རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པ་འཇམ་དཔལ་རྡོ་རྗེའི་གནས་ཚུལ་རགས་བཀོད།
ཡུལ་མིས་གཟེངས་དར་ཕུལ་ནས་བཀའ་དྲིན་ཞུ་བ།(གཡོན་གྱི་གསུམ་པ་ནི་འཇམ་དཔལ་རྡོ་རྗེ་རེད།)
ཉེ་ཆར། ཁྲིམས་འཛིན་པུའུ་ཡིས་རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པ་ཁག་ཅིག་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་དཔར་འགྲེམས་བྱས་ཤིང་། རང་ཁུལ་གྱི་རྟའུ་རྫོང་ཆུ་དམར་ཡུལ་ཤོག་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འདུམ་འགྲིག་པ་འཇམ་དཔལ་རྡོ་རྗེ་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པའི་མཚན་སྙན་ཐོབ་པ་རེད།
འདུམ་འགྲིག་པ་གྲགས་ཅན་གྱི་མཚན་སྙན་དེ་ནི་འཇམ་དཔལ་རྡོ་རྗེས་ལོ་མང་རིང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མི་དམངས་ཀྱི་སེམས་ཁྲལ་དང་སྡུག་བསྔལ་སེལ་བའི་བརྒྱུད་རིམ་ཁྲོད་ཀྱི་བྱ་དགའ་ཆེ་ཤོས་དེ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཙོ་གནད་ལས་དོན་དང་། རྫོང་ཡོངས་ཀྱི་བཅོས་བསྒྱུར་དང་། འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ། འགལ་ཟླའམ་རྩོད་གཞི་ཚགས་བཤེར་དང་བར་འདུམ་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་བ་རེད། ལྷག་པར་དུ་ཏོག་གསར་གློ་རིམས་ཀྱི་རིམས་བབ་བྱུང་བ་ནས་བཟུང་། ཁོང་འཐབ་ཕྱོགས་དང་པོར་བསྐྱོད་དེ་ལྷག་བསམ་རྣམ་དག་ངང་འགན་འཁྲི་བསྒྲུབས་ནས་རིམས་བབ་འགོག་ཟོན་དང་རིམས་བབ་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་འདུམ་བའི་ཁྲོད་དུ་ཧུར་ཐག་ཞུགས་པས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་རེད།
བརྩོན་གུས་ཆེན་པོས་གཞི་རིམ་གྱི་བར་འདུམ་ལས་དོན་ཕྲག་ཏུ་བཞེས།
2010ལོར་འཇམ་དཔལ་རྡོ་རྗེས་གཞི་རིམ་དུ་གཞི་ཚུགས་ནས་མི་དམངས་འདུམ་འགྲིག་པའི་ལས་དོན་བསྒྲུབས་པ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས་བཀའ་བཟང་སེམས་སུ་སྨིན་བའི་ལས་ཀའི་བྱ་ཐབས་སྤྱད་ཅིང་། དྲང་སྙོམས་དང་དྲང་བདེན་གྱི་རལ་གྲི་འཕྱར་ཏེ་རྩོད་གཞི་རེ་རེ་བཞིན་འདུམ་འགྲིག་ཐག་གཅོད་གང་ལེགས་བྱས་པར་བརྟེན། ས་ཕྱོགས་གཅིག་གི་བདེ་འཇགས་ལྟ་སྐྱོང་དང་བརྟན་བརླིང་སྲུང་སྐྱོང་བྱེད་མཁན་གྱི་གཙོ་རྐང་དུ་གྱུར།
འདུམ་འགྲིག་པའི་འགན་ཁུར་བ་ནས་བཟུང་། འཇམ་དཔལ་རྡོ་རྗེར་མངའ་ཁོངས་ཀྱི་ཞིང་འབྲོག་མང་ཚོགས་མང་བ་དང་། ཉམས་ཞན་ཚོགས་སྤྱི་མང་བ། དམངས་ཁྲོད་རྩོད་གཞི་དང་འགལ་བ་མང་བ་བཅས་ཀྱི་གནས་ཚུལ་འཕྲད། ཁོང་གིས་དཀའ་ངལ་གདོང་དུ་བླངས་ནས་གྲོང་སྡེ་ཨུ་ལྷན་དང་མང་ཚོགས་ལ་བཅར་འདྲི་བྱེད་སར་བསྐྱོད་དེ། མངའ་ཁོངས་ཀྱི་གཞི་རྩའི་གནས་ཚུལ་མྱུར་དུ་གསལ་པོར་རྟོགས་པར་བྱས་རྗེས་ལས་ཀའི་བསམ་ཕྱོགས་ཁ་གསལ་བཟོས་པ་སྟེ། རྩོད་གཞི་ཚབས་ཆེན་མྱུར་ཞུའི་ལམ་ལུགས་དང་སྤྱི་ཚོགས་ཀྱི་གནས་ཚུལ་དབྱེ་ཞིབ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཤིང་། གནད་དོན་སྔ་ཙམ་རྒྱུས་ལོན་དང་། གནད་དོན་ཆུང་བའི་དུས་དང་། གནད་དོན་འབུས་མགོ་ཚུགས་པ་བཅས་ནས་དམ་འཛིན་བྱས་ཏེ་འབྱུང་རྩ་ནས་འགལ་ཟླ་དང་རྩོད་གཞི་ཉུང་དུ་གཏོང་གང་ཐུབ་བྱས་པ་རེད། འཇམ་དཔལ་རྡོ་རྗེར་ཁ་པར་རྒྱག་དུས“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཁྲིམས་སྐྱོང་ལ་དང་དོད་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ”བཅས་ལས་ཀའི་དམིགས་ཡུལ་དུ་བྱེད་པའི་ཁ་པར་གྱི་ཚོན་དྲིལ་ཞིག་ཐོས་ཡོང་བ་དེ་ནི་ཁོང་གི“མིང་བྱང”དང་སེམས་ཁོང་གི་བརྟན་སྲུང་བྱ་ཡུལ་མངོན་པར་མཚོན་ཡོད།
ཆུ་དམར་ཡུལ་ཤོག་ཏུ་འཇམ་དཔལ་རྡོ་རྗེའི་སྐོར་གླེང་མ་ཐག་མང་ཚོགས་ཀྱིས་མཐེ་བོང་བསྒྲེངས་ནས་ཁོང་ནི་འདུམ་འགྲིག་ཆེད་རམས་པ་ཞིག་རེད་ཅེས་བརྗོད་པ་རེད། ཐག་གཅོད་བྱེད་དཀའ་བའི་འགལ་བ་དང་རྩོད་གཞི་ཅི་འདྲ་ཞིག་ཡིན་རུང་། ཁོང་གིས་དབྱེ་གཅོད་ཙོང་ལྤགས་བཤུས་བཤུས་བྱས་ནས་གྱོད་དོན་དེ་དག་དྲང་བདེན་གྱིས་ཐག་གཅོད་གང་ལེགས་བྱས་ཤིང་། ཁོང་གི་གཞུང་དོན་ཅོག་ཙེའི་ཐོག་ཟིན་བྲིས་ཤིག་བཞག་ཡོད་པ་དེར་ཉིན་ལྟར་མང་ཚོགས་གང་དག་ལ་སྣེ་ལེན་བྱས་ཡོད་པ་དང་། རྩོད་གཞི་ཅི་འདྲ་ཞིག་འདུམ་འགྲིག་བྱས་ཡོད་པ། གྲོང་སྡེ་གང་ཞིག་ཏུ་ཁྲིམས་ལུགས་ཁྱབ་གདལ་བཏང་བ་སོགས་ཀྱི་གནས་ཚུལ་ཚང་མ་ཐོ་འགོད་བྱས་ཡོད་པ་རེད།
འཇམ་དཔལ་རྡོ་རྗེ་མི་དམངས་འདུམ་འགྲིག་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ནང་ཞུགས་ནས་ལོ11སོང་བ་དང་།“རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པ”དང“རྟའུ་རྫོང་གི་ཁྲིམས་ལྟར་འདུམ་འགྲིག་པ་དྲང་གཞག་ཕུལ་དུ་བྱུང་བ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
ཤིང་སྡོང་རྐང་གཅིག་དང་། ས་ཞིང་དུམ་བུ་གཅིག གླ་ཕོགས་སྒོར་བརྒྱ་སོགས་ཡན་གྱི་དོན་དག་ཆུང་ཕྲ་དང་།མི་སྲོག་ལ་ཐུག་པའི་དོན་དག་ཆེན་པོ་བཅས་རྩོད་གཞིའི་གྱོད་དོན་ཅི་འདྲ་ཞིག་ཡིན་རུང་། མང་ཚོགས་ཀྱིས་ཁོང་འཚོལ་བར་ཡོང་བའི་ཚེ་འཇམ་དཔལ་རྡོ་རྗེས་བློ་ནུས་གང་ཡོད་བཏོན་ནས་འདུམ་འགྲིག་བྱས་པ་རེད། ཁོང་གིས་དུས་རྒྱུན་དུ་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱ་རྒྱུ་དེ་ང་ཚོའི་ངོས་ནས་བཤད་ན་རང་འཁྲིའི་ལས་ཀ་ཞིག་ཡིན་མོད། འོན་ཀྱང་མང་ཚོགས་ཀྱི་ངོས་ནས་བཤད་ན་སེམས་ཀྱི་འཛེར་བ་ལྟ་བུ་ཞིག་ཡིན་པ་རེད། ང་ཚོས་རྩོད་གཞི་འདུམ་འགྲིག་བྱེད་ཐེངས་རེར་དམངས་སེམས་ཐེངས་རེ་བཀུག་ཐུབ་པ་དང་། འགལ་བ་ལན་རེར་བསལ་ཐུབ་ཚེ་དམངས་ཀྱི་ཡིད་ཆེས་ཐེངས་གཅིག་ཐོབ་པ་རེད་ཅེས་བཤད། ཉེ་བའི་ལོ་ཤས་རིང་། འཇམ་དཔལ་རྡོ་རྗེས་འགལ་བ་དང་རྩོད་གཞི་སྣ་ཚོགས1000ལྷག་ཙམ་བདེ་བླག་ངང་འདུམ་འགྲིག་བྱས་པ་རེད།
ཁྲིམས་བརྟེན་མི་སྐྱོང་བྱས་ཏེ་བར་འདུམ་གྱི་སེམས་འབྲེལ་ཟམ་པ་བཙུགས།
འདུམ་འགྲིག་ལས་དོན་སྒྲུབ་ཡུལ་ནི་གཞི་རིམ་གྱི་མི་སེར་ཡིན་པས། མི་སེར་གྱིས་གནད་དོན་ཞུ་འབུལ་བྱེད་པའི་ཚེ་ཁྱེད་ཀྱིས་ཐག་གཅོད་རོགས་རམ་བྱ་དགོས་པར་མ་ཟད། ད་དུང་ཐག་གཅོད་ཡག་པོ་བྱ་དགོས། དེར་བརྟེན་ང་ཚོས་མང་ཚོགས་བར་གྱི་ཐུན་མོང་གི་བསམ་ཚུལ་འཚོལ་ཞིབ་བྱ་དགོས། འདུམ་འགྲིག་ལས་དོན་དེ་ནི་གོང་གི་སྲིད་གཞུང་ལ་དཀའ་ངལ་སེལ་རོགས་བྱེད་པ་དང་། འོག་གི་མི་སེར་ལ་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་ཞིག་ཡིན་ཞིང་། ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་ཆབས་ཅིག མང་ཚོགས་ལ་བཅའ་ཁྲིམས་ཁྱབ་གདལ་ཧུར་ཐག་བཏང་ཐུབ་པས་ཞུ་གཏུག་གི་གནོན་ཤུགས་སྐྱུང་ཐུབ་ལ། སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ཕན་འབྲས་ཆེན་པོ་ཡོད་ཅེས་འཇམ་དཔལ་རྡོ་རྗེས་དེ་ལྟར་བཤད།
མི་དམངས་འདུམ་འགྲིག་པ་ཞིག་ཡིན་པའི་ཆ་ནས་གཙོ་ཆེ་བ་ནི་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་ཁོང་ཁྲོ་ཞི་བ་དང་མི་སེམས་གསོ་བའི་ལས་ཀ་ཡག་པོ་བསྒྲུབ་དགོས་པ་རེད། ཅེས་འཇམ་དཔལ་རྡོ་རྗེས་དེ་ལྟར་བཤད་པ་ལྟར་ལག་ལེན་བསྟར་བཞིན་ཡོད། 2020ལོའི་ཟླ་བ4པར་དགེ་བཤེས་ཡུལ་ཤོག་གཡོ་ཀྱེ་གྲོང་སྡེའི་ཡུལ་མི་ཡ་ཆེ་གེ་མོ་དང་མ་ཟུར་ཡུལ་ཤོག་ཤང་ཉག་གྲོང་སྡེའི་ཡུལ་མི་བསྟན་ཆེ་གེ་མོ་གཉིས་ཀྱི་བར་ལ་ཁང་སའི་ས་མཚམས་ཀྱི་གནད་དོན་ཐད་འགལ་བ་བྱུང་ནས་ཕྱོགས་གཉིས་པོས་རང་ཉིད་ཀྱི་འདོད་པ་ལྟར་ཕན་ཚུན་རྩོད་རེས་བྱས་ནས་འཁྲུག་འཛིང་ངན་པ་ཞིག་ལང་རན་པའི་སྐབས་སུ། འཇམ་དཔལ་རྡོ་རྗེ་ཁྱིམ་ཚང་གཉིས་ཀྱི་བར་དུ་ཐེངས་མང་བསྐྱོད་དེ། འབྲེལ་མཐུན་གྱི་ཟམ་པ་བཙུགས་ཤིང་གཟུ་པའི་ནུས་པ་དངོས་སུ་བཏོན་ནས་ཁྱིམ་གཉིས་བར་གྱི་འགལ་བ་དང་རྩོད་གཞི་བདེ་བླག་ངང་འདུམ་འགྲིག་བྱས་པ་རེད། གཡུ་ངེས་ཡུལ་ཤོག་དང་པོའི་ཡུལ་མི་ཐུབ་ཆེ་གེ་མོ་དང་ཆུ་དམར་ཡུལ་ཤོག་གསུམ་པའི་ཡུལ་མི་དཔལ་ཆེ་གེ་མོ་བར་གྱི་གཉེན་སྒྲིག་རྩོད་གཞི་དང་། ཁང་གསར་ཡུལ་ཤོག་བྲག་ཐོག་གྲོང་སྡེའི་ཡུལ་མི་དཔལ་ཆེ་གེ་མོ་དང་མ་ཟུར་ཡུལ་ཤོག་ཁུག་ཆགས་གྲོང་སྡེའི་ཡུལ་མི་བསོད་ཆེ་གེ་མོ་བར་གྱི་ཁང་པའི་རྩོད་གཞི་སོགས་འདུམ་འགྲིག་ཐག་གཅོད་བྱས་པ་ཧ་ཅང་མང་ངོ་།།
རྒྱུན་ལྡན་གྱི་དོན་དག་ཆུང་ངུ་དང་རྩྭ་སའི་རྩོད་གཞི་ཡིན་ནའང་འདྲ། ཡང་ན་གཉེན་སྒྲིག་བར་གྱི་འཛིང་གཏུག་དང་འགལ་ཟླ་བྱུང་བ་ཡིན་ནའང་འདྲ། རྫོང་ཁྲིམས་འཛིན་ཅུས་དང་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ལས་འགན་འབྱོར་རྗེས། འཇམ་དཔལ་རྡོ་རྗེས་མྱུར་དུ་ལས་རོགས་ཚོ་དང་མཉམ་དུ་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་དེ། འགལ་ཟླ་དང་རྩོད་གཞིའི་སྔོན་རྒྱུ་རྗེས་འབྲས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། ཁྱོན་ཡོངས་དང་ཞིབ་ཚགས་ཀྱི་སྒོ་ནས་བརྟག་དཔྱད་དང་དབྱེ་ཞིབ་བྱས་རྗེས། དཀའ་ངལ་དང་ཉེན་ཁར་མི་འཛེམ་པ་དང་ངལ་བ་དང་འཁང་ར་བཟོད་ཅིང་དོན་དངོས་ལ་གཞིགས་ཏེ། བཅའ་ཁྲིམས་ཚད་དུ་བཞག་ཅིང་དྲང་སྙོམས་དྲང་གཞག་ལ་གཞི་ཚུགས་པ་དང་། ཕྱོགས་རིགས་མེད་པའི་སྒོ་ནས་འགལ་བ་དང་རྩོད་གཞི་རེ་རེ་བཞིན་ཐག་གཅོད་བྱས་པ་རེད།
སེམས་ཤུགས་དམངས་དོན་ལ་ཕུལ་ཏེ་མང་ཚོགས་ཀྱི་སེམས་གསོ་བར་གྱུར།
འདུམ་འགྲིག་གི་ལས་ཀ་སྒྲུབ་སྐབས་སྤྲོ་སེམས་ཁོ་ན་ཡོད་པ་ཙམ་གྱིས་མི་འགྲིག་པར་ད་དུང་ངེས་པར་དུ་མི་དམངས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་། བཅའ་ཁྲིམས་ཀྱི་རྒྱུན་ཤེས་སློབ་སྦྱོང་། འདུམ་འགྲིག་བྱེད་ཐབས་ཁོང་དུ་ཆུད་པ་བཅས་བྱ་དགོས། འདུམ་འགྲིག་པའི་ལས་ཀར་ཐོག་མར་ཞུགས་སྐབས། འཇམ་དཔལ་རྡོ་རྗེ་ལ་འདུམ་འགྲིག་ལས་ཀའི་ཉམས་མྱོང་དཀོན་པའི་ཕྱིར་ཁོང་གིས་ཕྱིར་བཤོལ་གཏན་ནས་མི་བྱེད་པར་ངལ་གསོའི་དུས་ཚོད་སྤྱད་དེ་ངལ་རྩོལ་འགན་སྲུང་དང་། གཉེན་སྒྲིག་ཁྱིམ་ཚང་། གནོད་འཚེའི་སྐྱིན་ཚབ་སོགས་གཞི་རིམ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་དང་དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ་སྣ་ཚོགས་སློབ་སྦྱོང་བྱེད་མགོ་ཚུགས་ཏེ། རྒྱུན་ལྡན་གྱི་ལས་ཀའི་ཁྲོད་ལས་སྒོའི་རྐང་འཛིན་པ་དང་ཁྲིམས་རྩོད་པར་གྱོད་དོན་དང་ལས་སྒོའི་ནུས་པ་ཁེངས་སྐྱུང་ངང་སློབ་སྦྱོང་བྱས་པ་རེད། སྤྱི་ཚོགས་ཀྱི་གནས་བབ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཡུལ་སྡེའི་འགལ་བ་དང་རྩོད་གཞི་ལ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་བྱུང་བ་རེད།
ལས་ཀའི་ཉམས་མྱོང་ཡོད་པ་དང་བསྟུན་ནས་འཇམ་དཔལ་རྡོ་རྗེ་ལ་འགལ་ཟླ་དང་རྩོད་གཞི་མང་པོ་འབྱུང་རྒྱུ་ནི་ཡུལ་མིས་བཅའ་ཁྲིམས་མི་ཤེས་པ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ་ལས་བྱུང་བ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅིང་། དེར་བརྟེན་ཁོང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩོན་ཞིབ་བྱས་ནས་བོད་ཡིག་པར་གཞི་སྣ་ཚོགས་ཀྱི་བཅའ་ཁྲིམས་དཔེ་དེབ་འཚོལ་བསྡུ་བྱས་ཤིང་། འཆར་གཞི་དང་དམིགས་ས་ཡོད་པའི་སྒོ་ནས་གྱོད་གཞི་དང་ཟུང་འབྲེལ་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད། དུས་ཆེན་གལ་ཆེན་དང་ཚོར་སྣང་སྐྱེན་པའི་དུས་སྐབས་སུ། ཁོང་གིས་གཅིག་སྡུད་ཐོག་ཚགས་བཤེར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། གཙོ་གནད་ལས་ཁུངས་དང་གཙོ་གནད་བྱ་ཡུལ་དང་བསྟུན་ནས་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་པ་དང་། འབད་པས་གནད་དོན་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ཐག་གཅོད་བྱེད་པ་བཅས་བྱས་པ་རེད།
མི་དམངས་འདུམ་འགྲིག་གི་བྱ་བ་བསྒྲུབས་པ་ནས་བཟུང་། ལས་སྒྲུབ་དང་ལས་ཞོར་གྱི་དུས་ཚོད་གང་ཡིན་རུང་། རྩོད་གཞི་བྱུང་ཚེ་འཇམ་དཔལ་རྡོ་རྗེ་ཐོག་མར་ལས་ཡུལ་དངོས་སུ་བསྐྱོད་དེ། རོགས་རམ་བྱ་དགོས་ན་ཁོས་ཁ་གཡར་གཏན་ནས་བྱེད་ལེ་མ་རེད། འཇམ་དཔལ་རྡོ་རྗེས་སྤྱི་ཚོགས་བརྟན་བརླིང་གི་ལས་ཡུལ་དང་པོ་གཏན་སྲུང་བྱེད་མཁན་ཡག་པོ་ཞིག་བྱ་དགོས་ན། ངེས་པར་དུ་དམངས་ཁྲོད་རྩོད་གཞི་ལ་སྣང་ཆུང་བྱ་རྒྱུ་མེད་པའི་རྩ་དོན་དུས་རྟག་པར་སེམས་ལ་བརྟན་པོ་བཅང་དགོས། མི་དམངས་འདུམ་འགྲིག་ལས་དོན་ལ་བརྩི་མཐོང་ཆེ་བ་དང་མི་དམངས་ཀྱི་དཀའ་གནད་བསལ་རྒྱུའི་ཐོག་སེམས་ཤུགས་སྒྲིམ་པ། འདུམ་འགྲིག་ཐག་གཅོད་བྱེད་སྟངས་ཐད་ངང་རྒྱུད་རིང་བ། ལས་དོན་སྒྲུབ་དུས་ཞིབ་ཚགས་ཆེ་བ་བཅས་བྱས་ནས་དོན་དག་རེ་རེ་བཞིན་ཐག་གཅོད་ཕྱོགས་ལྷུང་མེད་པ་བྱས་ཤིང་། ཟོལ་མེད་དྲང་བདེན་གྱིས་ཡིད་ཆེས་ཐོབ་ཐབས་བྱེད་པ་དང་། དམངས་ཀྱི་དོན་དུ་ཁྲིམས་འཛིན་བ། རྒྱུན་འཁྱོངས་ལྷོད་མེད་བཅས་བྱེད་ཚེ་སེལ་མི་ཐུབ་པའི་འགལ་ཟླ་མེད་ལ་སེལ་མི་ཐུབ་པའི་རྩོད་གཞི་ཡང་མེད་པ་རེད། ཏང་དང་མི་དམངས་ཀྱིས་ང་རང་ལས་གནས་འདིར་ཉིན་གཅིག་སྡོད་དུ་བཅུག་ཚེ་ངས་རང་འགན་གཙང་སྒྲུབ་ཀྱིས་ལས་ཀ་ཉིན་གཅིག་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་དོ།།