2021ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་པེ་ཅིང་དུ་འཚོགས།

སྒྲོལ་མ་ཚེ་བརྟན། འཇིགས་མེད། ཚུལ་ཁྲིམས་བཟང་པོ་བཅས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08


སྤྱི་ཟླ་3པའི་ཚེས་4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དེ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2100ལྷག་གིས་ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རྩ་དོན་གཏན་འབེབས་ལག་བསྟར་བྱ་རྒྱུར་གཅིག་སྡུད་བྱས་ཏེ། ངེས་པ་དོན་གྱིས་ལས་སྒྲུབ་འགན་ཁུར་བྱེད་པ་དང་། སྲིད་སྐྱོང་ལ་ཐབས་འདོན་ལས་རོགས་ཧུར་ཐག་བྱེད་པ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཐོག་གཅིག་སྡུད་བྱེད་པ་བཅས་ཀྱི་ཐད་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུར་རྒྱལ་ཁ་གསར་པ་ལེན་ཆེད་བློ་གྲོས་དང་ནུས་ཤུགས་གཅིག་སྡུད་བྱས།


ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་དང་། ཚོགས་ཆེན་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས།

ཀྲང་ཆིང་ལིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

ཚོགས་ཆེན་ཐོག །སྔོན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་ཡོད།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་ཕུལ་བ་རེད།

ཝང་དབྱང་གིས། སྤྱི་ལོ་2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཐུན་མིན་གྱི་ལོ་ཞིག་ཡིན། ཛ་དྲག་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་ལས་འགན་དང་སྔར་བྱུང་མ་མྱོང་བའི་ཉེན་ཁ་དང་འགྲན་རྩོད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས། ཀུན་སེམས་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ། ཉེན་ཁ་གོ་སྐབས་སུ་བསྒྱུར་བ་བཅས་ཀྱིས་རིམས་འགོག་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། དབུལ་གྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུས་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་ཐོབ་པ་བཅས་ཀྱིས་མི་དམངས་འདོད་བློ་ཚིམས་པ་དང་འཛམ་གླིང་ཀུན་གྱི་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་ཟིན་ཐོར་འགོད་རུང་བའི་གཟི་བརྗིད་གསར་པ་གཏོད་ཡོད་ཅེས་གསུངས།

དེ་ཡང་སྤྱི་ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་3000ལ་ཉེ་བས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་པ་དང་ཁོང་རྣམ་པས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལི་ཀེན་•དབྱི་མིང་པ་ཧའེ། དབན་ཨོ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་ཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཝུའུ་ཝེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་སར་བཞུགས་ཡོད་པ་རེད།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་འཐུས་མི་2953ཕེབས་དགོས་པ་དང་། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི་2900ཕེབས་ཡོད་པ་དང་འཐུས་མི་53ཕེབས་ཐུབ་མེད་པས་ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

སྔ་དྲོའི་ཆུ་ཚོད་9པར། ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་སྐབས་ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

ཚོགས་འདུའི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་ལས་ཀའི་སྙན་ཞུ་ཕུལ་བ་དང་། སྙན་ཞུ་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། གཅིག 2020ལོའི་ལས་ཀར་ཕྱིར་དྲན་དང་། གཉིས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་གི་འཕེལ་རྒྱས་གྲུབ་འབྲས་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་གི་དམིགས་ཚད་ལས་འགན་གཙོ་བོ། གསུམ། 2021ལོའི་གཙོ་གནད་ལས་ཀ་བཅས་རེད།

ལི་ཁེ་ཆང་གིས་སྙན་ཞུ་ཕུལ་སྐབས། འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཐུན་མིན་གྱིི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག །རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་དཔལ་འབྱོར་དངོས་འཕར་མངོན་འགྱུར་བྱུང་བ་གཅིག་པུ་དེར་གྱུར་པ། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་ཆོད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། མི་དམངས་ཀྱི་བློ་ཡིད་ཚིམ་པ་དང་། འཛམ་གླིང་ཀུན་གྱི་མཐོང་ཆོས་སུ་གྱུར་པ། ལོ་རྒྱུས་དེབ་ཐེར་དུ་འགོད་ཆོག་པའི་རྒྱུགས་ཤོག་ཅིག་ཕུལ་ཡོད་ཅེས་བསྟན།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་ནས། ཚོགས་ཆེན་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཡུན་དམིགས་འབེན་གྱི་རྩ་གནད་འཆར་ཟིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ། དེ་བཞིན་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། དེ་མིན་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་བ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1