དང་མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་ལག་རྗེས་འཇོག་པར་བརྩོན་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཛད་སྒོར་ཞུགས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་རླབས་ཆེན་གྲུབ་འབྲས་བླངས་པའི་ཁྲོད། ཆེས་གལ་འགངས་ཆེ་ཤོས་གཅིག་ནི་ང་ཚོའི་ཏང་གིས་དུས་ཡུན་རིང་བོའི་ལག་ལེན་ཁྲོད་དུ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ལམ་བཟང་བོ་མང་པོ་གསོ་སྐྱོང་དང་རྒྱུན་འཁྱོངས་བྱས་པ་དེ་ཡིན། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ལམ་བཟང་བོ་དེ་དག་ནི་ང་ཚོ་ཏང་གི་ངོ་བ་དང་གཞི་རྩའི་ཆོས་ཉིད་ཀྱི་གཅིག་བསྡུས་མངོན་སྟངས་ཡིན་ལ། ང་ཚོའི་ཏང་འདི་ཉིད་ཏང་སྲིད་གཞན་དག་དང་མི་འདྲ་སའི་གནད་ལྟ་བུའང་ཡིན། ཏང་ལ་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་གོང་བཀུར་ཐོབ་དགོས་ན། ཅིས་ཀྱང་བློ་བརྟན་འགྱུར་མེད་ངང་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ལམ་བཟང་བོ་དར་སྤེལ་གང་ལེགས་གཏོང་དགོས་ཟེར།
ཁྲིན་ཞི་ཡིས་མཛད་སྒོར་མགོ་འཛིན་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་གཞི་གཅིག་ཏུ་སྦྲེལ་ནས་སློབ་སྦྱོང་བྱེད་རྒྱུ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་བདེན་པའི་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས། མི་གཤིས་སྟོབས་ཤུགས་བཅས་ལ་གོ་བ་ཡང་དག་ལེན་པར་བརྩོན་ཏེ། བར་མ་ཆད་པའི་སྒོ་ནས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ལམ་བཟང་བོ་སློབ་སྦྱོང་དར་སྤེལ་གཏོང་བའི་ཆབ་སྲིད་རང་རྟོགས་དང་བསམ་གཞིགས་རང་རྟོགས། ལག་ལེན་རང་རྟོགས་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་བར་སྒོ་ཀུན་ནས་འབད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱབ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་དགོས་ཟེར།
ཏེན་ཞུའེ་ཞང་དང་ཧོང་ཁུན་མེན་གཉིས་མཛད་སྒོར་ཞུགས། །