འཇའ་སྤྲིན་མེ་ཏོག་བསླེས་མའི་ཞིང་ཁམས་སུ། །
རྣམ་རྟོག་ཆུ་བོ་འདར་བའི་དཀྱིལ་འཁོར་ན། །
བདུད་རྩིའི་བུམ་པ་ཐོགས་པའི་ཡིད་འཕྲོག་མ། །
རེག་ཚོར་སྤང་བའི་མལ་ན་གཟིམས་ཡོད་དམ། །
དེ་རིང་ལྡོང་བཙན་སྣང་ངུའི་སྐྱེས་སྐར་འདི། །
མཛའ་བའི་གྲོགས་དང་གཉེན་གྱིས་མི་ཤེས་པས། །
དེ་ཕྱིར་ལྷིང་འཇགས་སྒེའུ་ཁུང་ལ་ཁེན་ནས། །
དོ་ནུབ་བཅོ་ལྔའི་ཟླ་བར་ཆང་ཞིག་འདྲེན། །
ཆོས་ཀྱི་མར་མེ་བསྒྲོན་ཡང་མོག་པོར་སྣང་། །
འཇིག་རྟེན་མཁར་གྱང་བསྐོར་ཡང་དེ་ག་ཙམ། །
གཉིས་མེད་སེང་གེའི་སྐྱ་བོའི་བརྟུལ་ཞུགས་ཀྱིས། །
མི་ལོ་ལྔ་བཅུའི་ས་ཚིགས་བརྒལ་ནས་འོངས། །
སྐྱེས་པའི་ལྟེ་ཁྲག་གསེར་མོ་ལྗོངས་སུ་ཐོར། །
ཤི་བའི་རུས་ཐལ་གར་འདེབས་སུ་ཡིས་ཤེས། །
མི་ཡི་ཡུལ་དུ་འཁྱམས་པའི་མགྲོན་པོ་ཞིག །
བཅོ་ལྔའི་ཟླ་བར་ལྟ་བཞིན་སེམས་པ་སྨྲེང་། །
རྒྱལ་སྟོན་དུས་ཆེན་དུང་ཕྱུར་མང་པོས་བསུ། །
རང་གི་སྐྱེས་སྐར་རང་ཉིད་གཅིག་པུས་ཏེ། །
དགའ་སྡུག་ཆུ་ཁར་གཡེང་བའི་ཤིང་ལོ་འདིས། །
ད་དུང་འཁོར་བའི་གྲོག་རོང་ག་ཙམ་བརྒལ། །
དགོང་སྔོན་དབྱིངས་ཀྱི་ཟླ་བའི་ལྷ་མོ་ལགས། །
དེ་འདྲའི་བྲེལ་བྲེལ་མ་གནང་བཞུགས་རོགས་ཀྱེ། །
བསྐལ་པ་ཁྲག་ཁྲིག་མང་པོར་ཁེར་རྐྱང་དུ། །
སུ་ཞིག་བསྙེགས་པའི་གཏམ་རྒྱུད་གསུང་བར་ཞུ། །
དཀར་གཙང་དྲི་མེད་དུང་གི་ཞལ་རས་ལ། །
མི་སྡུག་ར་རི་འཛིན་དོན་ཅི་ཞིག་ཡིན། །
དགའ་སྐྱོའི་ལོ་ཟླར་བསྙལ་བའི་ཆང་ཕོར་གང་། །
དོ་ནུབ་བདག་གིས་ཁྱོད་ལ་འདྲེན་པར་བྱེད། །
མཚན་མོར་ཞལ་ཁ་འཛུམ་པའི་ཀུ་མུ་ཏས། །
ཁྱོད་ལ་སྒུག་པའི་གཏམ་རྒྱུད་སུས་ཀྱང་ཤེས། །
ཁྱོད་ཀྱིས་འོད་དཀར་ཟེགས་མའི་སྐུད་ལམ་ནས། །
སྙིང་གི་གསང་འཕྲིན་དམར་པོ་བསྐུར་མྱོང་ངམ། །
ལང་ཚོའི་འོད་ཀྱིས་བསྙེམས་པའི་ལྷ་མོ་ཡང་། །
ལས་དབང་གཅིག་ལ་མགོ་བོ་སྒུར་བ་བཞིན། །
དགུ་ཚིགས་བར་ནས་ཕྱི་མིག་འཕེན་བཞིན་དུ། །
བསིལ་བའི་ཟེར་ཐག་ཆང་ཕོར་མགུལ་ལ་དཀྲི། །
ཆུ་ཤེལ་དབང་པོར་སྨྲ་བརྗོད་བྲལ་བའི་ཕྱིར། །
སྟོངས་ཤིང་འཇགས་པའི་ཚོར་བ་སྔར་ལས་ལྕི། །
དཀར་ཆ་དམར་ཆའི་འགྱུར་བའི་རི་མོ་འདིས། །
སྡུག་གི་ཚེ་རབས་ཕྲེང་བ་མཐོང་བྱུང་ལགས། །
ཆུ་ཤེལ་བདག་ལ་ཁ་ལྕེ་འཛོམས་ན་འང་། །
སེམས་དོན་མཆི་མར་འཁྱིལ་བ་ཇི་ལྟར་འཇོ། །
སྐར་ཚོགས་ཁྲི་མ་འབུམ་གྱི་མིག་ཀོང་ནས། །
མཚན་མོ་ཁོ་ནར་སྐྱོ་བའི་མཆི་མ་འབྱིན། །
དུས་སྐར་འདི་ལ་བག་ཆགས་ཟབ་པའི་ཕྱིར། །
མགོ་བོ་བཏེགས་ཏེ་སླར་ཡང་ནམ་མཁར་བལྟས། །
སྒྱུ་ལུས་མེ་ཏོག་བད་ཀྱིས་གཙེས་ན་ཡང་། །
བཅོ་ལྔའི་ཟླ་བར་འགྲོགས་ཏེ་མཚན་ཕྱེད་བསྐྱལ། །
འཁོར་བའི་རལ་གྲིའི་རྩེ་ན་བག་ཡངས་སུ། །
ན་དང་འཆི་བས་ཀྱལ་ཀ་ཡང་ཡང་རྩེ། །
འཆི་བ་དགའ་སྐྱོའི་སྣང་བ་ཙམ་ཞིག་ལས། །
འཇིགས་སྐྲག་འདུ་ཤེས་སྔར་ནས་བོར་བ་ལགས། །
དོ་ནུབ་དབང་རྩའི་ནགས་ཚལ་དུག་གིས་ཟོས། །
ཕྱི་ནང་འབྱུང་བཞིའི་རྒྱུ་བ་རྨང་ནས་ལོག །
ཡིན་ཡང་རྟག་འཛིན་ཁྲི་ལ་སྔས་གཏད་ནས། །
སང་གི་ཉི་འོད་མཐོང་བར་རེ་བ་འཆའ། །
ཤ་དང་ཁྲག་གིས་སྦྲེལ་བའི་གཉེན་ཉེ་དང་། །
ཁྲེལ་ཡོད་ཕྱི་ཐག་ཅན་གྱི་མཛའ་བའི་གྲོགས། །
སེམས་ཀྱི་ཐིག་ལེར་བབས་པའི་གཅེས་ལོ་ཚོ། །
དྲན་པའི་ཡུལ་དུ་ལྷགས་པ་ག་ཙམ་མཆིས། །
འཁོར་བའི་རྫ་སྒང་སྣང་བའི་ཐང་ཆེན་དུ། །
རང་སེམས་གསོ་བའི་སྐོར་བྲོ་འཁྲབ་ན་ཡང་། །
གཅིག་པུར་འོངས་ཤིང་འགྲོ་བའི་ཕྱག་རྒྱ་འདིས། །
ཁེར་རྐྱང་སྣང་བའི་ཞྭ་མོ་འཕུད་མ་ཐུབ། །
ལག་པའི་ཐང་ལྷོད་བར་ནས་མཛེས་སྡུག་གི། །
ཕྲེང་བའི་སྐེ་རྒྱན་སྟོར་བ་བགྲང་ལས་འདས། །
སེམས་ཀྱི་སྨྲེང་བ་རླུང་ནག་འཚུབ་མ་རེད། །
རླུང་གི་རྒྱུ་ཕྱོགས་སླར་ཡང་སེམས་ལ་འཐིམ། །
མེ་ལོང་ངོས་སུ་རང་ཉིད་འཚོལ་དགོས་མེད། །
ཇི་ལྟར་རྙེད་པ་དེ་ལྟར་བརྫུན་པའི་ཆོས། །
དེ་བས་ལོ་དང་ཟླ་བའི་ཁུགས་སོ་རེར། །
ཆུ་ཤེལ་བགྲེས་རྒུད་ཆུ་ཤེལ་ལས་ཀྱང་གསལ། །
སྐྲ་ལོ་ཐོར་ཡང་སྐྲ་སྐྱེས་བུམ་བཟང་ཡོད། །
སེར་བོར་གྱུར་ཡང་ནག་འགྱུར་རྩི་མཆོག་ཡོད། །
ཐོད་པའི་རྒས་གཉེར་གསུབ་ཁུལ་བྱས་ཆོག་མོད། །
དུས་ཀྱི་འཁོར་ལོ་ལྡོག་ཐབས་མི་འདུག་ཨང་། །
མཁའ་ལ་བལྟས་ཚེ་ཟླ་བ་མི་མངོན་ལ། །
སྒེའུ་ཁུང་འགྲམ་དུ་ཅང་མེད་སྟོང་པར་ལུས། །
རང་ཉིད་ནད་ཁྲིའི་སྒང་དུ་ཟུག་རྔུ་ཡིས། །
གཉིད་ཀྱི་བདེ་བ་འཕྲོག་སྟེ་གཅིག་པུར་སྡོད། །
ལུས་ཀྱི་ཤིང་ལོ་ཆུ་ཀླུང་གསུམ་པས་འཁྱེར། །
མགོ་བོ་ན་ཞིང་ཟག་ཕུང་འདར་ན་འང་། །
ལུས་སེམས་ཨ་ཐང་ཆད་པའི་བར་གསེབ་ནས། །
ཚིག་གི་སིལ་མ་འདི་དག་གཏོར་ཙམ་བྱས། །