ཁམས་ཁུལ་གྱི་ལོ་སྟོང་ལྷག་གི་མཆོད་རྟེན་རྙིང་པ།

དཀོན་མཆོག་རྡོ་རྗེ་དང་ཚུལ་ཁྲིམས་བཟང་པོས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08



རྒྱལ་རོང་ས་ཁུལ་གྱི་སུང་རྒྱལ་རབས་སྐབས་ཀྱི་མཆོད་རྟེན་རྙིང་པ།


2011ལོའི་ཟླ་6པའི་ཚེས་7ཉིན་ནས་10བར། ཀྲུང་གོའི་མིང་དུ་གྲགས་པའི་ནང་བསྟན་གནའ་རྫས་རྟོག་ཞིབ་པ་ཝུའུ་ཡུས་ཁྲེང་གིས་རྒྱལ་རོང་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་དཀར་མཛེས་ཁུལ་རོང་བྲག་རྫོང་གི་གནས་འགོ་དགོན་ནས་མཆོད་རྟེན་108བཞུགས་པའི་མཆོད་རྟེན་ཁྱུ་ཚོགས་ཤིག་དང་།རྔ་བ་ཁུལ་ཆུ་ཆེན་རྫོང་ཨན་ཉིང་ཡུལ་ཚོའི་ལྷ་སྟེང་དགོན་པའི་ཤར་ལྷོ་མཚམས་དང་བྱང་ཤར་མཚམས་སུ་སུང་བྱང་མའི་དུས་སྐབས་ཀྱི་མཆོད་རྟེན་རྙིང་པ་གཉིས་གསར་དུ་རྙེད།

དགེ་རྒན་ཆེན་མོ་ཝུའུ་ཡུས་ཁྲེང་གིས་རྔ་བ་ཁུལ་ཆུ་ཆེན་རྫོང་ཁོངས་སུ་གསར་དུ་རྙེད་པའི་གནའ་བོའི་མཆོད་རྟེན་གཉིས་ནི་ཕལ་ཆེར་དུས་རབས་བཅུ་གཉིས་པའི་ནང་བཞེངས་པ་དང་། སུང་བྱང་མའི་སྐབས་ཙམ་དུ་འཁེལ་ཡོད་ལ། འདི་ནི་རྒྱལ་རོང་ས་ཁུལ་དུ་རྙེད་པའི་ཆེས་སྔ་བའི་མཆོད་རྟེན་རེད་ཅེས་བརྗོད་པ་རེད།

ཝུའུ་ཡུས་ཁྲེང་གི་གནའ་བོའི་མཆོད་རྟེན་ལ་རྟོག་ཞིབ་བྱེད་ཞོར་གསར་འགོད་པ་ལ་གནའ་བོའི་མཆོད་རྟེན་གྱི་གྲུབ་ཚུལ་དང་ཁྱད་ཆོས་སོགས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སུའེ་དང་ཐང་རྒྱལ་རབས་སྐབས་སུ་རྩེག་གཅིག་ཅན་ལ་བུམ་སྒོ་བཞི་ཡོད་པའི་ཐོག །བུམ་པའི་དབྱིབས་ཀྱི་མཆོད་རྟེན་བཞེངས་པ་དར་ཁྱབ་ཆེ་བ་དང་། དུས་རབས་བཅུ་གཅིག་པའི་ནང་བོད་ཀྱི་ནང་བསྟན་སྨྲ་བའི་དབང་པོ་བུ་སྟོན་གྱིས་གསང་སྔགས་སྒྲ་བསྒྱུར་མཛད་སྐབས། དགོན་པའི་ཕྱོགས་བཞི་ལ་མཆོད་རྟེན་བཞི་བཞེངས་ཡོད་ལ། དེས་ནང་ཆོས་ཀྱི་འཇིག་རྟེན་ལྟ་བ་ལས་གླིང་བཞི་མཚོན་པ་དང་། མཆོད་རྟེན་བཞི་དང་དགོན་པས་དཀྱིལ་འཁོར་ཞིག་མཚོན་ཚུལ་གསུངས་ཡོད་ཅེས་བརྗོད།

མཉམ་དུ་རྟོག་ཞིབ་ཕེབས་པའི་རོང་བྲག་རྫོང་གནས་འགོ་དགོན་པའི་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་གསར་འགོད་པ་ལ་ཁོང་ཆུང་དུས་ལྷ་སྟེང་དགོན་པའི་ལྷོ་ནུབ་མཚམས་དང་ནུབ་བྱང་མཚམས་སུ་མཆོད་རྟེན་བཞེངས་ཡོད་པ་མཇལ་མྱངས་པ་དང་། རྗེས་སུ་མཆོད་རྟེན་གཉིས་རྩ་མེད་དུ་གྱུར་པ་རེད་གསུངས་པ་ལས་དགོན་པ་དེའི་ཕྱོགས་བཞི་ལ་མཆོད་རྟེན་ཆེན་པོ་བཞི་བཞེངས་ཡོད་པ་ར་སྤྲོད་བྱེད་ཐུབ།

ཤེས་རྟོགས་བྱུང་བར་གཞིགས་ན། དགོན་པའི་ལྷ་སྒོའི་རྒྱབ་ཕྱོགས་སུ་འཕྲེད་དུ་བཞག་པའི་རྡོ་རིང་གི་ངོས་གཉིས་དུ་རྒྱ་བོད་ཡི་གེ་གཉིས་བརྐོས་འདུག །ངོས་གཅིག་ནི་མིང་རྒྱལ་རབས་མཇུག་གམ་ཆིང་རྒྱལ་རབས་འགོ་རུ་ས་གནས་དེའི་རྒྱལ་པོས་མཉམ་དུ་གཡུང་དྲུང་བོན་གྱི་དགོན་སྡེ་བཞེངས་ཚུལ་གྱི་་ལོ་རྒྱུས་བཀོད་པའི་བོད་ཡིག་ཅན་གྱི་རྡོ་རིང་ཞིག་ཡིན་ལ། རྡོ་རིང་དེའི་རྒྱབ་ནི་ཆིང་སྲིད་གཞུང་གིས་ཆུ་ཆེན་དང་བཙན་ལྷའི་འཁྲུག་རྩོད་ཞི་འཇགས་སུ་བཏང་རྗེས་བརྐོས་པའི་རྒྱ་ཡིག་ཅན་གྱི་རྡོ་རིང་ཡིན་ཞིང་དེའི་སྟེང་དུ་“皇清诰赐钦命光法寺班智达札萨克(札萨克,蒙语,当家大喇嘛之意)大喇嘛罗卜桑扎木杨之莹枢”ཞེས་བྲིས་ཡོད་པ་དང་། དུས་ཚོད་ནི་ཆན་ལུང་ཤིང་ཡོས་ལོ་ཡིན་པ་རེད། འདི་ནི་ཆིང་དམག་གིས་ཆུ་ཆེན་དང་བཙན་ལྷའི་འཁྲུག་རྩོད་ཞི་འཇགས་སུ་བཏང་རྗེས་གཡུང་དྲུང་བོན་གྱི་དགོན་སྡེ་དེ་དགེ་ལྡན་པའི་གྲུབ་མཐའ་རུ་བསྒྱུར་བའི་རིན་ཐང་བྲལ་བའི་དངོས་པོའི་བདེན་དཔང་ཞིག་རེད་འདུག །

ཝུའུ་ཡུས་ཁྲེང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་གནས་འགོ་དགོན་དུ་རྟོག་ཞིབ་བྱེད་སྐབས། དགོན་པ་དེ་རུ་རྒྱལ་རོང་ས་ཁུལ་གྱི་ཆེས་སྔ་བའི་མཆོད་རྟེན་ཁྱུ་ཚོགས་ཤིག་རྙེད་པ་དང་།བསྡོམས་པས་མཆོད་རྟེན་108བཞུགས་ཡོད།ཝུའུ་ཡུས་ཁྲེང་གིས་གསུངས་པ་ལྟར་ན། གནས་འགོ་དགོན་པའི་མཆོད་རྟེན་ཁྱུ་ཚོགས་ནི་དུས་རབས་བཅུ་གསུམ་པའི་སྐབས་ཏེ་ཡོན་རྒྱལ་རབས་ཀྱི་དུས་འགོ་རུ་བཞེངས་པ་དང་། ལྷ་སྟེང་དགོན་གྱི་མཆོད་རྟེན་བཞེངས་པའི་དུས་ཚོད་ལས་ལོ་ངོ་ལྔ་བཅུ་ཡས་མས་ཕྱི་བ་རེད་ལ། འདི་ནི་མིག་སྔར་རྒྱལ་རོང་ས་ཁུལ་དུ་གསར་རྙེད་བྱུང་བའི་མཆོད་རྟེན་གྱི་ཁྱུ་ཚོགས་ཐོག་མ་ཡིན་པ་དང་། རིག་དངོས་ཀྱི་རིན་ཐང་བླ་ལྷག་ལྡན་པས་འབྲེལ་ཡོད་སྡེ་ཁག་གིས་སྲུང་སྐྱོང་གང་ལེགས་བྱ་རྒྱུ་གལ་ཆེན་རེད་ཅེས་ནན་བསྟན་གནང་། །

གསེར་རྟ་རྫོང་གི་ལོ་ངོ་སྟོང་སྔོན་གྱི་མཆོད་རྟེན།

2012ལོའི་ཟླ་7པའི་ཚེས་4ཉིན། གསར་འགོད་པས་དཀར་མཛེས་ཁུལ་གསེར་རྟ་རྫོང་རིག་དངོས་དོ་དམ་སྡེ་ཁག་བརྒྱུད་ནས། རྫོང་དེའི་ཤེལ་གྲུབ་ཡུལ་ཚོ་རུ་གྲལ་ལྟར་སྒྲིག་པའི་ལོ་ངོ་སྟོང་སྔོན་གྱི་མཆོད་རྟེན་གསུམ་དང་གནའ་བོའི་མཁར་རྫོང་སོགས་གསར་རྙེད་བྱུང་བར་ཤེས་རྟོགས་བྱུང་།ཀྲུང་གོའི་མིང་དུ་གྲགས་པའི་ནང་བསྟན་གནའ་རྫས་རྟོག་ཞིབ་པ་ཝུའུ་ཡུས་ཁྲེང་གིས་ངོ་སྤྲོད་བྱས་པ་ལྟར་ན། གསེར་རྟ་རྫོང་ཤེལ་གྲུབ་ཡུལ་ཚོ་རུ་ཡོད་པའི་མཆོད་རྟེན་གསུམ་པོ་ནི་དུས་རབས་བཅུ་གཅིག་ནས་བཅུ་གཉིས་བར་གྱི་གནའ་རྫས་ཡིན་པ་དང་། ཁོང་གིས་འདི་དག་ནི་ལྷུང་བཟེད་དབྱིབས་ཀྱི་མཆོད་རྟེན་ཡིན་པ་དང་། ལོ་རབས་དུ་མའི་རིང་ཉམས་གསོ་ངེས་ཅན་བྱས་ཡོད་ནའང་། ད་དུང་སྔར་གྱི་རྣམ་པ་དེ་སྲུང་འཛིན་བྱས་ཡོད་པའི་ངོས་འཛིན་གནང་།གསར་འགོད་པས་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་ལྟར་ན། མཆོད་རྟེན་གྱི་གདན་གྲུ་བཞི་ཡིན་པ་དང་བུམ་སྒོ་ཡོད་ཅིང། མཐོ་ཚད་ལ་སྨི་2.1དང་ཞེང་ཚད་ལ་སྨི་5.05འདུག་ལ། མཆོད་རྟེན་གྱི་ལྟོ་བའི་མཐོ་ཚད་ལ་སྨི་4.1དང་དབུའི་མཐོ་ཚད་ལ་སྨི་0.85དང་། ཞེང་ངམ་ཟབ་ཚད་ལ་སྨི་1.55འདུག །སྤྱིའི་མཐོ་ཚད་ལ་སྨི་7.05འདུག་ལ། མཆོད་རྟེན་གྱི་དབུ་རྩེ་མེད་པ་གྱུར་འདུག །ཝུའུ་ཡུས་ཁྲེང་གིས་མཆོད་རྟེན་བཞེངས་སྟངས་ཐད་བལྟས་ན། གནའ་བོའི་རྒྱ་གར་གྱི་མཆོད་རྟེན་བཞེངས་ལུགས་ལས་འཕེལ་རྒྱས་བྱུང་བ་དང་།ཕལ་ཆེར་སྤྱི་ལོ་དུས་རབས་བཅུ་གཅིག་ནས་བཅུ་གཉིས་བར་དུ་བཞེངས་ཤིང་། བོད་བརྒྱུད་ནང་བསྟན་ལས་བསྟན་པ་ཕྱི་དར་སྐབས་སུ་བྱུང་བ་རེད་ཅེས་གསུངས། འདི་ནི་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཆེས་སྔ་བའི་མཆོད་རྟེན་གྱི་གྲས་སུ་བརྩི་ཆོག་ལ། བསྟན་པ་ཕྱི་དར་སྐབས་ནང་བསྟན་འབྲོག་ཁུལ་དུ་དར་ཁྱབ་ཕྱིན་པའི་ལམ་ཐིག་ལ་ཞིབ་འཇུག་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན།ཝུན་ཡུས་ཁྲེང་གསེར་རྟ་རྫོང་ཡངས་འགོ་ཡུལ་ཚོ་དབུ་ཚབ་དགོན་དུ་རྟོག་ཞིབ་བྱེད་དུ་ཕྱིན་སྐབས། ད་དུང་དུས་རབས་བཅུ་གཉིས་ནས་བཅུ་གསུམ་པའི་ནང་བཞེངས་པའི་གནའ་བོའི་མཁར་རྫོང་དང་ཤིན་ཏུ་ཆེ་བའི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་ཀྱི་མཆོད་རྟེན་ཁ་ཤས་ཀྱང་གསར་རྙེད་བྱུང་། འདི་དག་གསར་དུ་རྙེད་པ་ལས་དུས་རབས་བཅུ་གཅིག་ནས་གཟུང་གསེར་རྟ་རྫོང་དུ་བོན་ཆོས་ལས་གཞན་པའི་སངས་རྒྱས་ཆོས་ལུགས་དར་ཁྱབ་ཕྱིན་ཡོད་པ་ར་སྤྲོད་བྱེད་ཐུབ།


ཡུལ་ཤུལ་ལེབ་པ་ལུང་པའི་ཡོན་རྒྱལ་རབས་སྐབས་ཀྱི་མཆོད་རྟེན།



2011ལོའི་ཟླ་6པའི་ཚེས་6ཉིན། རང་རྒྱལ་གྱི་མིང་དུ་གྲགས་པའི་ནང་བསྟན་གནའ་རྫས་རྟོག་ཞིབ་པ་ཝུའུ་ཡུས་ཁྲེང་ལགས་མཚོ་འཕགས་སྨི་5050ཡོད་པའི་ཁྲོ་ལ་རི་བོ་བརྒལ་ནས་སྡེ་དགེ་རུ་འབྱོར། དེ་ནས་རི་གྲོང་གི་ལམ་ཀྱོག་བརྒྱུད་ནས་སྤྱི་ལེ་300ལྷག་བསྐྱོད་རྗེས། སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་ལོ་ཆུང་གྲོང་རྡལ་འདན་ཁོགདུ་ཕེབས་ནས་རྟོག་ཞིབ་གནང་། དེ་ནས་སེལ་ཤུལ་རྫོང་དང་འདབས་འབྲེལ་གནས་པའི་མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་འབྲི་ཆུ་འགྲམ་ངོགས་སུ་ནང་ཆོས་ཀྱི་རྗེས་ཤུལ་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད།

ཝུའུ་ཡུས་ཁྲེང་ཡུལ་ཤུལ་གྱི་ལེབ་པ་ལུང་པ་རུ་འབྱོར་རྗེས། ལམ་སུམ་མདོ་དེ་རུ་རྡོ་རྩིག་ལས་གྲུབ་པའི་བཀའ་གདམས་པའི་ལུགས་ཀྱི་མཆོད་རྟེན་ཞིག་མཇལ་བ་དང་། དེ་ལ་ཉམས་ཆག་ཅུང་བྱུང་ཡོད་ནའང་། ཁོང་གིས་མཆོད་རྟེན་གྱི་མགུལ་དང་ལྟོ་བ་སྦོམ་པ་སོགས་ལ་རྟགས་ན། དེ་ནི་བསྟན་པ་ཕྱི་དར་སྐབས་ཀྱི་མཆོད་རྟེན་ཡིན་པར་མ་ཟད། ཡོན་རྒྱལ་རབས་ལས་སྔ་བ་ཐག་བཅད། དགེ་རྒན་ཆེན་མོ་ཝུའུ་ཡུས་ཁྲེང་གིས་འདི་ནི་རྒྱལ་ཡོངས་སུ་མཐོང་དཀོན་པའི་བསྟན་པ་ཕྱི་དར་སྐབས་ཀྱི་མཆོད་རྟེན་ཞིག་ཡིན་ལ། ཕལ་ཆེར་དུས་རབས་བཅུ་གཉིས་པའི་ནང་དུ་བཞེངས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་དང་སྲུང་སྐྱོབ་བྱ་དགོས་པའི་བསམ་འཆར་བཏོན། ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1