2020ལོར་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དེས་མངའ་རིས་ཀྱི་གློག་དྲ་ཡུན་རིང་ཁེར་རྐྱང་ངང་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་མཚོན་ཡོད།
མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭའི་ནང་ཞུགས་མཁན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཁབ་གློག་དྲ་བོད་ལྗོངས་གཞིས་རྩེ་གློག་འདོན་ཀུང་སིའི་གྲོང་ཁུལ་གློག་འདོན་ལྟེ་གནས་ཀྱི་གློག་གཏོང་ཞིབ་བཟོ་པན་གྱི་པན་ཀྲང་གཞོན་པ་བཅས་ཡིན་པའི་མིག་དམར་རྒོད་སྐྱེས་ཀྱིས“‘གློག་ཚད་བཀག’གི་ཐ་སྙད་དེ་ད་ཆ་བོད་མི་དམངས་ཀྱི་འཚོ་བའི་ཁྲོད་ནས་རིམ་གྱིས་མེད་པར་འགྱུར་བཞིན་ཡོད”ཅེས་མྱོང་བ་ཆེན་པོས་གསུངས།
མིག་དམར་རྒོད་སྐྱེས་ཀྱིས། ཧ་ཅང་ཞན་པའི་ཨར་སྐྲུན་གྱི་ཁོར་ཡུག་ཁྲོད་ལས་གྲྭའི་ནང་ཞུགས་མཁན་རྒྱ་ཆེའི་གློག་ཤུགས་མི་སྣས་ཟླ་བ་14ཡི་ནང་བདེ་འཇགས་དང་། སྤུས་ལེགས། ནུས་ཆེ་བཅས་ཀྱི་ཐོག་ནས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་ཡོད། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་ནི་རྒྱལ་ཁབ་གློག་དྲ་ཀུང་སིས་བསྐྲུན་པའི་ད་བར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་། གློག་སྐུད་རིང་ཤོས། འགྲན་སློང་ཆེ་ཤོས་བཅས་ཀྱི་ཆན་ཧྥུའུ་500ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིག་ཡིན། ད་ཆ་རྒྱལ་ཁབ་གློག་དྲས་སྐམ་སའི་རྫོང་ཁོངས་ཚང་མར་གློག་བཏང་ནས་ལམ་རྒྱུད་ཀྱི་རྫོང་16གི་ཞིང་འབྲོག་པ་ཁྲི་38སྣུམ་ཞུ་སྤོར་བ་ནས་གློག་སྒྲོན་སྤོར་བའི་བར་དང་། གློག་སྤྱོད་ཐུབ་པ་བྱུང་བ་ནས་གློག་བརྟན་པོ་སྤྱོད་ཐུབ་པའི་བར་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་གནང་།
མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་ནི་བོད་ཀྱི་གློག་ཤུགས་བྱ་གཞག་གི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་བསྡུས་རིས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་ཀྱི་གློག་ཤུགས་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་སོང་བའི་དུས་རབས་སུ་སླེབས་ནས་འཛམ་གླིང་ཡང་རྩེར“དམངས་འཚོའི་དྲ་བ”དང་། “བདེ་སྐྱིད་ཀྱི་དྲ་བ” “འོད་སྣང་གི་དྲ་བ”བཅས་བསྐྲུན་ཡོད་ལ“བོད་གློག་ཕྱིར་གཏོང”མངོན་འགྱུར་བྱུང་སྟེ་བོད་ཧྲིལ་པོ“གློག་དྲ་ཆེན་པོའི”དུས་རབས་སུ་སླེབས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་པ། མཐའ་བརྟན་མཐའ་སྲུང་མཐའ་དར་བཅས་ལ་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད།
མིག་དམར་རྒོད་སྐྱེས་ཀྱིས“‘གློག་ཤུགས་མཁའ་ལམ’གྱིས་བོད་ཀྱི་མང་ཚོགས་ལ་དེ་བས་མང་བའི་སྟབས་བདེ་སྐྲུན་ཆེད། ལས་དོན་སྒྲུབ་སྐབས་ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར‘གློག་གསོག་པ’དང་མཛེས་སྡུག་ལྡན་པའི་ཀྲུང་གོར་ནུས་པ་འདོན་རྒྱུར་དམིགས་ཏེ་གློག་དྲའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། དམངས་ཕྱུག་མཐའ་དར་སོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་གསུངས་པ་རེད། །