སྐབས13པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-06



        སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་པ་དང་། ལི་ཁེ་ཆང་གིས་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་གནང་བ། ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་འཆར་ཟིན་དང་དོན་གྲོས་སྒྲིག་སྲོལ་གྱི་བཟོ་བཅོས་འཆར་ཟིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐག་གཅོད་འཆར་ཟིན་བཅས་ཀྱི་གསལ་བཤད་གསན་པ། 
        དཔྱིད་ཟླ་ར་བའི་པེ་ཅིང་དུ་གང་སར་སྐྱེ་སྟོབས་རབ་ཏུ་རྒྱས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་སྤྱི་ཚེས་5ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ལ་ཉེ་བས་མི་དམངས་ཀྱི་མངགས་བཅོལ་བསྣམས་ནས་ཚོགས་ཆེན་ལ་ཞུགས་ཡོད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་གྱིས་འཁུར་བཞིན་ཡོད་པ་རེད།

        མི་དམངས་ཚོགས་ཁང་ཆེན་མོའི་ནང་རྔམ་བརྗིད་དང་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་རྒྱབ་ཡོལ་གྱི་དབུས་སུ་བཀལ་བའི་རྒྱལ་རྟགས་དེ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གྱི་དབུས་སུ་གཟི་འོད་རབ་ཏུ་འཚེར། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཨའེ་ལེ་ཀེང་·དབྱི་མིང་པ་ཧེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པདྨ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཡང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་འཁོད་ཡོད་པ་རེད།

        ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད་པ་རེད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པར་ཞུགས་དགོས་པའི་འཐུས་མི་2953ཡོད་ཅིང་། སྤྱི་ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་མི་2900ཞུགས་ཡོད་པ་དང་། མི་53ཞུགས་ཐུབ་མེད་པ། ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་གྱི་ཡོད་པ་རེད།

        སྔ་དྲོའི་ཆུ་ཚོད་9པར། ལི་ཀྲན་ཧྲུའུ་ཡིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། ཚོགས་ཞུགས་པ་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད་པ་རེད།

        གྲོས་ཚོགས་ཀྱི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བ་རེད། སྙན་ཞུ་དེ་ཆ་ཤས་གསུམ་ལ་དབྱེ་ཡོད་པ་སྟེ། གཅིག་ནི་སྤྱི་ལོ་2020ལོའི་ལས་དོན་གྱི་ཕྱིར་དྲན་དང་། གཉིས་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་གོང་འཕེལ་གྲུབ་འབྲས་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དམིགས་འབེན་ལས་འགན་གཙོ་བོ། གསུམ་ནི་སྤྱི་ལོ་2021ལོའི་གཙོ་གནད་ལས་དོན་བཅས་ཡིན་པ་རེད།

        ལི་ཁེ་ཆང་གིས་སྙན་ཞུའི་ནང་། འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་བརྩོན་ལེན་བྱས་པས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མ་ལག་གཙོ་བོའི་ཁྲོད་དཔལ་འབྱོར་དངོས་འཕར་བྱུང་བ་ཉག་ཅིག་དེར་གྱུར་བ། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་སོགས་མི་དམངས་འདོད་བློ་ཚིམ་པ་དང་། འཛམ་གླིང་ཀུན་གྱི་མཐོང་ཆོས་སུ་གྱུར་བ། ལོ་རྒྱུས་དེབ་ཐེར་ནང་འགོད་ཆོག་པ་བཅས་ཀྱི་ལན་བརྒྱབ་ཡོད་ཞེས་བསྟན་ཡོད།

        ལི་ཁེ་ཆང་གིས་སྙན་ཞུའི་ནང་ཕྱོགས་བདུན་གྱི་ཐད་ནས་ལོ་གཅིག་རིང་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཕྱོགས་བསྡོམས་གནང་ཡོད་པ་སྟེ། ཁྲོམ་རའི་བྱེད་པོའི་ཉེར་མཁོར་གཞིགས་ཏེ་སྤྱི་ཁོག་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་པས་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་བྱུང་བ་དང་གཅིག ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་བྱ་རྒྱུ་སྔོན་ལ་བཞག་པས་མི་དམངས་ཀྱི་འཚོ་བར་འགན་སྲུང་ཏན་ཏིག་ཐུབ་པ་དང་གཉིས། འགག་གཏོར་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་པས་དམིགས་འབེན་ལས་འགན་གཙོ་བོ་དུས་བཀག་ལྟར་ལེགས་གྲུབ་ཐུབ་པ་དང་གསུམ། སྒྱུར་བཅོས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བས་གོང་འཕེལ་གྱི་གསོན་ཤུགས་དང་ནང་སྐྱེས་འགུལ་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་བཞི། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཐོན་ལས་ཀྱི་རྣམ་པ་བརྗེ་སྒྱུར་རིམ་འཕར་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་ལྔ། གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ས་ཁོངས་གོང་འཕེལ་གྱི་གནས་སྟངས་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་དྲུག ཁྲིམས་ལྟར་སྲིད་འཛིན་དང་སྤྱི་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་བདུན་བཅས་ཡིན་པ་རེད།

        འདས་ཟིན་པའི་ལོ་ལྔའི་རིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་གོང་འཕེལ་གྲུབ་འབྲས་ལ་ཕྱིར་དྲན་གནང་རྗེས། ལི་ཁེ་ཆང་གིས་སྙན་ཞུའི་ནང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་པའི་ལོ་ལྔ་དང་པོ་དེ་ཡིན། ༼ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་ཉིས་སྟོང་སུམ་ཅུ་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོར༽གཞིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས༼རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་(འཆར་ཟིན་) ༽སྒྲིག་བཟོ་བྱས་ཡོད།

        རྩ་གནད་འཆར་ཟིན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་གཙོ་བོ་དང་ལས་འགན་ཁག་ལག་བསྟར་བྱེད་ཚད་དང་གྲངས་ཚད་བཏོན་ཡོད་ཅིང་། ཡིག་ཆ་ཆ་ཚང་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད་ཅེས་བསྟན་གནང་ཡོད།

        ལི་ཁེ་ཆང་གིས་སྙན་ཞུའི་ནང་། རྩ་གནད་འཆར་ཟིན་ནང་གོང་འཕེལ་གྱི་སྤུས་ཚད་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་དགོས་པ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁམས་སུ་རྒྱུན་འཁྱོངས་བྱེད་པ། ལོ་འཁོར་སོ་སོའི་གནས་ཚུལ་ལ་གཞིགས་ནས་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་དམིགས་འབེན་འདོན་པ། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་འཕར་སྣོན་འགྲོ་བ་བྱ་རྒྱུ་དེ་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་སྣོན་ལས་ཆེ་བ་ཡོང་དགོས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་སུ་ལས་ཀ་ཤོར་ཚད་དེ་5.5%ནང་ཚུན་དུ་ཚོད་འཛིན་བྱེད་པ། ཟོག་གོང་ཆུ་ཚད་སྤྱི་ཡོངས་ནས་བརྟན་པོ་ཡོང་བ་བཅས་བྱེད་དགོས། གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དེང་རབས་ཐོན་ལས་མ་ལག་གང་མགྱོགས་གོང་འཕེལ་གཏོང་དགོས། རྒྱལ་ནང་གི་ཁྲོམ་ར་ཆེན་པོ་ཆགས་པ་བྱས་ཏེ། གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་དགོས། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཐབ་ཇུས་འཐུས་ཚང་དུ་གཏོང་དགོས། ས་ཁོངས་དཔལ་འབྱོར་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གོང་འཕེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གནོད་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བརྒྱུད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོའི་ཕན་བདེ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་དགོས་ཞེས་བསྟན་གནང་ཡོད།

        ལི་ཁེ་ཆང་གིས་སྙན་ཞུའི་ནང་། སྤྱི་ལོ་2021ལོའི་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་6%ཡན་ལ་སླེབས་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་བྱེ་བ་1དང་ས་ཡ་1ཡན་ལ་སླེབས་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་5.5%ཡི་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་ཐང་འཕར་ཚད་3%ཡས་མས་ལ་སླེབས་པ་བྱ་རྒྱུ། ནང་འདྲེན་ཕྱིར་གཏོང་གི་འབོར་ཚད་བརྟན་ཐོག་སྤུས་ཀ་ལེགས་སུ་འགྲོ་བ་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ། གྲོང་མིའི་ཡོང་འབབ་བརྟན་ཐོག་འཕར་སྣོན་འགྲོ་བ་བྱ་རྒྱུ། འབྱུང་ཁམས་ཁོར་ཡུག་གི་སྤུས་ཀ་སྔར་བས་ལེགས་སུ་འགྲོ་བ་བྱ་རྒྱུ། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྡེ་ཚན་རེར་ནུས་ཁུངས་ཟད་ཚད་3%ཡས་མས་ཆག་པ་བྱ་རྒྱུ། བཙོག་སྐྱོན་དངོས་པོ་གཙོ་བོའི་འབུད་བཤངས་འབོར་ཚད་རྒྱུན་མཐུད་ངང་ཆག་པ་བྱ་རྒྱུ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཆིག་ཁྲི་སུམ་སྟོང་ཡན་དུ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་བཅས་བཏོན་གནང་ཡོད།

        ལི་ཁེ་ཆང་གིས་སྙན་ཞུའི་ནང་། སྤྱི་ལོ་2021ལོར་གཙོ་བོ་ཕྱོགས་བརྒྱད་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྟེ། སྤྱི་ཁོག་སྲིད་ཇུས་ཀྱི་བར་མེད་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ནས།དཔལ་འབྱོར་ལུགས་མཐུན་བར་ཁམས་སུ་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཁྱབ་ཁོངས་གཙོ་བོའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ། གསར་སྐྲུན་ལ་བརྟེན་ནས་དངོས་གཟུགས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ཐོག་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་གཞི་གནས་རྒྱུན་འཁྱོངས་བྱས་ནས། རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱ་རྒྱུ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། ཞིང་ལས་བརྟན་པོའི་ངང་གོང་འཕེལ་འགྲོ་བ་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་ཐོག་སྤུས་ཀ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྦགས་བཙོག་འགོག་བཅོས་དང་འབྱུང་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ། དམངས་འཚོའི་ཕན་པ་ཆེ་རུ་ཏན་ཏིག་བཏང་ནས། སྤྱི་ཚོགས་འཛུགས་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་བཅས་ཡིན་པ་བཏོན་གནང་ཡོད།

        སྙན་ཞུའི་ནང་། ལི་ཁེ་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་སྤུན་ཟླའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་གོང་འཕེལ་དང་མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་གསལ་འགྲེལ་གནང་ཡོད།

        ལི་ཁེ་ཆང་གིས་མཇུག་ཏུ། འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་བཞིན་ཡོད་པས་ངེས་པར་དུ་དཀའ་སྤྱད་མདུན་སྐྱོད་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ། ཕྱར་བ་གྲུ་འདེགས་དང་གསར་གཏོད་ཡར་བརྩོན་བྱེད་པ། ལོ་འཁོར་མོའི་དམིགས་འབེན་ལས་འགན་འབད་པ་ཆེན་པོས་ལེགས་སྒྲུབ་བྱེད་པ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་བཅས་བྱས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་གནང་ཡོད།

        ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ་2020ལོར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་ལེན་བསྟར་བྱས་ཚུལ་དང་སྤྱི་ལོ་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྙན་ཞུ། དེ་བཞིན་སྤྱི་ལོ་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ་2020ལོར་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་སྤྱི་ལོ་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྙན་ཞུ། སྤྱི་ལོ་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་ཡོད་པ་རེད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་གནང་ཡོད་པ་རེད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ནི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ལམ་ལུགས་དང་ལས་དོན་ལམ་ལུགས་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་རྒྱུའི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པར། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱེད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ལམ་ལུགས་དང་ལས་དོན་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་ཡོད། འཆར་ཟིན་དེར་ཁྱོན་དོན་ཚན37ཡོད་པ་དང་། བཟོ་བཅོས་བྱས་པའི་ནང་དོན་གཙོ་བོའི་ནང་སྤྱིའི་རྩ་དོན་གྱི་ལེའུ་ཁ་སྣོན་བྱས་ཡོད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་འགན་དབང་གི་འབྲེལ་ཡོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ། ལྟ་ཞིབ་ལམ་ལུགས་ཀྱི་བསྒྱུར་བཅོས་དགོས་མཁོ་དང་འཚམ་པའི་འབྲེལ་ཡོད་ནང་དོན་ཁ་སྣོན་བརྒྱབ་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་དོན་བསྐོ་འཐེན་དབང་ཆ་འཐུས་སྒོ་ཚང་དུ་བཏང་བ། འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་འཐུས་མིའི་བར་གྱི་འབྲེལ་བ་ཟབ་ཏུ་བཏང་བ་བཅས་ཚུད་ཡོད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ལམ་ལུགས་དང་། ལས་ཀའི་གོ་རིམ་སྐོར་གྱི་གཞི་རྩའི་བཅའ་ཁྲིམས་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་བཟོ་བཅོས་བྱེད་དོན་ནི། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་དང་། བརྒྱུད་རིམ་ཧྲིལ་པོ་དམངས་གཙོ་ཡོང་བ་བྱ་རྒྱུ་དང་། མི་དམངས་རང་ཁྱིམ་རང་བདག་ཡོང་བར་འགན་ལེན་དང་གོང་འཕེལ་གཏོང་བའི་ལམ་ལུགས་ཀྱི་འགན་སྲུང་། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དོན་དངོས་དགོས་མཁོ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་དངོས་ཡོད་དགོས་མཁོ་བཅས་ཡིན་ཞེས་བསྟན་ཡོད། འཆར་ཟིན་དེར་ཁྱོན་དོན་ཚན35ཡོད་པ་དང་། བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོའི་ནང་། གྲོས་ཚོགས་སྐོང་འཚོག་བྱ་རྒྱུའི་འབྲེལ་ཡོད་གྲ་སྒྲིག་ལས་དོན་ཁ་གསལ་བཟོས་པ་དང་། གྲོས་ཚོགས་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་བ། གྲོས་ཚོགས་ཀྱི་གོ་རིམ་འོས་འཚམ་གྱིས་ལེགས་བསྡུས་བྱས་པ། དོན་གྲོས་ཀྱི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་བཏང་བ། གྲོས་ཚོགས་ཡོངས་བསྒྲགས་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ཁྲིམས་ལུགས་གྲོས་གཞི་སོགས་ཀྱི་གྲོས་འགོར་གྲོས་ཞིབ་བྱེད་པའི་གོ་རིམ་འཐུས་སྒོ་ཚང་དུ་བཏང་བ། འཆར་འགོད་རྩ་གནད་ཀྱི་ཞིབ་དཔྱད་ཆོག་མཆན་སྤྲོད་པ་དང་ལས་རིམ་ལེགས་སྒྲིག་ཚད་ལྡན་བཟོས་པ། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་དོན་ཚན་ཡོངས་བསྒྲགས་བྱེད་པའི་གོ་རིམ་འཐུས་སྒོ་ཚང་དུ་བཏང་བ་བཅས་ཚུད་ཡོད་པ་རེད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་འགྲེལ་ནང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གིས་ལག་བསྟར་བྱས་པའི་འདེམས་བསྐོའི་ལམ་ལུགས་ནང་སྲིད་འཛིན་དཔོན་བསྐོ་བཞག་བྱ་ཐབས་དང་ཁྲིམས་འཛུགས་གྲོས་ཚོགས་ཁང་གི་འདེམས་བསྐོ་བྱ་ཐབས་ཚུད་ཡོད་པས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆབ་སྲིད་སྒྲིག་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཤང་ཀང་སྤྱི་ཚོགས་ལ་ཟིང་ཆ་ཐོན་པ་ལས། ཤང་ཀང་གིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་འདེམས་བསྐོའི་ལམ་ལུགས་ཀྱི་སྒྲིག་གཞིར་སྐྱོན་དང་མི་འདང་བའི་ཆ་གནས་པ་གསལ་པོ་མངོན་ཡོད་པས། ངེས་པར་དུ་དགོས་ངེས་ཀྱི་བྱ་ཐབས་བཟུང་ནས་ཤང་ཀང་གི་འདེམས་བསྐོའི་ལམ་ལུགས་འཐུང་ཚང་དུ་གཏོང་བ་དང་། ལམ་ལུགས་དང་སྒྲིག་གཞིའི་ཐད་གནས་པའི་མངོན་མེད་རྐྱེན་ངན་དང་ཉེན་ཁ་མེད་པ་བཟོས་ནས། རྒྱལ་གཅེས་པས་གཙོ་བོ་བྱེད་པའི་ཤང་ཀང་བས་ཤང་ཀང་བཅོས་སྐྱོང་བྱ་རྒྱུར་འགན་ལེན་བྱེད་དགོས། ཤང་ཀང་གི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྤྱིའི་བསམ་ཕྱོགས་ནི། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་བསྐྱར་སྒྲིག་དང་དབང་ཆ་ཁ་སྣོན་བྱ་རྒྱུས་གཙོ་བོ་བྱས་ནས་སྤྱིའི་ལམ་ལུགས་འཆར་འགོད་བྱེད་པ་དང་། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་གཞི་ཁྱོན་དང་། གྲུབ་ཚུལ། འདེམས་བསྐོ་བཅས་ཀྱི་བྱ་ཐབས་བཅོས་སྒྲིག་དང་འཐུས་ཚང་དུ་གཏོང་བ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བརྒྱུད་སྲིད་འཛིན་དཔོན་འདེམས་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་མ་ཟད། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་འདེམས་བསྐོ་བརྒྱུད་བསྡུར་ཚད་ངེས་ཅན་གྱི་ཁྲིམས་འཛུགས་གྲོས་ཚོགས་ཁང་གི་གྲོས་མི་འདེམ་པའི་དབང་ཆ་དང་ཁྲིམས་འཛུགས་གྲོས་ཚོགས་ཁང་གི་གྲོས་མིའི་འོས་མི་ཆ་ཚང་ཐད་ཀར་མིང་འདོན་བྱེད་ཆོག་པའི་འགན་ནུས་གསར་པ་སྤྲོད་རྒྱུ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་བརྒྱུད་དེ་ཤང་ཀང་སྤྱི་ཚོགས་ཀྱིས་དོ་སྙོམས་དང་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་པ་དང་ཤང་ཀང་སྤྱི་ཚོགས་ཀྱི་དེ་བས་རྒྱ་ཆེ་བའི་ཚབ་མཚོན་རང་བཞིན་ཤུགས་ཆེར་གཏོང་རྒྱུ། འབྲེལ་ཡོད་འདེམས་བསྐོའི་རྒྱུ་རྐྱེན་གཙོ་བོ་ཁག་གཅིག་ལེགས་སྒྲིག་འོས་འཚམ་བྱ་རྒྱུ་དང་ཆབས་ཅིག ལྷུ་ཚིགས་ཧྲིལ་པོའི་ཐོབ་ཐང་ཞིབ་བཤེར་སྒྲིག་གཞི་འཛུགས་པ་བརྒྱུད་དེ། ཤང་ཀང་གི་དོན་དངོས་དང་མཐུན་ཞིང་། ཤང་ཀང་གི་ཁྱད་ཆོས་ལྡན་པའི་དམངས་གཙོའི་འདེམས་བསྐོའི་ལམ་ལུགས་གསར་པ་ཞིག་གྲུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

        ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་ནན་ཏན་བྱས་པ་མ་ཟད་འབྲེལ་ཡོད་ཕྱོགས་དང་འབྲེལ་གཏུག་བྱས་རྗེས། གཏན་འབེབས་ཐོག་བཅའ་ཁྲིམས་ལ་བཟོ་བཅོས་སྣོན་པའི་བྱ་ཐབས་སྤྱད་ནས་གོམ་སྟབས་དབྱེ་སྟེ་སྐུལ་འདེད་དང་ལེགས་སྒྲུབ་བྱེད་དགོས་ཞེས་བཏོན་ཡོད། གོམ་སྟབས་དང་པོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྩ་ཁྲིམས་དང་། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བྱས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ཀྱི་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་རྩ་དོན་ལ་བཟོ་བཅོས་རྒྱག་པ་དང་འཐུས་ཚང་དུ་གཏོང་བ་དང་ལྟེ་བའི་རྒྱུ་རྐྱེན་གཙོ་བོའི་ནང་དོན་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་འདི་གཞིར་བཟུང་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་དང་པོ་དང་ཟུར་བཀོད་གཉིས་པར་བཟོ་བཅོས་རྒྱག་རྒྱུའི་དབང་ཆ་སྤྲོད་རྒྱུ། གོམ་སྟབས་གཉིས་པ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་གཞིར་བཟུང་། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་དང་པོའི༼ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་འདེམས་ཐོན་བྱ་ཐབས༽དང་། ཟུར་བཀོད་གཉིས་པ༼ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་འདེམས་ཐོན་བྱ་ཐབས་དང་བརྡས་ཐག་གཅོད་པའི་གོ་རིམ་ལ་བཟོ་བཅོས་རྒྱག་རྒྱུ༽བཟོ་བཅོས་བརྒྱབ་རྗེས་ཀྱི་ཟུར་བཀོད་ཡིག་ཆ་དང་པོ་དང་ཟུར་བཀོད་ཡིག་ཆ་གཉིས་པས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ལག་བསྟར་བྱེད་པའི་དམངས་གཙོའི་འདེམས་བསྐོའི་ལམ་ལུགས་གསར་པར་གཏན་འབེབས་ཞིབ་ཕྲ་དང་ཁ་གསལ་བྱ་རྒྱུ་ཡིན་པ་རེད།

        ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་མཁན་གྲས་སུ་ད་དུང་ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན་སོགས་ཡོད།
        ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲེང་ཡུའེ་ཨེ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧོ་དབྱི་ཁྲེང་གྲོས་ཚོགས་ལ་ཟུར་ཞུགས་གནང་བ་མ་ཟད། ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།
        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད་པ་རེད།
        ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ། མི་དམངས་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཁུར་མི་སྣ་བཅས་ཚོགས་ཆེན་ལ་ཟུར་ཞུགས་སམ་ཟུར་གསན་གནང་ཡོད།
        ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ཟུར་གསན་གནང་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1